logo

བོད་ཀྱི་ཁོར་ཡུག་སྲུང་སྐྱོབ་བྱེད་སྟངས་ནི་རྨོངས་དད་མིན།

རྩོམ་པ་པོ།:སྤྲེལ་རྫོང་འཇམ་དཔལ་མཁྱེན་རབ། ཡོང་ཁུངས།:གླིང་སྲས་བོད་ཡིག་དྲྭ་ཚུགས། དུས་ཚོད།:2014-01-09 ཀློག་གྲངས།:

  དེང་སྐབས་ཁོར་ཡུག་དང་གནམ་གཤིས་ཐོག་ལ་འཛམ་གླིང་ཁྱོན་ཡོངས་ནས་སེམས་འཁུར་བྱེད་བཞིན་ཡོད་ལ། ལྷག་པར་ཁ་སང་དེ་རིང་འཁྱག་རོམ་ཉེན་ཁའི་སྐོར་ལ་རྒྱལ་སྤྱིའི་ཐོག་དོ་སྣང་མ་གནང་རང་གནང་དུ་གྱུར་ཡོད། ལོ་ཤས་སྔོན་ནས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་ཚོགས་ཆེན་གང་མང་ཚོགས་ཡོད་ལ། ལོ་ངོ་ལྔའི་སྔོན་དུ་ཁེ་པན་ཧ་གན་དུ་འཁྱག་རོམ་ཞུ་ཚད་དང་དེའི་འབྱུང་རྐྱེན། མ་འོངས་སྔོན་འགོག་བྱེད་ཐབས་སྐོར་ལ་རྒྱལ་སྤྱིའི་རང་བཞིན་ལྡན་པའི་ཚོགས་ཆེན་ཞིག་ཚོགས་པ་རེད། ཡིན་ནའང་རྒྱལ་ཁབ་སོ་སོའི་འདོད་དབང་གིས་ངེས་དོན་གྱི་ཁོར་ཡུག་ཉམས་ཆགས་ཀྱི་འབྱུང་རྩའམ་རྒྱུ་རྐྱེན་སྔོག་འདོན་དཔྱིས་ཕྱིན་ཞིག་བྱེད་ཐུབ་མེད་ལ། སྔོན་འགོག་གི་ལག་ལེན་ནི་དེ་བས་ཀྱང་བྱེད་ཐུབ་མེད།
  ཚོགས་འདུ་འདི་ཚོགས་བཞིན་པའི་སྐབས་ཕྲན་གྱིས་རང་ཉིད་ལོ་ན་ཆུང་བའི་སྐབས་ཀྱི་ཕ་མའི་བསླབ་བྱ་ཁག་དང་སྲོལ་རྒྱུན་ཆོས་ལུགས་ཀྱི་བྱེད་སྒོ་འགའ་དྲན་སོང། དེ་དུས་གུས་པའི་བསླབ་བྱ་དང་ཆོས་ལུགས་ཀྱི་བྱེད་སྒོ་དེའི་ནང་དོན་གསལ་བོར་ཤེས་མེད་ཀྱང་ཕྱིས་སུ་བསམ་ཞིབ་བྱས་དུས་དེ་དག་ནི་རྨོངས་དད་ཙམ་མ་ཡིན་པར་དོན་དངོས་ཁོར་ཡུག་སྲུང་སྐྱོབ་ལ་འབྲེལ་བ་དམ་ཟབ་ཡོད་པ་ཞིག་རེད་འདུག  དེ་ཡང་ང་ལ་ཕ་མ་ཚོས་རྒྱུན་དུ་བཤད་མྱོང་བ་ཞིག་ལ། གང་བྱུང་དུ་ས་རྐོ་རྡོ་སློག་མ་བྱེད། དོན་མེད་རྩི་ཤིང་གཅོད་འབྲེག་མ་བྱེད། ཆུ་དང་མཚོའུའི་ནང་དུ་གཅིན་སྐྱག་གཏོང་མི་རུང་། ས་བདག་གནས་བདག་ཁྲོས་ནས་ཚུར་གནོད་ཡོང་གི་རེད་ཅེས་ཞེ་སྣང་སློང་གི་ཡོད། དེ་དུས་ངའི་བསམ་ངོར་ས་བདག་གནས་བདག་ཟེར་བ་དེ་ཚོ་གང་ཟག་འཇིགས་སུ་རུང་བ་ཡ་ང་སྙིང་རྗེ་མེད་པ་ཞིག་གི་སྣང་བརྙན་གསོན་པོ་ཞིག་བསྐྲུན་འདུག ས་རྐོ་རྡོ་སློག་སོགས་བྱས་ན་ཁོང་ཚོ་ཁྲོས་ནས་རང་ཉིད་ལ་ན་ཚ་གཏོང་བ་དང་ཡང་ན་སྲོག་ཀྱང་འཕྲོག་སྲིད་པའི་ཚོར་སྣང་སྐྱེས་མྱོང་ལ། དེའི་རྐྱེན་པས་བསླབ་བྱ་དེ་དག་ལ་ཡིད་གཟབ་གང་ཐུབ་བྱས་པ་ཡིན།
  བསླབ་བྱ་དེ་དག་ནི་ངའི་ཕ་མ་གཅིག་བུས་བཤད་པ་ཞིག་མ་ཡིན་པར་རྒན་པ་ཚང་མའི་ངག་རྒྱུན་ཞིག་ཡིན་ལ། ཕལ་ཆེར་བོད་རིགས་ཡོངས་ཀྱིས་གོ་མྱོང་བའི་བསླབ་བྱ་ཞིག་ཡིན་པའི་ཁར། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་ཁྲིམས་ལྟ་བུ་ཞིག་ཀྱང་ཡིན་འདུག ཕྱིས་སུ་ཆོས་ལུགས་ཀྱི་ཆོ་ག་ཞིག་གི་ནང་ས་གཉན་རྐོ་མི་རུང་བ་དང་། ཆུ་གཉན་དཀྲུག་མི་རུང་བ། ཤིང་གཉན་གཅོད་མི་རུང་ཞེས་སོགས་འཁོད་པ་ཞིག་མཐོང་དུས་ཕ་མའི་བསླབ་བྱ་དེ་དག་ལ་སྔར་ལས་ཡིད་ཆེས་ཀྱི་འདུ་ཤེས་ཇེ་ཟབ་ཏུ་གྱུར་བར་མ་ཟད། ཕ་མའི་རྒྱུན་ཏུ་བཤད་མྱོང་བའི་བསླབ་བྱ་དེ་དག་གི་འབྱུང་ཁུངས་ཡང་ཆོ་ག་དེ་ལ་གཏུག་འདུག་སྙམ་པའི་ཤེས་རྟོགས་གསལ་བོ་བྱུང་། ད་དུང་ཆོས་ལུགས་ཀྱི་ཆོ་ག་ཞིག་གི་ནང་ས་རྐོ་རྡོ་སློག་དང་།ཤིང་ནགས་གཅོད་འབྲེག་བྱས་ན་ས་བཅུད་ཉམས་པ་དང་ཆར་ཆུ་དུས་ལྟར་མི་འབབ་པ། ལོ་ཕྱུགས་རྟག་ཏུ་མི་འཕེལ་ཞེས་སོགས་གནོད་སྐྱོན་གང་ཡོད་རྩལ་འདོན་གྱིས་འཁོད་པ་མཐོང་མྱོང་ལ། སློབ་དཔོན་པདྨ་འབྱུང་གནས་ཀྱི་བདུད་རྩི་བུམ་པ་དང་། གསོ་རིག་དཔལ་ལྡན་རྒྱུད་ཀྱི་མན་ངག་རྒྱུད་སོགས་སུ་རིམས་ནད་དང་གཉན་རིམས་ཟེར་བའི་ནད་གཞི་ཚབ་ཆེན་དེ་དག་གི་འབྱུང་ཁུངས་ཀྱང་འདོད་སྲེད་དབང་གིས་ཁོར་ཡུག་ལ་ཕོག་ཐུག་བཏང་བའི་རྐྱེན་གྱིས་ཡིན་པར་གསུངས་ཡོད་པ་མཇལ་དུས་དེང་གི་རིག་གསར་གྱི་བཤད་ཚུལ་དང་རྒྱང་མི་རིང་པའི་ཤེས་རྟོགས་ཟབ་མོ་སྐྱེས་སོང་།
  དེ་ཡང་བདུད་རྩི་བུམ་པ་ལས། རྒྱུ་རྐྱེན་དང་མཇུག་འབྲས། སྔ་ལྟས་གསུམ་གྱི་སྒོ་ནས་གསུངས་ཡོད། དང་པོ་རྒྱུ་རྐྱེན་ཐད་གསུངས་དོན། ཨེ་མ་ཇོ་མོ་མཁར་ཆེན་བཟའ༔ སྙིགས་མའི་དུས་ཀྱི་སེམས་ཅན་རྣམས༔ ལོག་པའི་འཁྲུལ་འཁོར་སྣ་ཚོགས་སྤྱོད༔ སྔགས་པ་རྩ་བའི་དམ་ཚིག་ཉམས༔ བཙུན་པ་རྩ་བའི་འདུལ་ཁྲིམས་ཉམས༔ སྐྱེ་བོ་ངོ་ཚ་ཁྲེལ་ལས་བུད༔ དགེ་བཤེས་འཁྲུགས་པའི་ཡོ་ལོང་བྱེད༔ སྟོན་པའི་དམ་ཆོས་ཟོང་དུ་ཚོང༔ རྣལ་འབྱོར་ཐོ་བཅོས་ཉ་མ་སླུ༔ སྒོམ་ཆེན་རྫུན་གྱིས་བུ་སྨད་གསོ༔ བླ་མ་དཀོན་མཆོག་རྒྱབ་ཏུ་སྐྱུར༔ བདུད་དང་མུ་སྟེགས་དང་དུ་ལེན༔ འཇིག་རྟེན་ལྷ་འདྲེ་སྲོག་གིས་མཆོད༔ ལོག་པའི་སྤྱོད་ངན་སྣ་ཚོགས་ཀྱི༔ རང་གི་སྤྱོད་པས་རང་ཉིད་ཕུང་༔ ཞེས་སོ།།གཉིས་པ་མཇུག་འབྲས་ཐད་གསུངས་དོན། ཡ་བདུད་རྒྱལ་པོ་གཟའ་མཆོག་ཁྲོས༔ མ་བདུད་གཏིང་ཁམས་མ་མོ་གཡོས༔ ཧལ་ཁྱི་ལ་སོགས་སྡེ་བརྒྱད་འཁྲུགས༔ གདུག་པ་ཅན་གྱི་ཁ་རླང་འཕྲོས༔ ནད་ཀྱི་ཁ་རླང་སྤྲིན་དུ་ཆགས༔ ནད་མཚོན་མུ་གེ་ཆར་ལྟར་བབས༔ མཛེ་དང་རྨུ་ཆུ་གཉན་ནད་དེ༔ རུས་ནད་ནག་པོ་མཛེ་ཡིས་འཛིན༔ ཁྲག་ནད་རྨུ་ཆུ་རྫིང་དུ་འཁྱིལ༔ ཤ་ནད་དོན་སྙིང་གཉན་གྱིས་རྨུག༔ གསུམ་པ་སྔ་ལྟས་ཐད་གསུངས་དོན། གོས་ངན་ཁྱི་ཐུལ་གོན་པ་ཡོང་༔ ཞྭ་ངན་རྩིད་ཞུ་གྱོན་པ་འོང་༔ ཕུ་དུང་ཁ་མཐུད་དམར་པོ་འདོག༔ ལྟ་བར་མཐོན་པོར་ཁས་བླང་ནས༔ ཕཊ་ཀྱི་དེ་ཉིད་མི་ཤེས་པར༔ ཁ་ནས་ཕཊ་ཅེས་ཟེར་བ་འོང་༔ ཆོས་མེད་ལོག་ཆོས་སྤྱོད་པ་འོང་༔ དེ་འདྲའི་དུས་རྣམས་འབྱུང་དུས་སུ༔ ནག་པོ་རྒྱུགས་འགྱེལ་དར་བར་འགྱུར༔ཞེས་དུས་ངན་སྙིགས་མའི་འགྲོ་བའི་སྤྱོད་ངན་སྣ་ཚོགས་གྱིས་སྲུང་མ་ལྷ་ཀླུ་སྡེ་བརྒྱད་རྣམས་འཁྲུགས་པ་དང༌། བག་མེད་འདོད་རྔམས་ཀྱིས་སྤྱོད་པས་ལྷ་ཀླུ་ཀུན་ལ་ཕོག་ཐུགས་བཏང་པས་རང་ཉིད་གནས་སའི་འཁོར་ཡུག་གི་རྩི་ཤིང་ནགས་ཚལ། མཚོ་དང་མཚོའུ། རི་སྐྱེས་སྲོག་ཆགས་ཀུན་ལ་དབང་སྒྱུར་བྱས་པའི་རྐྱེན་གྱིས་མ་མོའི་དལ་ཡམ་གཡོས་ཏེ་ནད་ཀྱི་ཁ་རླང་ངམ་ནད་འབུ་ཕྲ་མོ་གནམ་ས་བར་སྣང་ལ་སྤྲིན་ལྟར་ཁྱབ་པའི་རྒྱུ་རྐྱེན་ཚོགས་ཏེ། སྐྱེ་བོ་རྣམས་ཀྱི་འཇུག་སྒོ་དྲུག་སྟེ། པགས་ལ་གྲམ་པ། ཤ་ལ་རྒྱས་པ། རྩ་རུ་རྒྱུ་བ། རུས་ལ་ཞེན་པ། དོན་ལ་འབབ་པ། སྣོད་དུ་ལྷུང་བ་བཅས་བབས་ས་དང་གནས་མི་འདྲ་བའི་དབང་གིས་གཉན་རིམས་བཅོ་བརྒྱད་དེ་གཉན་ནད་སྣ་ཚོགས་ཤིག་འབྱུང་བར་གསུངས་ཡོད། དེ་བཞིན་གསོ་རིག་མན་ངག་རྒྱུད་ལས་ཀྱང་། ལྔ་བརྒྱ་ཐ་མར་གྱུར་ཙ་ན།།མི་རྣམས་འདོད་པའི་དབང་གིས་ལོག་པར་སྤྱོད།།སྔགས་པ་རྣམས་ནི་རྡོ་རྗེ་ནང་དམེ་དར།།དགེ་འདུན་བཙུན་པ་རྣམས་ནི་སྡེ་འཁྲུགས་བྱེད།།མི་སྟེགས་བན་བོན་རྣམས་ནི་ཟོར་ཁ་འཕེན།།སྐྱེ་བོ་རྣམས་ནི་མནའ་འཐབ་ཤན་དམར་བྱེད།།དེ་དུས་མ་མོ་མཁའ་འགྲོ་ཀུན་འཁྲུགས་ཏེ།།ནད་ཀྱི་ཁ་རླངས་སྤྲིན་དུ་ཆགས་པ་ལས།།བལ་ནད་རྒྱུ་གཟེར་གག་ལྷོག་འབྲུམ་ནག་འབྱུང།།ཞེས ་གསུངས་པ་བཞིན་དེང་གི་ཚན་རིག་གིས་ཀྱང་ཁོར་ཡུག་ལ་ཕོག་ཐུག་བཏང་པའི་རྐྱེན་གྱིས་ནད་ཡམས་འདྲ་མིན་སྣ་ཚོགས་ཡོང་གི་ཡོད་པར་ངོས་འཛིན་བཞིན་ཡོད།
  གནད་དོན་དེ་ཚོ་བོད་མིའི་རིག་གཞུང་དང་སྤྱི་ཚོགས་ཁྲོད་སྔ་མོ་ནས་ཤེས་རྟོགས་དང་འབྲེལ་བའི་བགྱིད་སྒོ་སྣ་ཚོགས་སྤེལ་མྱོང་ཡོད། དཔེར་ན།  ས་གཞིའི་བཅུད་མི་ཉམས་པ་དང་ཉམས་པ་སླར་གསོ་བའི་ཆེད་ས་གཏེར་ཆུ་གཏེར་འཇོག་པ་དང། ས་བསྟོད་ཆུ་བསྟོད་ཀྱི་ལ་རྩེ་རྩིགས་པ་མ་ཟད། ཉེས་མེད་རི་སྐྱེས་མི་གསོད་པར་དམ་བཅས་ཏེ་མེ་མདའ་སོགས་མཚོན་ཆ་དགོན་པའི་བརྩན་ཁང་དུ་འཇོག་པ། གཞན་གྱིས་ཤིང་ནགས་མི་གཅོད་པའི་ཆེད་ཁ་བཏགས་དང་རས་ཡུག  དར་མཚོན་དང་བལ་སོགས་ཡལ་གར་བཏགས་ཏེ་ཚེ་ཐར་གཏོང་བ་སོགས་ཀྱི་བྱེད་སྒོ་མང་པོ་ཞིག་དངོས་སུ་ལག་ལེན་བྱེད་ཀྱིན་ཡོད་པ་མཐོང་མྱོང་།དེ་དག་ལ་དེང་སྐབས་ཞིབ་ཏུ་དཔྱད་སྐབས་ཕྱི་ཚུལ་ལ་རྨོངས་དད་ལྟ་བུ་ཞིག་ཏུ་མངོན་ཡང་ནང་དོན་ལ་ཁོར་ཡུག་སྲུང་སྐྱོབ་དང་ནད་ཡམས་སྔོན་འགོག་གི་བསླབ་བྱ་ཡང་དག་ཅིག་ཡིན་པ་ཤེས་རྟོགས་བྱུང་། དེ་ཡང་མང་ཚོགས་སྤྱི་ཡོངས་ནས་ས་རྐོ་སོགས་ཀྱིས་ཁོར་ཡུག་ལ་གནོད་པ་བརྒྱུད་རང་ཉིད་ལ་རིམ་གྱིས་གནོད་པའི་རྟེན་འབྱུང་གི་རྣམ་གཞག་ཞིབ་ཕྲ་ཤེས་ཀྱི་མེད་སྟབས་ཐད་གར་རང་ཉིད་ལ་ལྷ་དང་ཀླུས་གནོད་ཀྱི་རེད་ཅེས་ཞེ་སྣང་དང་སྦྲགས་པའི་བཤད་ཚུལ་དེ་ནི་དོན་དངོས་ཁོར་ཡུག་གཙང་ཉར་ཡོང་བའི་བྱེད་ཐབས་བླ་མེད་ཅིག་ཡིན་པ་ཤེས་ཐུབ་ལ། དེ་ནི་ལྟོས་འཇོག་གི་ཁོར་ཡུག་སྲུང་སྐྱོབ་དང་ནད་གཞི་སྔོན་འགོག་གི་ཁྲིམས་སྲོལ་ཞིག་ཡིན་ཞེས་བཤད་ཆོགདེས་ན་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་ཙམ་གྱི་བར་དུ་བོད་ཀྱི་ཡུལ་ལུང་ཐམས་ཅད་ཆོས་ལུགས་ཀྱི་བྱེད་སྒོ་དེ་དག་གི་བཀའ་དྲིན་འོག་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་གང་ཡང་བྱེད་མྱོང་མེད་ཀྱང་། རྙིང་པ་ཐམས་ཅད་རྗེས་ལུས་དང་ཀླ་གློའི་བྱ་སྤྱོད་དུ་བརྩིས་པའི་རླུང་ཤུགས་དྲག་པོ་ཞིག་རིམ་གྱིས་སླེབས་པའི་འོག་བོད་ཀྱི་སྣོད་བཅུད་ཡོངས་ལ་ཆེས་ཡ་ང་བའི་གནོད་སྐྱོན་ཆེན་པོ་བཏང་བའི་ལོ་རྒྱུས་ནི་ཉམས་ཞིབ་པ་མང་པོས་བཏོན་པའི་སྙན་ཐོ་ཁག་ཏུ་གསལ་བས་འདིར་བསྐྱར་བཟླས་བྱ་རྒྱུ་མིན། དེས་ན་ཁོར་ཡུག་ཉམས་ཆག་གི་གནད་དོན་དེའི་རྒྱུ་རྐྱེན་ནི། འདོད་སྲེད་ཁོ་ན་ཡིན་ཞིང་། དེ་ཡང་རང་རྒྱལ་གཞན་ཕམ་གྱི་འདོད་རྔམས་ཆེས་ཆེར་བདོ་བའི་དབང་གིས་ཚན་རིག་འཕྲུལ་ལས་ཀྱིས་བསྐྲུན་པའི་རྡུལ་ཕྲན་མཚོན་ཆ་དང། རྫས་སྦྱོར་འདྲ་མིན། ཚུལ་མིན་རྫས་སྦྱོར་ལས་བྱུང་བའི་བཟའ་བཏུང་། དུག་རླངས་ཅན་གྱི་བཟོ་ལས་སོགས་ཡིན་ཞིང་། དེ་ལ་བརྟེན་ནས་རང་བྱུང་ཁོར་ཡུག་དང་།རང་བྱུང་གནམ་གཤིས་བཅས་ལ་གནོད་འཚབ་ཆེན་པོ་ཕོག་སྟེ་རང་ཉིད་ཀྱི་རྟེན་གཞིའམ་འཚོ་སྡོད་བྱེད་སའི་འཛམ་གླིང་འདི་གང་མྱུར་འཇིག་ཉེན་གྱི་སྣང་ཚུལ་མངོན་བཞིན་ཡོད་པ་རེད།དེའི་ཕྱིར་ང་ཚོས་རང་ཉིད་འཚོ་གནས་བྱེད་སའི་ཁོར་ཡུག་ལ་དོན་དམ་གྱིས་སྲུང་སྐྱོབ་བྱེད་དགོས་ན། ཇི་སྐད་དུ་མདོ་ལས། འདོད་པ་རྣམས་ལས་མྱ་ངན་སྐྱེས།།འདོད་པ་རྣམས་ལ་འཇིགས་པ་འབྱུང།།འདོད་པ་དག་ནི་རྣམ་སྤངས་ན།།མྱ་ངན་མེད་ཅིང་འཇིགས་པ་མེད།། ཅེས་དང་། སྲེད་པས་ལུས་ཅན་ཉེ་བར་གསོད་པར་བྱེད།།དེ་ལྟར་སྲེད་ལས་སྡུག་བསྔལ་དག །འབྱུང་བའི་ཉེས་དམིགས་ཤེས་གྱིས་ཏེ།།སྲེད་སྤོངས། ཞེས་གསུངས་པ་ལྟར་སྤྱི་སྒེར་སུ་ཡིན་ན་འདོད་སྲེད་དབང་དུ་མ་སོང་པར་བོད་ཀྱི་སྲོལ་རྒྱུན་བྱེད་སྒོའི་ནང་ལག་ལེན་བསྟར་མྱོང་བའི་རྣམ་གཞག་དེ་དག་ལ་བརྩི་བཀུར་བྱེད་དགོས་པའི་ཐོག་ད་ལྟའི་ཁོར་ཡུག་སྲུབ་སྐྱོབ་བྱེད་ཐབས་ཀྱི་ལེགས་བྱང་བསྡུ་ལེན་གྱིས་འབྱུང་འགྱུར་གྱི་མི་རབས་རྣམས་ལ་དྭངས་གཙང་གི་ཁོར་ཡུག་ཅིག་རྩིས་སྤྲོད་ཐུབ་པའི་ཕྱོགས་ལ་བློ་ནུས་ཡོད་རྒུ་རྩལ་འདོན་བྱ་རྒྱུ་དེ་ཡིན་པར་སྙམ།

 


འབྲེལ་ཡོད་འོས་སྦྱོར།