logo

ཕ་ཁྱིམ་གཅེས་སྐྱོང་ཚོགས་པའི་ངོ་སྤྲོད་མདོར་བསྡུས།

རྩོམ་པ་པོ།:ཟུར་མིང་ཕ་ཁྱིམ་གཅེས་སྐྱོང་ཚོགས ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2013-11-25 ཀློག་གྲངས།:

家园环保协会

  མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་ཁུལ་ནང་ཆེན་རྫོང་ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པ་ནི། སྤྱི་ལོ2009ལོའི་ཟླ་བ6པའི་ཚེས5ཉིན་འཛམ་གླིང་ཁོར་ཡུག་སྲུང་སྐྱོབ་ཉིན་མོར་དབུ་བརྙེས་པའི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཚོགས་པ་ཆུང་ཆུང་ཞིག་ཡིན།ལོ་དེའི་ཟླ་བ12པའི་ཚེས7ཉིན་ནང་ཆེན་རྫོང་མི་དམངས་སྲིད་གཞུང་ལས་ཁོར་སྲུང་གི་ཚད་ལྡན་ཡིག་ཆ་དང་།ཆོག་མཆན་དཔང་ཡིག་བཅས་ཐོབ།ལོ་ལྔ་ཡི་རིང་ལ་ཚོགས་མི་ལྷན་རྒྱས་ཀྱིས་རང་གི་འཇོན་ཚོད་བཞིན་དཀའ་བ་བརྒྱ་ཕྲག་དང་འབད་པ་སྟོང་གྲངས་བྱས་ནས།གཞུང་འབྲེལ་དང་གཞུང་འབྲེལ་མ་ཡིན་པའི་ཁོར་སྲུང་ཚོགས་འདུ་དང་གླེང་སྟེགས་སྣ་ཚོགས་སུ་ཞུགས་ནས་ཁོར་སྲུང་ཐད་ལ་སློབ་སྦྱོང་དང་བསམ་ཚུལ་བརྗེ་རེས་སོགས་བྱས།ཕ་ཡུལ་གྱི་ས་གནས་མང་ཚོགས་དག་ལ་གནའ་བོའི་སྲོལ་རྒྱུན་དང་དེང་དུས་ཚན་རིག་སོགས་ཐབས་གང་ལེགས་ཀྱིས་ཁོར་སྲུང་གི་དཔེ་དེབ་དང་།ཚགས་པར།བརྡ་ཁྱབ།འགྲེམ་བརྡ་སོགས་ལ་བརྟེན་ནས་ཁོར་སྲུང་གི་འདུ་ཤེས་ཁྱབ་སྤེལ་དང་ཁོར་སྲུང་གི་རྒྱུན་ཤེས་ངོ་སྤྲོད་སོགས་ལོ་ལྟར་དུ་ལས་འགུལ་རིམ་པ་མང་པོ་སྤེལ་ཞིང་།ཚོགས་པ་ཆེ་ཕྲ་མང་པོས་ཀྱང་རོགས་རམ་དང་རྒྱབ་སྐྱོར་མི་ཉུང་བ་ཐོབ་བོ།།
  མཛེས་ཤིང་ལྟ་ན་སྡུག་པའི་རང་བྱུང་གི་ཁོར་ཡུག་ཆེན་པོ་འདི་ཉིད་ང་ཚོའི་ཕ་མེས་ཡང་མེས་ཀྱིས་རབ་ཏུ་གཅེས་ཤིང་ཀུན་ནས་བསྲུངས་ཏེ་ང་ཚོའི་ལག་ཏུ་བཞག་པའི་བདེ་སྐྱིད་ཀྱི་སྙིང་པོ་ཉག་གཅིག་རེད།གལ་སྲིད་ང་ཚོས་ཀྱང་ཕ་མེས་དང་ཡང་མེས་དག་ལ་སློབ་སྦྱོང་བྱས་ནས་ཐོན་ཁུངས་ལ་གཅེས་སྤྲས་བྱས་པ་ཡིན་ན།ད་དུང་མུ་མཐུད་དུ་དུས་ཡུན་རིང་པོ་ཞིག་ལ་མ་ཡུམ་གོ་ལ་ཆེན་མོའི་རུམ་ཁོང་དུ་སྐྱིད་ཉལ་བྱ་ཆོགའོན་ཀྱང་ཆེས་ཤིན་ཏུ་ཡིད་ཕངས་པ་ལ་དུས་རབས་ཀྱི་དྲན་འཕྲུལ་ཞིག་གིས་འཇིག་རྟེན་འདིའི་ཚེ་སྲོག་ཡོངས་ཀྱི་ཕ་ཁྱིམ་དྲོན་མོ་འདི་ཉིད་ལའང་ཁྲེལ་མེད་ཀྱི་ལག་ཟུང་བརྐྱངས་ཏེ།རང་བྱུང་གི་ཁོར་ཡུག་ཆེན་མོ་ལ་རྨ་ཁ་བཟོས་ཤིང་ཉིན་རེ་བཞིན་ཇེ་ཆེ་ནས་ཇེ་ཆེར་སོང་།དེའི་རྐྱེན་གྱིས་སྨྲ་བརྗོད་བྲལ་བའི་ཉམ་ཆུང་དུད་འགྲོ་དང་རྩི་ཤིང་གི་རིགས་སོགས་ཁྲི་སྟོང་མང་པོ་རྩ་མེད་དུ་གྱུར་ཅིང་ཉེ་བའི་ལོ་འགའི་ནང་དུ་འགྲོ་བ་མི་ལའང་ཁོར་ཡུག་གི་ཤུགས་རྐྱེན་ཐེབས་ནས་ན་བ་དང་ཤི་བའི་དོན་རྐྱེན་རབ་ཏུ་མང་པོ་བྱུང་།དེར་མ་ཟད་ཚན་རིག་པའི་སྔོན་དཔག་ལས་གལ་སྲིད་ད་དུང་འདི་ལྟར་མུ་མཐུད་དུ་ཁོར་ཡུག་ལ་གཏོར་བརླག་ཐེབས་པ་ཡིན་ན་དུས་མི་རིང་པར་ཕ་ཁྱིམ་འདི་ཉིད་དང་ལྷན་དུ་ཚེ་སྲོག་ཡོངས་རྫོགས་འཇིག་འགྲོ་བའི་ངེས་ཤེས་རྙེད།དེ་བས་མི་རྣམས་གློ་བུར་དུ་ཧད་ནས་ཁོར་སྲུང་གི་བྱ་འགུལ་དང་འདུ་ཤེས་སོགས་རབ་ཏུ་མང་པོ་ཞིག་ཁྱབ་སྤེལ་བཏང་པ་ཡིན་པས།ད་ལྟ་འཛམ་གླིང་སྤྱི་ཡོངས་ནས་ཁོར་ཡུག་སྲུང་སྐྱོབ་ཅེས་པ་ནི་དེ་ལས་འགངས་ཆེ་བ་མེད་པའི་ལས་བྱ་ཤིན་ཏུ་ཆེན་པོ་ཞིག་ལ་ངོས་འཛིན་བྱས་ནས་ཆེ་ཆུང་སུ་ཡིན་རུང་ཁོར་སྲུང་གི་འདུ་ཤེས་མེད་པ་དང་ཁོར་སྲུང་གི་རྒྱུན་ཤེས་མེད་པ།ཁོར་སྲུང་གི་གནད་དོན་མི་ཤེས་པ་སོགས་ཤིན་ཏུ་ཉུང་།ཡིན་ན་ཡང་།ང་ཚོའི་ལྗང་མདོག་གི་ཕ་ས་གཅིག་པུ་སྟེ་ཁ་བ་གངས་ཅན་ལྗོངས་ཀྱི་ཕུ་ནུ་མིང་སྲིང་ཚོས་ད་དུང་ཁོར་ཡུག་གི་གནད་དོན་གལ་ཆེན་དག་དང་།ངེས་པར་དུ་ཤེས་དགོས་པའི་ཁོར་ཡུག་གི་འཇིག་ཉེན་དང་རྒྱུན་ཤེས་སོགས་ལ་ཤིན་ཏུ་རྨོངས་པར་གྱུར་ཏེ།ཁོར་ཡུག་སྦགས་བཙོག་གི་ལག་པ་ནག་པོ་དངོས་ཤུགས་བརྒྱུད་གསུམ་གྱི་སྒོ་ནས་གངས་རིའི་ནང་སྙིང་ལ་རྐྱོང་གིན་ཡོད་པ་ཙམ་ཡང་ཤེས་ཀྱིན་མེད།དེ་བས་འཇིག་ཉེན་ཆེན་པོ་འདི་ཉིད་ལ་དམིགས་ཏེ་ངེད་ནང་ཆེན་རྫོང་ཟུར་མང་ཕ་ཁྱིམ་གཅེས་སྐྱོང་ཚོགས་པས་ལོ་སྔོན་དུ་བོད་ཡིག་གི་ཆུ་ཚད་ཅུང་ཟད་ཞན་པ་དང་ལོ་ཆུང་ཚོ་ལ་དམིགས་ཏེ་གཙོ་ཆེར་པར་རིས་ཡིན་པའི་ཁོར་སྲུང་ཆེད་དེབ《ཁོར་ཡུག་སྲུང་སྐྱོབ》ཅེས་པ་ཞིག་པར་དུ་བསྐྲུན་པ་ཡིན།དེ་ཉིད་སྤྱི་ཚོགས་སུ་བཀྲམ་མ་ཐག་ཏུ་ཀློག་པ་པོ་མང་པོས་དགའ་བསུ་ཤིན་ཏུ་ཆེན་པོ་ཐོབ་པས་ཕན་འབྲས་མི་དམན་པ་ཞིག་ཡོང་ཡོད་པའི་ངེས་པ་རྙེད།དེ་བས་ད་ཐེངས་ཡང་སྔ་ལོ་ལས་གོམ་པ་གཅིག་སྤོས་ཏེ་དེང་དུས་ཚན་རིག་གི་ལུགས་གཙོ་ཆེར་བྱས་ནས་ཁོར་ཡུག་གི་ངོ་བོ།ཁྱད་ཆོས།གྲུབ་སྟངས།བྱེད་ལས།ཕན་ནུས།ཁོར་ཡུག་ལ་འཕྲད་པའི་གནད་དོན།དེས་བསླངས་པའི་རྐྱེན་ངན།ཁོར་སྲུང་གི་དམིགས་ཡུལ།ཁོར་སྲུང་གི་དགོས་པ་སོགས་ཁོར་སྲུང་གི་རྒྱུན་ཤེས་དང་གནད་དོན་རྣམས་ཡིག་རིགས་འདྲ་མིན་དང་ཚགས་དེབ་སྣ་ཚོགས་ཀུན་ལས་བཏུས་པའི་ཁོར་སྲུང་ཆེད་དེབ་ཅུང་ཆེན་པོ་ཞིག་བཟོས་པ་ཡིན།འདི་ཉིད་ཀྱིས་ཀྱང་ཁོར་ཡུག་གི་གནད་དོན་མང་པོ་ཞིག་གསལ་པོར་ཤེས་ཤིང་ཁོར་སྲུང་གི་འདུ་ཤེས་ཀྱང་ཤུགས་ཆེ་རུ་འགྲོ་ཐུབ་པའི་ཡིད་ཆེས་བྱེད་ཀྱིན་ཡོད།འོན་ཀྱང་དེང་དུས་ཀྱི་དངོས་ཁམས་དང་རྫས་འགྱུར་གྱི་ཐ་སྙད་སྣ་ཚོགས་དང་ས་གནས་སྣ་ཚོགས།གྲངས་དང་ཚད་ཀྱི་མིང་སྣ་ཚོགས་སྟོན་པའི་བོད་ཀྱི་ཐ་སྙད་མང་པོ་མེད་པའི་སྟབས་ཀྱིས་སྐད་རིགས་གཞན་དག་ལས་བསྒྱུར་པའི་རྫས་འགྱུར་དང་གྲངས་ཚད་ཀྱི་ཐ་སྙད་ཀྱིས་ཁྱེད་ཅག་ལ་ཉོབ་སྣང་ཏོག་ཙམ་བསྐྱེད་ནའང་ཐང་།འོན་ཀྱང་གནད་དོན་དེ་ལྟ་བུ་ཞིག་ལ་འཕྲད་དུས་ང་ཚོ་འདི་ལྟར་མི་འགྲོ་རང་འགྲོ་ཡི་གནས་སུ་ལྷུང་བ་ཡིན་པས་གནས་སྐབས་ཨམ་གཙིགས་སྡོམ་གྱིན་ཕེབས་རོགས་གནོངས་ཞེས་གུས་པ་སྟོང་དང་ལྡན་པའི་ངང་ནས་ཞུ་བའོ།།       

  《ལྗང་མདོག་གི་བློ་འབྱེད》ཅེས་པའི་ཁོར་སྲུང་ཆེད་དེབ་འདི་བོད་ཁམས་ཀྱི་ཕྱོགས་སོ་སོར་འགྲེམ་སྤེལ་བྱེད་བཞིན་ཡོད། བླུ་མཁན་དག་གིས་ས་གནས་ཁག་ནས་འབྲེལ་གཏུག་མཛད་རོགས། ས་གནས་འགའ་ནི། ཟི་ལིང་། མཚོ་ལྷོ། སྐྱེ་རྒུ། ནང་ཆེན་རྫོང་། ཟུར་མང་སོགས་ཡིན།
  ཟི་ལིང་། ཟི་ལིང་གི་བོད་ཁྲོམ་གསར་པའི་ཁང་རྩིག་གསུམ་པའི་སྲོང་བཙན་བོད་ཡིག་དཔེ་སྐྲུན་ཁང་དུ་ཡོད། འབྲེལ་གནས། སྤྲིན་གྱི་མེ་ཏོག ཁ་པར་ཨང་གྲངས། 13309715633  13997184433 
  མཚོ་ལྷོ། འབྲེལ་གནས། འདན་དཀོན་མཆོག་ཚེ་རྒྱལ། ཁ་པར་ཨང་གྲངས། 15609760073
  སྐྱེ་རྒུ།  སྟག་གདན་ན་ལབ་དགོན་སྣ་འཛོམས་ཚོང་ཁྲོམ་ཆེན་མོའི་ཁང་རྩིག་གཉིས་པའི་གཙང་གསུམ་དཔེ་ཁང་ནང་དུ་ཡོད། འབྲེལ་གནས། 13139162224
  ནང་ཆེན་རྫོང་། དཔེ་ཁང་ཁག་དང་གཙོ་བོ་བཀའ་བརྒྱུད་སྨོན་ལམ་ཆེན་མོའི་སྐབས་སུ་གང་སར་བླུ་རྒྱུ་ཡོད།


འབྲེལ་ཡོད་འོས་སྦྱོར།