གནམ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ས་ཚུགས་ཀྱི་ལས་གཞི་ལག་བསྟར་བྱ་རྒྱུ་རེད།
ཉེ་སྔོན་བོད་ལྗོངས་མི་དམངས་སྲིད་གཞུང་གིས《བོད་ལྗོངས་གནམ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་འཆར་བཀོད》ལྟར་གནམ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་ཚོད་ལྟའི་ས་ཚུགས་ཀྱི་ལས་གཞི་ལག་བསྟར་བྱས་ནས་གནམ་མཚོའི་སྐྱེ་ཁམས་ཁོར་ཡུག་ལ་སྔར་ལས་ལྷག་པར་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་རེད།
བོད་ཁུལ་གྱི་གཡུ་མཚོ་བཞིའི་ཡ་གྱལ་ཏེ་གནམ་མཚོ་ཕྱུག་མོ་ནི་ལྷ་སའི་འདམ་གཞུང་རྫོང་ཁོངས་སུ་མཆིས་ཤིང་། རྒྱ་མཚོའི་ངོས་ལས་མཐོ་ཚད་ལ་སྨི4718ཡོད་པའི་འཛམ་གླིང་སྟེང་ས་བབ་ཆེས་མཐོ་བའི་མཚོ་མོ་ཞིག་ཡིན་ལ། ཤར་གྱི་ནག་ཆུ་རྫོང་ཁོངས་སུ་ཡོད་པའི་བསམ་གཏན་གངས་བཟང་དང་། ལྷོའི་གཉན་ཆེན་ཐང་ལྷ། ནུབ་ཀྱི་སྙེ་མོ་རྫོང་ཁོངས་ཀྱི་ཇོ་མོ་གངས་དཀར་བཅས་གངས་རི་ཆེན་པོ་གསུམ་ནི་གནམ་མཚོ་ཕྱུག་མོའི་འབབ་ཁུངས་གཙོ་བོ་གསུམ་ཡིན།
རྒྱུས་ལོན་བྱུང་བ་ལྟར་ན《བོད་ལྗོངས་གནམ་མཚོའི་སྐྱེ་ཁམས་སྲུང་སྐྱོབ་འཆར་བཀོད》ཁྲོད་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་དང་། འབབ་ཡུལ་གྱི་སྦག་འདྲེས་ཕྱོགས་བསྡུས་བཅོས་སྐྱོང་། སྐྱེ་ཁམས་དོ་དམ་ནུས་པ་འཛུགས་སྐྲུན་བཅས་ཕྱོགས་གསུམ་གྱི་ཐད་ནས་གནམ་མཚོ་ཕྱུག་མོའི་སྐྱེ་ཁམས་སྲུང་སྐྱོབ་ལ་འཆར་བཀོད་བྱས། འཆར་བཀོད་ལྟར་ན་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་ཐད་གཙོ་བོ་རྩྭ་ས་ཞན་འགྱུར་ལེགས་བཅོས་དང་། སྐྱེ་དངོས་ཀྱི་སྣ་མང་རང་བཞིན་སྲུང་སྐྱོབ། གཞུང་ལམ་ཉེ་འགྲམ་གྱི་མཛེས་ལྗོངས་སྐྱེ་ཁམས་བསྐྱར་གསོ། ས་ཆུ་སྲུང་འཛིན་སོགས་ནས་འཛིན་པ་དང་། འབབ་ཡུལ་སྦག་འདྲེས་ཕྱོགས་བསྡུས་བཅོས་སྐྱོང་ཐད་གཙོ་བོ་སྲ་གཟུགས་བཙོག་དངོས་སྦག་འདྲེས་སྔོན་འགོག་དང་། འཚོ་བའི་བཙོག་ཆུ་ལེགས་བཅོས། ཐོན་ཁུངས་གཙང་བཅོས་བཅས་ཕྱོགས་གསུམ་ནས་ལེགས་བཅོས་བྱེད་པ། སྐྱེ་ཁམས་ལྟ་སྐུལ་དོ་དམ་ནུས་པའི་འཛུགས་སྐྲུན་གཙོ་བོ་སྐྱེ་ཁམས་རྟོག་ཞིབ་ཚད་ལེན་ནུས་པའི་ཐད་ནས་སྲུང་སྐྱོབ་བྱེད་རྒྱུ་རེད།