རི་དྭགས་དགོ་བའི་མཐའ་མཇུག་གི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ།
རི་དྭགས་དགོ་བའི་མཐའ་མཇུག་གི་ཁྱིམ་གཞིས་ལ་སྲུང་སྐྱོང་བྱེད་པ།
རི་དྭགས་དགོ་བ་ནི་སྤྱིར་བཏང་དུ་མཐོ་སྒང་གི་སྤང་ལྗོངས་སུ་གནས་ཤིང་། མཚོ་སྔོན་པོ་ནི་རི་དྭགས་དགོ་བའི་དག་ཞིང་གི་གནས་མཆོག་ཡིན་ཏེ། གནས་དེར་རྩྭའི་རིགས་སྣ་ཚོགས་སྐྱེས་ཤིང་ཁོ་ཚོའི་ཞིམ་ཟས་མངར་མོ་ལྡན། འདི་གའི་རི་ལུང་ཐ་དག་ནི་ཁོ་ཚོ་གར་ལ་རྩེན་པའི་སྟེགས་བུ་རུ་ངེས། ད་ལྟ་འཛམ་གླིང་དུ་དགོ་བ་སྟོང་ལ་ཉེ་བ་ཙམ་ལས་མེད་ལ། རི་དྭགས་དོམ་ཁྲ་ལས་ཀྱང་ཉུང་ཤོས་སུ་ཡོད།
ཉུང་ལས་ཉུང་ཤོས་སུ་འགྲོ་བཞིན་པའི་རི་དྭགས་ཀྱི་ཚོགས་འདི་ལ་འབྲེལ་ཡོད་ཆེད་ལས་མཁས་པ་དང་ཤེས་ཡོན་པ་དག་གི་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་ཅིང་། ཀྲུང་གོ་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་ཁང་གི་ཡེ་རུམ་རོང་ཀྱང་གནས་ཚུལ་དེར་དོ་ཁུར་བྱེད་མཁན་གཙོ་ཤོས་ཤིག་ཡིན།
དགོ་བ།
དགོ་བའི་འཚོ་རྟེན་གནས་ཚུལ་སྔོན་མ་ནས་ལེགས་པོར་མི་སྣང་ཞིང་ཐ་ན་ཤིན་ཏུ་བཙོག་པོ་རེད་ཅེས་བརྗོད་ཆོག རང་རྒྱལ་ནང་སོག་གི་ནུབ་ཕྱོགས་དང་། ཞིན་ཅང་གི་ཤར་ལྷོ། ཀན་སུའུ་བྱང་ཕྱོགས། ཉིན་ཤཱ མཚོ་སྔོན་སོགས་སུ་ཁྱབ་ཡོད་པའི་རི་དྭགས་འདི་རིགས་ཀྱི་གྲངས་འབོར་ཤུགས་དྲགས་སྒོས་མར་འགྲིབ་ཀྱི་ཡོད་པ་དང་། ཁྱབ་སའི་ས་ཁུངས་ཀྱང་ཇེ་ཆུང་དུ་འགྲོ་བཞིན་ཡོད་པས་རྩ་བརླག་གི་ཉེན་ཁར་འཕྲད་ཡོད་པ་རེད། 1988ལོར་ཁྱབ་སྒྲོག་བྱས་པའི《རྒྱལ་ཁབ་ཀྱིས་དམིགས་བསལ་སྲུང་སྐྱོབ་བྱེད་པའི་རི་དྭགས་ཀྱི་མིང་ཐོ》ཞེས་པའི་ཁྲོད། རི་དྭགས་དགོ་བ་ནི་རང་རྒྱལ་རིམ་པⅠཅན་གྱི་སྲུང་སྐྱོབ་རི་དྭགས་ཡིན་པ་དང་། 1996ལོར་རྒྱལ་སྤྱིའི་རང་བྱུང་སྐྱེ་ཁམས་སྲུང་སྐྱོང་མཉམ་འབྲེལ་ཚོགས་པས་རྩ་བརླག་ཉེན་ཁའི་རི་དྭགས་ཀྱི་གྲས་སུ་བཞག
དཔལ་འབྱོར་ལ་གཞོལ་བའི་བྱ་འགུལ་གང་མང་གིས་རི་དྭགས་ཀྱི་འཚོ་གནས་ལ་ཤུགས་རྐྱེན་ཆེན་མོ་ཐེབས་པ།
འདི་ལྟ་བུའི་གནས་ཚུལ་འོག 2003ལོའི་ཟླ8པའི་ཚེས5ནས་ཟླ9བའི་ཚེས15བར། མཚོ་སྔོན་ཞིང་ཆེན་ནག་ལས་ཅུའི་མངགས་བཅོལ་འོག ཡེ་རུམ་རོང་གིས་རྩ་འཛུགས་གནང་སྟེ་མཚོ་སྔོན་ཞིང་ཆེན་མཚོ་ནུབ་སོག་བོད་རང་སྐྱོང་ཁུལ་གྱི་ཐེམ་ཆེན་རྫོང་དང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་ཧེ་ཡན་རྫོང་་དང་རྐང་ཚ་རྫོང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་གསེར་ཆེན་རྫོང་སོགས་ས་ཁུལ་དུ་རི་དྭགས་དགོ་བའི་ཁྱབ་ཁུངས་གནས་ཚུལ་ལ་ཆེད་དོན་རྟོག་ཞིབ་བྱས་པ་རེད།