logo

མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་བྱེད་ཡུལ་དུ་བཞག

རྩོམ་པ་པོ།:བདེ་ཆེན་མཚོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2011-11-17 ཀློག་གྲངས།:

  ཟླ11བའི་ཚེས16ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུ་བསྡུས་ནས་མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་བྱེད་ཡུལ་དུ་འཇོག་རྒྱུའི་ཐག་བཅད་པ་རེད།
  ཚོགས་འདུས་བསྟན་དོན། གཙང་གསུམ་འབྱུང་ཡུལ་ནི་རྨ་ཆུ་དང་། འབྲི་ཆུ། རྫ་ཆུ་བཅས་ཀྱི་འབྱུང་ཡུལ་དང་རང་རྒྱལ་གྱི་ཚྭ་མེད་ཆུའི་གསབ་སྣོན་བྱེད་ཁུངས་གཙོ་བོ་ཞིག་ཡིན་ཞིང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་བདེ་འཇགས་ཀྱི་ཡོལ་བ་ལྟ་བུར་མེད་དུ་མི་རུང་བའི་གྲུབ་ཆ་གཙོ་བོ་ཞིག་ཡིན་གཤིས། རྒྱལ་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་བྱེད་པའི་ཁྲོད་དམིགས་བསལ་གྱི་གོ་གནས་གལ་ཆེན་ཟིན་ཡོད་ལ། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་དང་འཛུགས་སྐྲུན་གྱི་སྤྱིའི་འཆར་བཀོད་དེ2005ལོར་ལག་བསྟར་བྱས་པ་ནས་བཟུང་ཕན་འབྲས་མངོན་སུམ་ཐོན་པ་རེད། གཙང་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་ནུས་པ་ཞན་འགྱུར་གྱི་རྣམ་པ་གཏན་འགོག་བྱེད་པར་དམིགས་ནས་སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཁོར་ཡུག་སྲུང་སྐྱོབ་ལ་སྨན་པའི་ནང་རྐྱེན་ལམ་ལུགས་འཚོལ་ཞིབ་དང་འཛུགས་སྐྲུན་བྱས་ཤིང་། ཚོགས་འདུས《མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཕྱོགས་བསྡུས་ཚོད་ལྟ་བྱེད་ཡུལ་གྱི་སྤྱིའི་འཆར་བཀོད》ཅེས་པ་ལག་བསྟར་བྱེད་པའི་ཆོག་མཆན་གནང་ལ། ཚོད་ལྟའི་ཁུལ་དུ་ཡུལ་ཤུལ་དང་། མགོ་ལོག རྨ་ལྷོ། མཚོ་ལྷོ་བཅས་བོད་རིགས་རང་སྐྱོང་ཁུལ་བཞིའི་རྫོང21དང་ན་གོར་མོ་གྲོང་ཁྱེར་གྱི་གདང་ལ་གྲོང་རྡལ་བཅས་ཁོངས་སུ་འདུས་པ་རེད།
  འཆར་བཀོད་ཀྱི་བླང་བྱ་ལྟར་ན། རིག་གནས་བརྩི་འཇོག་དང་། སྐྱེ་ཁམས་སྲུང་སྐྱོབ། དམངས་འཚོ་འགན་སྲུང་གི་རྩ་དོན་ལྟར་སྐྱེ་ཁམས་སྲུང་སྐྱོབ་བྱེད་པ་དང་མཉམ་དུ། ལྗང་མདོག་འཕེལ་རྒྱས་དང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་འདེགས་པ་བཅས་ཟུང་སྦྲེལ་བྱེད་པ་རྒྱུན་འཁྱོངས་བྱས་ནས། ཚན་རིག་དང་མཐུན་པར་འཆར་གཞི་འགོད་པ་དང་བཅོས་བསྒྱུར་གསར་གཏོད་སྒོས་གཙང་གསུམ་འབྱུང་ཡུལ་གྱི་ནུས་ཤུགས་གཏན་ཁེལ་བྱས་པའི་སྲུང་སྐྱོབ་འཕེལ་རྒྱས་གཏོང་ཚུལ་དང་མཐུན་པར་སྐྱེ་ཁམས་དཔལ་ཡོན་གྱི་སྔོན་སྤེལ་ཁུལ་བསྐྲུན་ཏེ་རྒྱལ་ཡོངས་ཀྱི་དེ་དང་མཚུངས་པའི་ས་ཁུལ་ལ་ཉམས་མྱོང་གསོག་འཇོག་དང་དཔེ་སྟོན་བྱེད་དགོས། 2015ལོའི་བར་དུ་རྩི་ཤིང་ཁེབས་ཚད་བརྒྱ་ཆའི15ནས20ལ་སོན་པར་བརྩོན་པ་དང་། སྐྱེ་ཁམས་ཞན་འགྱུར་གྱི་རྣམ་པ་ཚོད་འཛིན་བྱེད་པ། ཞང་གྲོང་སྡོད་དམངས་ཀྱི་ཡོང་འབབ་དང་སྤྱི་བའི་ཞབས་ཞུའི་རྩ་བའི་ནུས་པ་མཐོར་འདེགས་ཆེན་པོ་བྱེད་དགོས། 2020ལོའི་བར་དུ་རྩི་ཤིང་ཁེབས་ཚད་བརྒྱ་ཆའི25ནས30ལ་སོན་པར་བརྩོན་པ་དང་། སྐྱེ་ཁམས་མ་ལག་འཁོར་རྒྱུག་ལེགས་པོ་བྱེད་པ། ཞང་གྲོང་སྡོད་དམངས་ཀྱི་ཡོང་འབབ་ཞིང་ཆེན་འདི་གའི་ཆ་སྙོམས་ཀྱི་ཆུ་ཚད་ལ་ཉེ་བའམ་ཡང་ན་དེར་སླེབས་སུ་འཇུག་པ། སྤྱི་བའི་ཞབས་ཞུའི་རྩ་བའི་ནུས་པ་རྒྱལ་ཡོངས་ཀྱི་ཆ་སྙོམས་ཆུ་ཚད་ལ་ཉེ་བའམ་ཡང་ན་དེར་སླེབས་སུ་བཅུག་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པའི་དམིགས་འབེན་ཁྱོན་ཡོངས་ནས་མངོན་འགྱུར་བྱ་དགོས།
  དེར་བརྟེན། གཅིག་ནས་གྲུབ་གཞི་གཙོ་བོའི་ཕན་ནུས་ཁུལ་དགར་བ་སྟེ། སྐྱེ་ཁམས་ཀྱི་མཐུན་མིན་ཁྱད་ཆོས་དང་ཐོན་ཁུངས་ཁོར་ཡུག་གི་འདེགས་ཤུགས་ལ་གཞིགས་ནས་ཚོད་ལྟ་བྱེད་ཡུལ་དེ་སྲུང་སྐྱོབ་ས་ཁུལ་གཙོ་བོ་དང་། སྲུང་སྐྱོབ་ས་ཁུལ་ཕལ་བ། ཁུར་ལེན་སྤོ་སྒྱུར་འཕེལ་རྒྱས་ས་ཁུལ་བཅས་གསུམ་དུ་ཕྱེས་ནས་བསྒྱུར་བཅོས་འཕེལ་ཐབས་ཀྱི་བླང་བྱ་ལྟར་རིགས་དགར་སྣེ་སྟོན་བྱེད་དགོས། གཉིས་ནས་རྩ་སའི་རྩི་ཤིང་སྲུང་སྐྱོབ་དང་སླར་གསོ་བྱེད་པ་གཙིགས་སུ་བཟུང་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་དང་འཛུགས་སྐྲུན་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བར་མ་ཟད། རྩྭ་ས་ལེགས་སྐྱོང་དང་རྩྭ་ཕྱུགས་སྙོམས་སྒྲིག་སོགས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལས་གཞི་ལག་བསྟར་ནན་མོ་བྱེད་དགོས། གསུམ་ནས་ཞིང་ཕྱུགས་ལས་རིགས་ཀྱི་འཕེལ་ཐབས་བསྒྱུར་བཅོས་བྱས་ཏེ་ལེགས་བསྡུས་ཞིབ་གཉེར་ཅན་གྱི་ཆུ་ཚད་མཐོར་འདེགས་དང་སྐྱེ་ཁམས་རང་བཞིན་གྱི་ཞིང་ལས་མ་ཡིན་པའི་ཐོན་ལས་སྤེལ་དགོས། བཞི་ནས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཇེ་ལེགས་སུ་བཏང་ནས་སྤྱི་ཚོགས་ལས་རིགས་སྤེལ་བ་དང་། འབྲོག་པ་མང་ཚོགས་ཀྱི་གཏན་སྡོད་ཁང་དང་སྡེ་བའི་ལོག་ཉེན་ཆེ་བའི་སྡོད་ཁང་ཞིག་གསོ་བྱེད་པ། རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཆ་རྐྱེན་ལེགས་བསྒྱུར་བྱེད་དགོས་ཤིང་། དབུལ་སྐྱོར་འདོན་སྤེལ་གྱི་ཤུགས་ཚད་ཇེ་དྲག་ཏུ་བཏང་ནས་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་མཐོར་འདེགས་བྱེད་དགོས་ལ། རྨང་གཞིའི་སྒྲིག་བཀོད་ཀྱི་འཛུགས་སྐྲུན་དེ་སྐྱེ་ཁམས་སྲུང་སྐྱོབ་དང་བསྟུན་དགོས། ལྔ་ནས་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ནང་རྐྱེན་སྒྲིག་གཞི་གསར་གཏོད་བྱས་ཏེ་སྐྱེ་ཁམས་ཁོར་ཡུག་ལྟ་ཞིབ་དང་སྔོན་བརྡ་གཏོང་བའི་མ་ལག་འཛུགས་པ་དང་། དུས་ཐོག་ཏུ་གནམ་གཤིས་དང་སྐྱེ་ཁམས་འགྱུར་ལྡོག་གི་གནས་ཚུལ་རྒྱུས་ལོན་བྱེད་དགོས་ཤིང་། ཚད་ལྡན་དང་ཡུན་རིང་བའི་སྐྱེ་ཁམས་ཁ་གསབ་ཀྱི་ནང་རྐྱེན་བཙུགས་ནས་ཀྲུང་དབྱང་ནོར་སྲིད་ཀྱི་འགྲོ་གྲོན་བརྗེ་སྤོར་བྱེད་ཤུགས་ཇེ་དྲག་ཏུ་གཏོང་བ། སྐྱེ་ཁམས་ལེགས་སྐྱོང་གི་སྤྱི་ཕན་ལས་གནས་བཙུགས་ནས་རོང་འབྲོག་མང་ཚོགས་ཀྱི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་རྐང་འཛིན་ནུས་པ་འདོན་སྤེལ་བྱེད་པ། མི་སྒེར་དང་། དམངས་ཁྲོད་རྩ་འཛུགས། སྤྱི་ཚོགས་ཚོགས་ཁག་བཅས་གཙང་གསུམ་འབྱུང་ཡུལ་གྱི་སྤྱི་ཕན་བྱ་འགུལ་ལ་རྒྱབ་སྐྱོར་དང་ཟབ་ཞུགས་བྱེད་པར་སྐུལ་ཁྲིད་བྱེད་དགོས། དྲུག་ནས་ལྗང་མདོག་གི་ཕན་འབྲས་དཔྱད་སྡུར་གྱི་ནང་རྐྱེན་གསར་བ་བཙུགས་ནས་སྲིད་འབྲས་ལྟ་སྟངས་བསྒྱུར་བཅོས་བྱེད་པ་དང་། དཔལ་འབྱོར་འཕེལ་རྒྱས་ཀྱི་མགྱོགས་ཚད་ལ་བརྩོན་པའི་བྱེད་ཐབས་བསྒྱུར་ཏེ་འགྲོ་བ་མི་དང་རང་བྱུང་ཁམས་འཆམ་མཐུན་ཡོང་བ་མངོན་འགྱུར་བྱ་དགོས། ཚོགས་འདུས་འབྲེལ་ཡོད་ས་གནས་དང་ལས་ཁུངས་ཀྱིས་རྩ་འཛུགས་འགོ་ཁྲིད་ཇེ་ལེགས་སུ་བཏང་ནས་སྲིད་ཇུས་རྒྱབ་སྐྱོར་དང་། ཚན་རྩལ་དང་མི་སྣ་འཇོན་ཐང་ཅན་གྱི་རྒྱབ་རྟེན་ཇེ་སྲ་རུ་གཏོང་བར་བརྒྱུད་རིགས་སོ་སོའི་བྱ་བ་ལེགས་པོར་སྤེལ་བར་ཁག་ཐེག་བྱེད་དགོས་པའི་བླང་བྱ་བཏོན་པའོ།།


འབྲེལ་ཡོད་འོས་སྦྱོར།