སྒྲོན་མེ་ཚོགས་པ་དང་སློབ་ཆེན་ལྔའི་སློབ་མས་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།
བྱ་འགུལ་ལ་ཞུགས་མཁན་ཡོངས་ཀྱི་མཉམ་པར།
2011ལོའི་ཟླ7པའི་ཚེས16ཉིན། སྒྲོན་མེ་སློབ་གསོ་དབུལ་སྐྱོབ་ཚོགས་པས་གཅོ་སྒྲུབ་ཀྱི་འགན་དང་ཀྲུང་དབྱང་མི་རིགས་སློབ་གྲྭ་ཆེན་མོ། ལྷོ་ནུབ་མི་རིགས་སློབ་གྲྭ་ཆེན་མོ། ནུབ་བྱང་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་མི་རིགས་སློབ་གྲྭ་ཆེན་མོ། མཚོ་སྔོན་དགེ་ཐོན་སློབ་གྲྭ་ཆེན་མོའི་ཞིབ་འཇུག་སློབ་མ་དང་དངོས་གཞི་སློབ་མ་བཅུ་ཡིས་དང་བླངས་རོགས་སྒྲུབ་ཀྱི་འགན་དང་དུ་བླངས་ནས། མཚོ་སྔོན་ཞིང་ཆེན་རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་གཅན་ཚ་རྫོང་གཅན་ཚ་ཐང་ཞང་དུ་རྟ་རྒྱུགས་འགྲན་ཚོགས་ཀྱི་གོ་སྐབས་བེད་སྤྱད་དེ་ཁོར་ཡུག་སྲུང་སྐྱོབ་ཀྱི་དྲིལ་བསྒྲགས་བྱ་འགུལ་སྤེལ་བ།
འཕྲེད་དར་དང་འགྲེམ་པང་བཤམས་ནས་མང་ཚོགས་ལ་ཁོར་སྲུང་ཤེས་བྱ་དྲིལ་བསྒྲགས་བྱེད་པ།
ཉིན་དེའི་སྔ་དྲོར་མི་ཚོགས་ཀྱི་འདུས་སར་གད་སྙིགས་ཀྱི་རྒྱུན་ཤེས་དང་བོད་ཀྱི་སྲོལ་རྒྱུན་ཁོར་ཡུག་སྲུང་སྐྱོབ་ཤེས་བྱ། གནོད་པ་ཚབས་ཆེ་བའི་གད་སྙིགས་ཀྱི་རིགས་ལས་འཕྲོས་པའི་འབོད་སྐུལ་ལ་སོགས་པའི་བརྗོད་དོན་གྱི་འཕྲེད་དར་དང་འགྲེམ་པང་བཤམས་ནས་མང་ཚོགས་ལ་འགྲེལ་བརྗོད་བྱས་པ་མ་ཟད། མི་ཚོགས་ཀྱི་གསེབ་དུའཛུལ་ནས་འགྲེམ་ཡིག་བཀྲམས་པ་དང་གོ་སྐོན་གྱི་ཁ་བརྡའང་མང་དུ་བྱས། དྲོས་ཇའི་འཐུང་ཡུན་བེད་སྤྱད་ནས་ས་གནས་དེའི་ལོ་ལོན་རྒན་པ་དང་སྡེ་དཔོན་བསམ་ཤེས་ཅན་སོགས་ལ་སྐྱེ་ཁམས་དར་རྒུད་དང། ས་གནས་རིག་གནས་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྐོར་ནས་བཅར་འདྲི་རང་བཞིན་གྱི་ཁ་བརྡ་བྱས། ཕྱི་དྲོའི་ཚ་གདུག་གི་ཁྲོད་དུ་སྒྲོན་མེ་ཚོགས་པ་དང་སློབ་ཆེན་སློབ་མ།སློབ་འབྲིང་གི་དགེ་རྒན་སྐོར་ཞིག་གིས་དབུ་ཁྲིད་ནས་ཁོར་ཡུག་གི་གད་སྙིགས་བཏུ་བའི་འགོ་བརྩམས།
ལོ་མང་ས་ལ་འབྱར་བའི་གད་སྙིགས་དེ་རིང་ང་ཡིས་ཉ་ར་བྱེད།
དང་ཐོག་མི་ཚོགས་ཀྱི་གདན་དུ་བྱས་པའི་གད་སྙིགས་ལ་གཙང་བཙོག་མེད་པར་འགྱིག་དམ་དང་འགྱིག་ཤོག ཆུ་ཀུབ་ཀྱི་ཤུན་ལྤགས ཤེལ་ཆག ལྷམ་ཆད། རས་ཆད་ལ་སོགས་པའི་གད་སྙིགས་གཙང་སྦྲ་བྱེད་དུས། ལྟད་མོ་བའི་མཐོང་ལམ་བསྒྲིབ་མཁན་གྱི་སྤྲང་བོ་མིག་ཤེལ་ཅན་དེ་དག་ལ་ཡིད་ཆེས་བྱེད་དཀའ་བའི་རྣམ་འགྱུར་དང་མིག་མདའ་སྣ་ཚོགས་བྱུང་། ཡིན་ཡང་ལོ་ལོན་བསམ་ཤེས་དང་བྱིས་པ་ཡ་རབས་སྐོར་ཞིག་ཀྱང་གཅིག་རྗེས་གཉིས་མཐུད་ཀྱིས་བྱ་འགུལ་ལ་ཞུགས་ནས་བྱ་བ་དེའི་མཇུག་བར་དུ་བསྐྱངས། དུས་ཚོད་གཉིས་ལྷག་གི་རིང་ལ་གད་སྙིགས་རྩྭ་སྒྱེ་ཆེན་པོ་དྲུག་ལྷག་བཏུ་ཐུབ་སོང་།
གད་སྙིགས་འཐུ་བ།
ཕྱི་དྲོ་ཆུ་ཚོད་ལྔའི་སྟེང་བྱ་འགུལ་དེའི་མཇུག་སྡོམ་ཚོགས་འདུ་ཐོག སློབ་གྲོགས་ཚོས་རང་རང་གི་བསམ་པའི་འཆར་སྒོ་བརྗོད་སྐབས། སའི་གོ་ལ་ནི་ང་ཚོ་འགྲོ་བ་སེམས་ཅན་ཡོངས་ཀྱི་ཐུན་མོང་གི་ཕ་ཡུལ་ཡིན་པ་མ་ཟད་ང་ཚོར་སའི་གོ་ལ་གཅིག་ཁོ་ན་ལས་མེད། དེར་གླིང་གང་དུ་ཡོད་པའི་མི་རེ་རེ་ནས་སྲུང་སྐྱོབ་བྱེད་དགོས་པས་ཐེངས་འདིའི་བྱ་འགུལ་ལ་དོན་སྙིང་ལྡན་ཞིང་། དེ་རིང་ང་ཚོས་སུས་ཀྱང་དགེ་རྒན་དང་ཞིབ་འཇུག་སློབ་མ། དངོས་གཞི་སློབ་མ་ལ་སོགས་པའི་གསོག་གསོབ་ཀྱི་ཐོབ་ཐང་གཡུགས་ནས་གད་སྙིགས་བཏུས་ཏེ་ཁོར་ཡུག་སྲུང་སྐྱོབ་བྱས་པ་འདི་ནི་དོན་དམ་པའི་ཤེས་ལྡན་པའི་བྱ་བ་དང་ཐོབ་ཐང་ཡིན།
ཐེངས་འདིའི་ང་ཚོ་ལྷན་ཞུགས་ཀྱི་བྱ་འགུལ་འདིས་རྗེས་ཕྱོགས་ཀྱི་ཁོར་ཡུག་སྲུང་སྐྱོབ་འཕེལ་རྒྱས་འགྲོ་བའི་ས་བོན་ཙམ་དུ་འགྱུར་བའི་སྨོན་ལམ་དང་བཅས་ལྷུག་པར་བརྗོད་པ་མ་ཟད།རྗེས་ཕྱོགས་ནས་ཀྱང་སྐྱེ་ཁམས་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་བྱ་བ་རླབས་ཆེན་དེ་རིགས་ལ་ཞུགས་འདོད་ཆེ་བའི་བསམ་འདུན་ཡོད་པར་བཤད།