རེབ་གོང་རིག་གནས་སྒྱུ་རྩལ་སྐྱེ་ཁམས་སྲུང་སྐྱོང་བྱ་བ་ཚན་རིག་གི་འཕེལ་རིམ་གསར་བར་བསྐྱོད་པ།
ཐང་ཀ་བཞེངས་བཞིན་པ།
གསར་འགོད་པས་རྒྱུས་ལོན་བྱས་པ་ལྟར་ན། 《རེབ་གོང་རིག་གནས་སྒྱུ་རྩལ་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་སྤྱིའི་འཆར་འགོད》ཞེས་པར་དངོས་སུ་རིག་གནས་པུའུ་ཡི་ཆོག་མཆན་ཐོབ་པ་རེད། འདིས་རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ཚོད་ལྟའི་ས་ཁུལ་འཛུགས་སྐྲུན་དེ་ཚན་རིག་དང་མཐུན་པ་དང་། གོ་རིམ་ལྡན་པའི་རྣམ་པ་གསར་བ་ཞིག་ལ་འཕེལ་པ་མཚོན་ཞིང་། རེབ་གོང་རིག་གནས་སྐྱེ་ཁམས་སྲུང་སྐྱོང་དང་། སྐྱེ་ཁམས་ཁོར་ཡུག་ལེགས་བསྒྱུར། རེབ་གོང་རིག་གནས་ཤུལ་བཞག་སྔར་ལས་ལྷག་པར་སྲུང་སྐྱོང་། ས་ཁུལ་གྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་ཡར་སྐུལ་བྱེད་པ་སོགས་ཀྱི་ཐད་ལ་དོན་སྙིང་གལ་ཆེན་ལྡན་པ་རེད།
རེབ་གོང་རིག་གནས་སྒྱུ་རྩལ་ནི་བོད་རྒྱུད་ནང་བསྟན་གྱི་ཆོས་ལུགས་སྒྱུ་རྩལ་གལ་ཆེན་ཞིག་ཡིན་ཏེ། ཐང་ཀ་དང་། ལྷ་སྐུ མཆོད་མར་མེ་ཏོག འཛུགས་སྐྲུན་ཚོན་རིས་སོགས་རྣམ་པ་མང་པོའི་སྒྱུ་རྩལ་འདུས་ཤིང་། 2009ལོ་ནས་བཟུང་། ཐང་ཀ་སྒྱུ་རྩལ་དང་། འབག་སྐུ ། ཚེམ་གྲུབ་བཅས་རེབ་གོང་སྒྱུ་རྩལ་གྱི་ཚབ་བྱེད་སྒྱུ་རྩལ་གཙོ་བོར་བཀོད་དེ། མཉམ་འབྲེལ་རྒྱལ་ཚོགས་རིག་དངོས་རྩ་འཛུགས་མངོན་མིན་རིག་གནས་ཤུལ་བཞག་གི་གྲས་སུ་འཚུད་པ་རེད།
རེབ་གོང་རིག་གནས་སྒྱུ་རྩལ་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་ནི་རིག་གནས་པུའུ་ཡིས་ཆོག་མཆན་གནང་བའི་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་ཨང་གསུམ་པ་དང་། གྲངས་ཉུང་མི་རིགས་ས་ཁུལ་ལས་རྒྱལ་ཁབ་རིམ་པའི་རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་ཐོག་དང་པོར་བཀོད་པ་རེད།
《རེབ་གོང་རིག་གནས་སྒྱུ་རྩལ་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་སྤྱིའི་འཆར་འགོད》ནི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་བྱེད་པ་གཙོར་དམིགས་པའི་སྤྱིའི་འཆར་འགོད་ཅིག་ཡིན་ལ། མཚོ་སྔོན་ཞིང་ཆེན་གྱི་ཐུན་རིན་རྫོང་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་བཅས་འདིའི་གྲས་སུ་འཚུད་པ་རེད། འདི་ལ་ནང་དོན་གྱི་ཆ་ནས་གཙོ་བོ། དང་པོ། གཞུང་ལུགས་ཞིབ་འཇུག་དང་། རིག་གནས་ཐོན་ཁུངས་དང་རིག་གནས་སྐྱེ་ཁམས་ཀྱི་ད་ལྟའི་གནས་བབ་ཞིབ་འཇུག གཉིས་པ། རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་འཛུགས་སྐྲུན་དམིགས་ཡུལ་དང་བྱ་བའི་ལམ་ཕྱོགས། སྲུང་སྐྱོང་ནད་དོན། གསུམ་པ། རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་སྲུང་སྐྱོང་ཁྱབ་ཁུངས་དང་གནད་འགག་ས་ཁུལ། བཞི་བ། རིག་གནས་སྐྱེ་ཁམས་སྲུང་སྐྱོང་ས་ཁུལ་གྱི་སྲུང་སྐྱོང་ཐབས་ལམ་སོགས་ཡིན་ཞིང་། འཆར་འགོད་འདིའི་དུས་ཡུན་ནི་2010ལོ་ནས2025ལོའི་བར་ཡིན་པ་རེད།