ནགས་ཚལ་དང་རི་སྐྱེས་སྲོགས་ཆགས་ཀྱི་འབྲེལ་བ།
ནགས་ཚལ་ནི་རི་སྐྱེས་སྲོག་ཆགས་མང་ཆེ་བ་ཞིག་གི་ནམ་ཡང་ཁ་འབྲལ་མི་རུང་བའི་ཁྱིམ་གཞི་དང་འཚོ་བ་ཅི་དགར་རོལ་བའི་གླིང་ག་ཡིན། འོན་ཀྱང་མིའི་རིགས་ཀྱིས་རང་གི་འཚོ་བའི་དོན་དུ་ཚོད་འཛིན་མེད་པའི་ངང་ནགས་ཚལ་ལ་གཏོར་རླག་དང་ཡུལ་ལ་ལར་ནགས་ཚལ་སྐྲ་བཞར་བ་ལྟར་རྩ་མེད་དུ་བཏང་བས་རི་སྐྱེས་སྲོགས་ཆགས་མང་ཆེ་བར་གནས་པའི་ཚང་དང་བཟའ་བའི་ཟས། བཏུང་བའི་ཆུ། འགྲོ་བའི་ལམ་མེད། ཚན་རིག་པས་དཔྱད་པ་བཏང་བ་ལྟར་ན་ནགས་ཚལ་རྒྱ་ཁྱོན10%ཇེ་ཉུང་ལ་སོང་དུས་ནགས་ཚལ་དེའི་ནང་གི་སྐྱེ་དངོས་རིགས50%མེད་པར་འགྲོ་ངེས་ཡིན་ཟེར།སའི་གོ་ལའི་ཐོག་ཕལ་ཆེར་དངོས་རིགས་ཁྲི་ཚོ5000ལྷག་ཡོད་པའི་ནང་50%ནགས་ཚལ་ན་ཡོད། ནགས་ཚལ་ལ་གཏོར་རླག་ཆེན་པོ་བྱས་པའི་དབང་གིས་སའི་གོ་ལའི་ཐོག་གི་སྐྱེ་དངོས་རིགས25%རྩ་མེད་དུ་གྱུར་བ་དང20%-30%རྩ་མེད་དུ་འགྲོ་བའི་ཉེན་ཁ་ཡོད། ཚན་རིག་པས་འདབ་ཆགས་རིགས་ལ་ཞིབ་འཇུག་བྱས་པ་ལྟར་ན་མིའི་རིགས་ཀྱིས་ཞིང་ལས་སྤེལ་བའི་ཆེད་དུ་ནགས་ཚལ་གཏོར་རླག་བྱས་ནས་རྨོ་ཞིང་དུ་བསྒྱུར་བར་བརྟེན་སའི་གོ་ལའི་ཐོག་བརྒྱད་ཆ་གཅིག་གི་འདབ་ཆགས་ཏེ་ཕལ་ཆེར་འདབ་ཆགས་རིགས1211མེད་པར་གྱུར། འདབ་ཆགས་རིགས་ཇེ་ཉུང་ལ་སོང་བའི་རྒྱུ་མཚན་གཙོ་བོ་ནི་མིའི་རིགས་ཀྱིས་ཁོ་ཚོས་འཚོ་བ་རོལ་བའི་གླིང་ག་དང་བུ་རབས་ཚ་རྒྱུད་སྤེལ་བའི་ཁྱིམ་གཞི་བརླགས་པས་རེད། ཞིང་ལས་སྤེལ་བའི་ཆེད་དུ་ནགས་བཅད་ནས་ས་རྒོད་མང་པོ་བསློགས་པས་ད་སྔ་ལོ་སུམ་ཅུ་ནང་དབྱིན་ཇི་རྒྱལ་ཁབ་ནས་བྱ་རིགས་ཀྱི་ཁ་གྲངས77%ཇེ་ཉུང་ལ་སོང་། ང་ཚོས་ཤེས་གསལ་ལྟར་རི་སྐྱེས་སྲོགས་ཆགས་ནི་ནགས་ཚལ་གྱི་གྲུབ་ཆ་གཙོ་བོ་ཞིག་ཡིན་ལ། ནགས་ཚལ་ལ་གཅེས་སྐྱོང་དང་དོ་དམ་གང་ལེགས་བྱས་ན་རི་སྐྱེས་སྲོགས་ཆགས་ཀྱི་འཚོ་བ་དང་ཚེ་སྲོག རྒྱུད་སྤེལ་སོགས་ལ་ཕན་པ་ཧ་ཅང་ཆེ། ནགས་ཚལ་དུ་རི་སྐྱེས་སྲོགས་ཆགས་རིགས་ཀྱི་ཁ་གྲངས་མང་བ་ནི་ནགས་ཚལ་དེར་སྐྱེ་སྟོབས་ལྡན་པའི་མཚོན་རྟགས་ཡིན། རི་སྐྱེས་སྲོགས་ཆགས་ཀྱིས་ད་དུང་སྐྱེ་ཁམས་ཁོར་ཡུག་ལ་སྙོམ་སྒྲིག་དང་ནགས་ཚལ་གྱི་རྒྱུན་སྲིང་འཕེལ་རྒྱས་ལ་ཕན་ཐོགས་ཆེན་པོ་ཡོད། དཔེར་ན་ཤིང་རྟ་མོ་སོགས་ཀྱིས་ནགས་ཚལ་གྱི་གནོད་འབུ་དང་རྩ་འབྲུ་ཅི་རིགས་བཏུས་ནས་ཟ་བ་དང་འུག་པ་སོགས་ཀྱིས་ནགས་ནང་གི་ཙི་གུ་སོགས་བཟུང་ནས་ཟ་བས་ནགས་ཚལ་ལ་སྲུང་སྐྱོང་ཡག་པོ་བྱེད་ཐུབ། རི་སྐྱེས་སྲོག་ཆགས་མང་ཆེ་བ་ཞིག་གིས་ནགས་ཚལ་ལ་བརྟེན་ནས་འཚོ་བ་སྐྱོང་དགོས་པས་ཁོ་ཚོ་ནགས་ཚལ་ལ་རག་ལས་ཧ་ཅང་ཆེ། ལྷག་པར་དུ་ཤིང་ལོ་དང་སྨྱུག་ལོ། ཤིང་འབྲུ། ནགས་རྩྭ་སོགས་ཟ་བའི་རི་སྐྱེས་སྲོག་ཆགས་ལ་མཚོན་ན་ནགས་ཚལ་དང་ཁ་བྲལ་ཐབས་མེད། དཔེར་ན་རྒྱལ་ཁབ་ཀྱི་གཅེས་སྐྱོང་བྱེད་པའི་སྲོག་ཆགས་རྩ་ཆེན་དོམ་ཁྲ་ལ་མཚོན་ན་གྲངས་ཀ་ཧ་ཅང་ཉུང་ཞིང་འཕེལ་སྟོབས་ཞན་པའི་ཁར་རང་བྱུང་གནོད་འཚེ་དང་རྔོན་པས་བསད་པ་ལས་གཞན་ད་དུང་མི་ཚོས་སྨྱུག་ནགས་བཅད་དེ་རྨོ་ཞིང་དུ་བསྒྱུར་ནས་འཚོ་བའི་ཁོར་ཡུག་བརླགས་པ་དང་ཁྱིམ་གཞི་གཏོར་བས་སྲོག་ཆགས་དེ་རིགས་རྩ་མེད་དུ་འགྲོ་བའི་ཉེན་ཁ་ཧ་ཅང་ཆེ། ནགས་ཚལ་ལ་བརྟེན་ནས་འཚོ་བ་བྱེད་པའི་རི་སྐྱེས་སྲོག་ཆགས་ཕལ་ཆེར་རྩྭ་གཟན་དང་ཤ་གཟན། འདབ་ཆགས། འབའ་འབུ་སོགས་རིགས་མང་པོ་ཡོད། ཁོ་ཚོས་ནགས་ཚལ་ལ་བརྟེན་ནས་འཚོ་བ་རོལ་དགོས་པ་བདེན་ན་ཡང་བྱེ་བྲག་ཏུ་བཤད་ན་ནགས་ནང་དུ་གནས་པའི་སྲོགས་ཆགས་རིགས་ཐམས་ཅད་ཀྱིས་ཕན་ཚུན་ལ་བརྟེན་ནས་འཚོ་བ་རོལ་བ་དེ་ཡང་རང་བྱུང་ཆོས་ཉིད་ཡིན། དཔེར་ན། ཤ་གཟན་གྱིས་ལྟོགས་སྐོམ་སེལ་བའི་ཆེད་དུ་རྩྭ་གཟན་ཟ་བ་དང་། སྲོག་ཆགས་རིགས་ཆེ་བས་ཆུང་བ་ཟ་བ། འདབ་ཆགས་རིགས་ཀྱིས་ཤིང་འབུ་དང་ཉ་རིགས། ལྟོ་འགྲོ་རིགས་བཏུས་ནས་ཟ་བ། རི་སྐྱེས་སྲོག་ཆགས་ནགས་ཚལ་ལ་བརྟེན་ནས་འཚོ་བ་རོལ་དགོས་པར་མ་ཟད། ཁོ་ཚོ་ཕན་ཚུན་བར་ཡང་གཅིག་གིས་གཅིག་ལ་བརྟེན་ནས་འཚོ་བ་རོལ་དགོས། གལ་ཏེ་རྩྭ་གཟན་རིགས་ཤིག་གི་རིགས་རྒྱུད་ཉམས་སོང་ཚེ་ཤ་གཟན་རིགས་ཀྱི་འཚོ་གནས་ལ་གནོད་པ་ཆེ། འདབ་ཆགས་རིགས་ཤིག་མེད་སོང་ན་འདབ་ཆགས་རིགས་གཞན་ཞིག་ལ་གནོད་པ་ཡོད། དཔེར་ན་རི་བོང་མེད་སོང་ན་རི་བོང་ཟས་སུ་བསྟེན་པའི་ཤ་གཟན་དང་འདབ་ཆགས་རིགས་ཀྱི་ཚེ་སྲོག་ལ་གནོད་པ་ཆེ། དེའི་ཕྱིར་ནགས་ཚལ་ནང་གི་སྲོག་ཆགས་རིགས་གང་ཡིན་ཡང་མེད་མི་རུང་བས་དེ་དག་ལ་གནོད་པ་བསྐྱལ་མི་རུང་། འོན་ཀྱང་ད་སྐབས་མིའི་རིགས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ཆེ་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་བའི་ཁོར་ཡུག་ཇེ་ཆུང་ཡིན། དེའི་ཁར་ད་དུང་མེའི་འཇིགས་པ་དང་ཆུའི་འཇིགས་པ། ཐན་པ་སོགས་ནི་ནགས་ཚལ་གྱི་རྒྱ་ཁྱོན་ཇེ་ཆུང་དང་རི་སྐྱེས་སྲོག་ཆགས་ཇེ་ཉུང་ལ་འགྲོ་བའི་རྒྱུ་རྐྱེན་ཞིག་རེད། ནགས་ནང་གི་རི་སྐྱེས་སྲོག་ཆགས་ད་དུང་རྔོན་པས་འཛིན་བཟུང་དང་སྲོག་ཆགས་ཚོང་བའི་ཉེས་ཅན་གྱིས་དམར་སྲོད་བྱས་པ་ཡང་རི་སྐྱེས་སྲོག་ཆགས་ཇེ་ཉུང་ལ་སོང་བའི་རྒྱུ་མཚན་གཞན་ཞིག་རེད། ང་ཚོ་མིའི་རིགས་ཀྱིས་ནགས་ཚལ་དང་རི་སྐྱེས་སྲོག་ཆགས་བར་གྱི་འབྲེལ་བ། མིའི་རིགས་དང་ནགས་ཚལ། རི་སྐྱེས་སྲོག་ཆགས་བར་གྱི་འབྲེལ་བ་ཡག་པོ་ཡོང་བར་ཧུར་བརྩོན་བྱེད་དགོས། མི་ཚང་མས་རྒྱལ་ཁབ་ཀྱིས་བསྒྲགས་པའི《རི་སྐྱེས་སྲོག་ཆགས་ལ་སྲུང་སྐྱོབ་བྱེད་