ནགས་ཚལ་དང་ཆུའི་འབྲེལ་བ།
མི་ཚོས་ནགས་ཚལ་ནི་ལྗང་མདོག་གི་རྒྱ་མཚོ་རེད་ཅེས་བསྟོད་བསྔགས་བྱེད་ཀྱིན་ཡོད། ཚན་རིག་པས་དཔྱད་པ་བཏང་བ་ལྟར་ན་ནགས་ཚལ་སྤྱི་ཆིང་གཅིག་གི་ནང་དུ་སྨི་རང་སུམ་སྒྱུར1000གི་ཆུ་བསགས་ཐུབ། འོན་ཀྱང་ཉེ་བའི་ལོ་དུ་མའི་རིང་ལ་མིའི་རིགས་ཀྱིས་ཞིང་ལས་དར་སྤེལ་དང་དཔལ་འབྱོར་འཛུགས་སྐྲུན། བཟོ་ལས། དམག་འཁྲུག་ལ་སོགས་པའི་ཆེད་དུ་ཆོག་ཤེས་མེད་པའི་སྒོ་ནས་འདོད་པ་ལྟར་ནགས་གཅོད་པ་དང་རང་བྱུང་མེ་སྐྱོན་དང་ཐན་པ་སོགས་རྐྱེན་ཅི་རིགས་ཀྱིས་ནགས་ཚལ་ལ་གཏོར་རླག་ཚབས་ཆེན་བྱས་པས་འཛམ་གླིང་ནས་ནགས་ཚལ་གྱི་རྒྱ་ཁྱོན་ཉིན་རེ་བཞིན་ཇེ་ཆུང་དུ་འགྲོ་བཞིན་ཡོད། ནགས་ཚལ་ཇེ་ཉུང་ལ་སོང་བར་བརྟེན་ཆར་ཆུ་དཀོན་པས་ས་གནས་ལ་ལར་ཐན་པ་བྱུང་བ་མང་། ཆར་ཆུ་མང་བའི་སྐབས་སུ་ཆུ་བསག་མི་ཐུབ་པས་ཆུ་ལོག་གི་གནོད་སྐྱོན་མང་། དཔེར་ན་བྷང་ག་ལར་མཚོན་ན་ལོ་རྒྱུས་ཐོག་ལོ་ལྔ་བཅུའི་ནང་ཆུ་ལོག་ཐེངས་གཅིག་བྱུང་བ་ཡིན་མོད། འོན་ཀྱང་ལོ་རབས་ཉི་ཤུ་བའི་དུས་རབས་བརྒྱད་ཅུ་ནས་བཟུང་ལོ་བཞིའི་ནང་ཆུ་ལོག་ཐེངས་གཅིག་བྱུང་འདུག རང་རྒྱལ་ལ་མཚོན་ན་ཡང་དེ་འདྲའི་དཔེ་འཇོག་མང་པོ་ཡོད། ནགས་ཚལ་གཏོར་རླག་བྱེད་དྲགས་པས་དུས་རབས་ཉི་ཤུ་བའི་ལོ་རབས་བརྒྱད་ཅུ་ནང་གླིང་ཆེན་ཨ་ཧྥེ་རི་ཁར་ཆར་ཆུ་ཧ་ཅང་དཀོན་པས་རྒྱལ་ཁབ་སུམ་ཅུ་ལྷག་ལ་ལོ་རྒྱུས་ཐོག་བྱུང་མ་མྱོང་བའི་ཐན་པ་བྱུང་ནས་ཨེ་ཙེ་ཨོ་ཕི་ཡ་རྒྱལ་ཁབ་ནས1984-1985ལོ་གཉིས་ལ་མི་ཁྲི་ཚོ་བརྒྱ་ལྷག་བཀྲེས་སྐོམ་གྱིས་འཆི་བའི་ལམ་དུ་བཏང་། ནགས་ཚལ་ཇེ་ཉུང་ལ་སོང་བས་སའི་གོ་ལའི་སྐམ་ས་ནས60%ཡི་ས་ཆ་དང་རྒྱལ་ཁབ་བརྒྱ་ལྷག་ལ་ཚྭ་མེད་བཏུང་ཆུ་དཀོན། ཀྲུང་གོའི་དེང་རབས་ཀྱི་རྩོམ་རིག་པ་ཆེན་པོ་སྐུ་ཞབས་ལུའུ་ཞུན་གྱིས་ནགས་ཚལ་བཅད་ཚར་བ་ན་མཚོ་དང་མཚེའུ་ཐམས་ཅད་བསྐམས་ནས་མ་འོངས་བའི་དུས་ལ་ཆུ་ཐིགས་ཙམ་གྱི་རིན་ཐང་ནི་མིའི་ཟུངས་ཁྲག་ལས་ཀྱང་དཀོན་ཞེས་གསུངས་པ་དང་། ཚན་རིག་པ་གྲགས་ཅན་ཧྥི་ལན་ཁེ་ལིན་གྱིས་ཁྲོམ་པ་མ་བསྐམས་ན་ཆུ་ཡི་རིན་ཐང་མི་ཤེས་ཞེས་གསུངས། རང་བྱུང་ཁམས་ཆེན་པོ་ནས་ནགས་ཚལ་ནི་ཆུའི་འབྱུང་ཁུངས་གཙོ་བོ་ཡིན་ལ། ནགས་ཚལ་མང་ས་ནས་ཆུའི་ཐོན་ཁུངས་ཀྱང་མོད་པོ་ཡོད་པ་དཔེར་ན་བོད་ལྗོངས་ཀྱི་ཉིང་ཁྲི་ས་ཁུལ་ལྟ་བུ་ཡིན་ན་ཚང་ཚིང་དཀྲིགས་པའི་ནགས་ཚལ་ཆེན་པོ་ལྡན་པས་ལུང་བ་ཆེ་ཆུང་ན་བཞུར་ཆུ་མེད་པ་མེད། རི་ལུང་གཡང་གཟར་བས་འབབ་ཆུའི་ཝུ་བ་དཀར་པོ་འཕྱོ་བཞིན་བཞུར་བས་རྒྱང་རིང་ནས་བལྟས་དུས་འོ་ཞོ་འཕྱུར་བ་ལྟ་བུ་རེད།སའི་གོ་ལའི་ཐོག་གི་ཆུའི་ཐོན་ཁུངས་ནི་ཧ་ཅང་མོད་པོ་ཞིག་ཡིན་ན་ཡང་དོན་དངོས་སུ96%ཡན་ནི་རྒྱ་མཚོའི་ཆུ་ཡིན། ང་ཚོས་དུས་རྒྱུན་བཤད་པའི་ཆུའི་ཐོན་ཁུངས་ནི་མང་ཆེ་བས་སྐམ་སའི་ཚྭ་མེད་ཆུ་ཡི་ཐོན་ཁུངས་དང་། གསལ་བོར་བཤད་ན་སེམས་ཅན་གྱི་བཏུང་བའི་ཚྭ་མེད་ཆུ་དེ་ཡིན། ཚྭ་མེད་ཆུའི་ཐོན་ཁུངས་གཙོ་བོ་ནི་གཙང་པོའི་ཆུ་དང་མཚེའུའི་ཆུ(ཚྭ་མེད་མཚེའུའི་ཆུ)ས་འོག་གི་ཆུ། ཆར་ཆུ། གངས་ཆུ། རྫ་ཆུ། ཁྲོན་ཆུ། ཆུ་མིག་གི་ཆུ་སོགས་ཡིན། སྤྱིར་བཏང་དུ་བཤད་ན་ཆར་ཆུ་མང་སར་ཚྭ་མེད་ཆུ་མོད་པོ་དང་། ཆར་ཆུ་ཉུང་སར་དཀོན་པའོ། ། ནགས་ཚལ་གྱི་ཁྱོན་ཡངས་ཤིང་ཚང་ཚིང་སྟུག་པོ་ཡིན་པའི་ས་ཆར་ཆར་ཆུ་འབབ་པ་མང་། ཚན་རིག་པས་དཔྱད་པ་བཏང་བ་ལྟར་ན་གལ་སྲིད་གནམ་ནས་ཆར་མ་བབས་ན་སའི་གོ་ལའི་ཚྭ་མེད་ཆུ་དེ་མིའི་རིགས་ལ་ལོ་བཞི་མིན་སྤྱོད་རྒྱུ་མེད། དུས་རབས་ཉི་ཤུ་བའི་ནང་སའི་གོ་ལའི་ཐོག་གི་མི་གྲངས་ལྡབ་གཉིས་འཕར་བ་དང་། འོན་ཀྱང་ཆུའི་སྤྱོད་ཚད་ལྡབ་ལྔ་འཕར། ཚྭ་མེད་ཆུ་ནི་སའི་གོ་ལའི་ཐོག་ཆེས་རྩ་ཆེན་གྱི་ཐོན་ཁུངས་ཡིན་ལ། མིའི་རིགས་ཀྱི་ཚེ་སྲོག་སྐྱོང་བའི་ཉིང་བཅུད་ཡིན། ནགས་ཚལ་ནི་ཚྭ་མེད་ཆུའི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པས་མིའི་རིགས་ཀྱིས་རྒྱུན་སྲིང་ཐུབ་པའི་འཕེལ་རྒྱས་ཀྱི་རིགས་གཞུང་ལྟར་རང་གི་ཚེ་སྲོག་ལ་གཅེས་པ་བཞིན་ནགས་ཚལ་ལ་གཅེས་དགོས།