logo

མདོ་དབུས་མཐོ་སྒང་གི་གཙང་བོ་དང་མཚོ་མཚེའུའི་འབྱུང་ཁུངས་ལ་སྲུང་སྐྱོབ་བྱེད་ཐབས།

རྩོམ་པ་པོ།:དཔའ་རིས་བསོད་ནམས་ཚེ་རིང་། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2008-05-07 ཀློག་གྲངས།:

   མདོ་དབུས་མཐོ་སྒང་ནི་གཙང་བོ་ཆེན་པོ་དང་མཚོ་དང་མཚེའུ་མང་པོའི་འབྱུང་ཁུངས་ཡིན་པ་བདེན་ན་ཡང་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་གང་ལེགས་མ་བྱས་ཚེ་ཆུའི་ཐོན་ཁུངས་རིམ་བ།ཞིན་ཉམས་འགྲོ། དེས་ན་ཆུའི་ཐོན་ཁུངས་ལ་ཇི་ལྟར་སྲུང་སྐྱོབ་བྱ་དགོས་ཤེ་ན། བདག་གི་ལྟ་ཚུལ་ལ། དང་པོ་ཆུ་ཡི་གལ་ཆེན་རང་བཞིན་དང་ཆུ་དང་མིའི་ཚེ་སྲོག ཆུ་དང་སྐྱེ་དངོས་ཐམས་ཅད་བར་གྱི་འབྲེལ་བ།  ཆུའི་ཕན་ཡོན་ལ་གསལ་བསྒྲག་ཡང་བསྒྲག་བྱས་ནས་ཆུ་ནི་ཚེ་སྲོག་གི་འབྱུང་ཁུངས་དང་ཆུ་མེད་ན་ཚེ་སྲོག་ཀྱང་མེད་པའི་གནས་ལུགས་མི་ཚོར་ཤེས་པར་བཅུག་སྟེ་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་དང་ཆུའི་ཐོན་ཁུངས་ལ་གཅེས་འཛིན་བྱ་བའི་འདུ་ཤེས་མཐོ་རུ་གཏོང་དགོས། ནང་སྒོས་སུ་ལོ་རེའི་འཛམ་གླིང་ཆུའི་ཉིན་མོ་དང་ཀྲུང་གོའི་ཆུའི་གཟའ་འཁོར་སྐབས་སུ་ལྷག་ཏུ་ཤུགས་ཆེན་པོའི་ངང་དྲིལ་བསྒྲགས་བྱེད་དགོས།

   གཉིས་པ་ཆུའི་མགོ་ཁུངས་ཡུལ་གྱི་རང་བྱུང་སྐྱེ་ཁམས་ཁོར་ཡུག་ལ་སྲིད་གཞུང་དང་མང་ཚོགས་སྟོབས་ཤུགས་གཅིག་སྒྲིལ་བྱས་ནས་སྲུང་སྐྱོབ་གང་ལེགས་བྱས་ནས་མགོ་ཁུངས་ཡུལ་དུ་བྱེ་འགོག་ནགས་འཛུགས་དང་ཕྱུགས་སྐྱུར་རྩྭ་འདེབས། ས་ཆུ་སྲུང་འཛིན།  སྐྱེ་ཁམས་སྲུང་སྐྱོབ་སོགས་ཀྱི་ལས་ལ་བརྩོན་འགྲུས་ཆེན་པོ་བྱེད་དགོས།

   གསུམ་པ་བཞུར་ཆུའམ་ཁྲོན་ཆུ། མཚོ་དང་མཚེའུ་ནང་དུ་ལུས་ཕུང་དང་གྱོན་ཆས་མི་བཀྲུ་བ་དང་གད་སྙིགས་གང་ཡིན་སར་མི་འབོ།  བཞུར་ཆུར་བཙོག་སྐྱོན་གཏོང་བའི་ཁེ་ལས་མི་འཛུགས། ཆུ་བཞུར་ལམ་གཡས་གཡོན་དུ་གཏེར་སྔོག་པ་དང་ཤིང་གཅོད་པ། ས་རྐོ་རྡོ་སློག་མི་བྱེད།  མི.སུས་ཀྱང་འཐུང་ཆུའི་བདེ་འཇགས་འགན་སྲུང་བྱས་ནས་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་དགོས། 

   བཞི་བ་རྒྱལ་ཁབ་ཀྱི་ཁྲིམས་ལུགས་དང་དཔལ་འབྱོར་སྲིད་ཇུས་བསམ་བློའི་སློབ་གསོ་ལ་བརྟེན་ནས་ཆུའི་ཐོན་ཁུངས་ལ་ཅི་ཐུབ་ཀྱིས་གྲོན་ཆུང་བྱེད་དགོས།  ཆུ་གྲོན་ཆུང་བྱེད་པའི་ཐད་ཁྲིམས་ལུགས་ཀྱི་ཆ་ནས་གཏན་ཁེལ་དོན་ཚན་རབ་དང་རིམ་པ་ཡོད་དགོས་ལ། དཔལ་འབྱོར་སྲིད་ཇུས་ཐད་ནས་དངོས་ཡོད་གནས་ཚུལ་ལ་གཞིགས་ནས་ཆུའི་རིན་གོང་ཇེ་མཐོར་གཏོང་འོས། དཔེར་ན་ཨ་རུ་རྒྱལ་ཁབ་ལ་མཚོན་ན་ཆུ་རྒྱ་མ་གང་གི་རིན་གོང་ཨ་སྒོར་དྲུག་ནས་བརྒྱད་ཡིན། འོན་ཀྱང་རྡོ་སྣུམ་རྒྱ་མ་གང་གི་རིན་གོང་ཨ་སྒོར་ཟུར་དྲུག་ནས་བརྒྱད་ཡིན། དེ་ནི་དཔལ་འབྱོར་གྱི་ཐབས་ལམ་ལ་བརྟེན་ནས་ཆུ་གྲོན་ཆུང་བྱེད་པའི་ཐབས་གོ་ཆོད་ཅིག་རེད་སྙམ།  ཆུ་ནི་ཚེ་སྲོག་གི་འབྱུང་རྩ་དང་སྐྱེ་འགྲོ་ཡོངས་ཀྱི་ཟུངས་ཁྲག་ལྟ་བུ་དང་སྐྱེ་ཁམས་ལྗང་མྱུག་རིགས་ཀྱི་ལང་ཚོ་རྒྱས་མིན་གྱི་རྩ་བ་ཆུ་ལ་ཐུག་ཡོད་ཅིང་ཆུ་མེད་ན་རང་བྱུང་ཁམས་ཀྱི་སྐྱེ་དངོས་དང་སྲོག་ཆགས་རིགས་མ་ལུས་གཅིག་ཀྱང་འཚོ་ཐབས་མེད་པས་ང་ཚོས་ཆུའི་འཇིགས་པ་མ་ཐོན་པའི་སྔོན་དུ་ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པའི་སྐོར་གྱི་སློབ་གསོ་བཏང་ནས་ཆུ་གྲོན་ཆུང་བྱེད་པའི་འདུ་ཤེས་མཐོར་འདེགས་དང་ཆུ་ཡི་བླ་ན་མེད་པའི་རིན་ཐང་ཤེས་དགོས།

   གཞན་ཡང་ཆུ་གྲོན་ཆུང་བྱེད་པའི་ཆེད་དུ་མདོ་དབུས་མཐོ་སྒང་ནས་ཡུར་ཆུ་འདྲེན་དགོས་པའི་རྨོ་ཞིང་མ་རྨོས་ན་བཟང༌།  དཔེར་ན་རྨ་འབྲི་རྫ་གསུམ་དང་ཡར་ཀླུང་གཙང་བོ།   མཚོ་སྔོན་པོ་ལ་སོགས་པའི་ནང་འབབ་པའི་ཆུ་ལག་མང་པོ་ཡུར་ཆུ་འདྲེན་ཆེས་པས་སྨད་རྒྱུད་ལ་བཞུར་བ་ཉུང༌།  ཆུའི་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་ཆེད་ཡུར་ཆུ་འདྲེན་དགོས་པའི་རྨོ་ཞིང་བསྐྱུར་ནས་ཡུལ་དེ་དག་ལ་མཁོ་བའི་འབྲུ་རིགས་རྒྱལ་ཁབ་སྲིད་གཞུང་གིས་བཀོད་སྒྲིག་དང་རབ་ཡིན་ན་ཕྱི་རྒྱལ་ནས་འབྲུ་རིགས་ནང་ཉོ་བྱས་ན་རིན་གོང་མདོ་དབུས་མཐོ་སྒང་གི་ཆུའི་རིན་གོང་ལས་དམའ་བར་གདོན་མི་ཟའོ།།


འབྲེལ་ཡོད་འོས་སྦྱོར།