logo

༄༅༎མཚོ་སྔོན་ནས་གསེར་ཉའི་ཉ་ཕྲུག་ཁྲི115ལྷག་ཆུ་ནང་དུ་བཏང་།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2020-06-08 ཀློག་གྲངས།:
ཟླ6པའི་ཚེས6ཉིན“རྒྱལ་ཡོངས་ཉ་གསོ་ཉིན་མོར”མཚོ་སྔོན་ཞིང་ཆེན་གྱིས་སྐྱེ་འཕེལ་རྒྱུད་ས་རབས་དང་རིམ་པ་སྤེལ།
ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ལ་བདག་སྐྱོང་བྱས་ཏེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་དགོས། ཟླ6པའི་ཚེས6ཉིན་གྱི་སྔ་དྲོར། མཚོ་སྔོན་ཞིང་ཆེན་གྱིས་མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ་གྱི་མཚོ་སྔོན་པོའི་འབྲོང་ཆུ་དང་ཟི་ལིང་གྲོང་ཁྱེར་མཚོ་མཚེའུ་ཁུལ་གསར་གྱི་རྒྱལ་ཁབ་བརླན་སའི་སྤྱི་གླིང་དུ“རྒྱལ་ཡོངས་ཉ་གསོ་ཉིན་མོ”དང་སྦྲགས་ཏེ་སྐྱེ་འཕེལ་གློད་གཏོང་གི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོའི་ཁྲོད་འབྲོང་ཆུའི་ནང་མཚོ་སྔོན་པོའི་གསེར་ཉའི་ཉ་ཕྲུག་ཁྲི100བཏང་བ་དང་ཙོང་ཆུའི་ནང་གསེར་ཉ་ཁྲ་བོའི་ཉ་ཕྲུག་ཁྲི15བཏང་བ་རེད། ཞིང་ཆེན་ཡོངས་ཀྱི་འབྲེལ་ཡོད་སྡེ་ཁག་གི་ལས་དོན་མི་སྣ་དང་དང་བླངས་པ། སློབ་མ། གྲོང་མི་བཅས་མི400ལྷག་བྱེད་སྒོར་ཞུགས་ཡོད་པ་རེད།
ཤེས་རྟོགས་བྱུང་བར་གཞིགས་ན། ཟླ6པ་ནི་ཉ་རིགས་སོགས་ཆུ་སྐྱེས་སྐྱེ་དངོས་སྐྱེ་འཚར་གྱི་འགག་རྩའི་དུས་སྐབས་ཤིག་ཡིན་པ་དང་། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་བདག་སྐྱོང་བྱེད་པའི་གོ་སྐབས་ཡག་ཤོས་ཤིག་ཀྱང་ཡིན་པས།“རྒྱལ་ཡོངས་ཉ་གསོ་ཉིན་མོའི”སྐབས་དང་བསྟུན་རང་ཞིང་གིས་སྐྱེ་འཕེལ་གློད་གཏོང་གི་བྱེད་སྒོ་སྤེལ་ནས། ཉ་ལས་ཐོན་ཁུངས་སྲུང་སྐྱོང་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས་མི་རྣམས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་རྒྱུ་དང་། ཏང་ཀྲུང་དབྱང་གི“སྐྱེ་ཁམས་དམིགས་བསལ་དང་ལྗང་མདོག་འཕེལ་རྒྱས”ཀྱི་འདུ་ཤེས་ཕྱོགས་ཡོངས་ནས་ལག་བསྟར་དོན་འཁྱོལ་བྱ་རྒྱུ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་རྒྱུ། ཆུའི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱས་ནས་ཆུ་སྐྱེས་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་ལ་སྲུང་སྐྱོབ་བྱ་རྒྱུ་རེད། བྱེད་སྒོ་དེས་རྒྱ་ཆེའི་གྲོང་མི་ཚོར་ཁོར་ཡུག་ལ་གཅེས་སྤྲས་དང་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུའི་གྲོས་འགོ་བཏོན་ནས་རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱ་ཆེད་དགེ་མཚན་ལྡན་པའི་ནུས་པ་འདོན་སྤེལ་བྱས་ཡོད།
ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་ཉ་ལས་དོ་དམ་ཅུས་ཀྱི་ཅུས་ཀྲང་ཞུས་ཧའེ་ཧྥུའུ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན། ཉེ་བའི་ལོ་ཤས་རིང་། ང་ཚོས་སྐྱེ་ཁམས་ལ་བརྟེན་ནས་ཞིང་ཆེན་འཛུགས་པའི་འཐབ་ཇུས་མཐའ་འཁྱོངས་བྱས་ཏེ་མཚོ་སྔོན་པོའི་ཉ་ལས་ཐོན་ཁུངས་སླར་གསོ་བྱ་རྒྱུ་དེ་མཚོ་སྔོན་པོའི་སྐྱེ་ཁམས་འཛུགས་སྐྱོང་གི་ལྟེ་བའི་ལས་འགན་ཞིག་ཏུ་བརྩིས་པ་དང་། མིའི་ཐབས་ཀྱིས་སྐྱེ་འཕེལ་གློད་གཏོང་གི་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། རིམ་རྩིས་བྱས་ན་མཚོ་ནང་དུ་མཚོ་སྔོན་པོའི་གསེར་ཉ་དུང་ཕྱུར1.56བཏང་བ་དེས་མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་སླར་གསོ་བྱ་ཚད23%ཟིན་ཡོད་ལ། མིའི་ཐབས་ཀྱིས་འཕར་བའི་ལག་རྩལ་ཧྲིལ་བོ་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་ཡོད། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་གསོག་ཚད་ཏུན་ཁྲི9.3ཟིན་པ་དེ་སྲུང་སྐྱོང་དུས་འགོའི་ལྡབ35ཡིན་པ་རེད། མཚོ་སྔོན་པོའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་བཟང་པོ་སྲུང་འཛིན་བྱས་པ་དང་བརླན་སའི་རྒྱ་ཁྱོན་བསྟུད་མར་འཕར་སྣོན་བྱུང་ནས། ཆུའི་གཙང་བཟོ་ནུས་པ་མངོན་གསལ་དོད་པོས་ཆེ་རུ་ཕྱིན་ཡོད་ལ། ཆུ་སྐྱེས་སྐྱེ་དངོས་ཐོན་ཁུངས་ཀྱི་འབོར་ཚད་དུས་གཅིག་ཏུ་མང་དུ་ཕྱིན་པས། སྐྱེ་དངོས་སྣ་མང་རང་བཞིན་གྱི་མཛེས་ལྗོངས་དེ་མཚོ་སྔོན་པོར་རྒྱུན་ཆད་མེད་པར་མངོན་གྱི་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་སྐྱེ་འཕེལ་གློད་གཏོང་གི་རིམ་སྟར་བྱེད་སྒོ་དེ་ཟླ་བ་གཉིས་རིང་རྒྱུན་མཐུད་ངང་སྤེལ་རྒྱུ་དང་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་ནང་མཚོ་སྔོན་པོའི་གསེར་ཉ་དང་གསེར་ཉ་ཁྲ་བོ་ཁྲི1720གཏོང་རྒྱུའི་འཆར་གཞི་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།