༄༅།།མཚོ་སྔོན་ཞིང་ཆེན་གྱིས་སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱ་རྒྱུ་རེད།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཉིན་རེའི་གངས་ལྗོངས།
དུས་ཚོད།:2020-06-17
ཀློག་གྲངས།:

ཉེ་ལམ། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕེལ་རྒྱས་བཅོས་བསྒྱུར་ཨུ་ཡོན་ལྷན་ཁང་གིས་འགོ་ཁྲིད་དེ་གཏན་འབེབས་དང་ཁྱབ་སྒྲོག་བྱས་པའི་མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི2020ལོའི་བྱ་བའི་གཙོ་གནད་ཁྲོད་རྒྱུས་ལོན་བྱུང་བ་ལྟར་ན། ད་ལོར་མཚོ་སྔོན་ཞིང་ཆེན་གྱིས་འཛུགས་སྐྲུན་ལས་འགན་རེ་གསུམ་ལག་བསྟར་བྱེད་པ་བརྒྱུད་དེ། སྟོབས་ཤུགས་ཡོད་རྒུས་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་རྒྱུ་རེད་ཟེར།

རྒྱུས་ལོན་བྱུང་བ་ལྟར་ན། ད་ལོ་ནི་མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་གཞི་བཅུ་གསུམ་པ་དང་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་མཇུག་བསྡུ་བའི་ལོ་ཡིན་པས། མཚོ་སྔོན་ཞིང་ཆེན་གྱི་སྐྱེ་ཁམས་དཔལ་ཡོན་སྔོན་བསྐྱོད་དཔེ་སྟོན་ཁུལ་འཛུགས་སྐྲུན་གྱི་དམིགས་འབེན་ལས་འགན་ཁྱོན་ཡོངས་ནས་ལེགས་འགྲུབ་བྱེད་རྒྱུ་དེ་ཞིང་ཆེན་ཡོངས་དང་རྒྱལ་ཡོངས་ཀྱི་སྐྱེ་ཁམས་བདེ་འཇགས་ཁག་ཐེག་བྱེད་པའི་ཐད་དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན། གསར་འགོད་པས་རྒྱུས་ལོན་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་གྱིས་དེང་རབས་མཐོ་སྒང་གི་མཛེས་སྡུག་བདེ་སྐྱིད་ཀྱི་ཟི་ལིང་དང་མཁར་གྲོང་གཅིག་གྱུར་གྱི་མཚོ་ཤར་གསར་བ་མྱུར་དུ་འཛུགས་སྐྲུན་བྱེད་རྒྱུ་ཡིན་པ་དང་། མཚོ་ནུབ་ཀྱི་ཚུལ་བསྒྱུར་འཕེལ་རྒྱས་དང་མཚོ་སྔོན་པོ་མཐའ་སྐོར་ས་ཁུལ་གྱི་ཁྱད་ལྡན་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། མཚོ་སྔོན་ལྷོ་ཕྱོགས་ས་ཁུལ་གྱི་སྲུང་སྐྱོབ་དང་ལྗང་མདོག་གི་འབྲི་རྨ་ཆུའི་འགོ་ཁུངས་འཛུགས་སྐྲུན་བྱེད་པར་རྒྱབ་སྐྱོར་བྱས་ནས། རིམ་པ་བཞིན་ཁུལ་ཁོངས་སོ་སོའི་བར་གྱི་དགེ་མཚན་ཁ་གསབ་གཅིག་གྱུར་མཐུན་སྦྱོར་གྱི་རྣམ་པ་གསར་བ་གྲུབ་པར་བྱེད་རྒྱུ་རེད། གཙོ་བོར་རྒྱུད་གཅིག་ལམ་གཅིག་དང་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོབ་དང་སྤུས་ཚད་མཐོན་པོའི་འཕེལ་རྒྱས། ལན་ཀྲི་དང་མཚོ་སྔོན་གྲོང་ཁྱེར་ཚོགས་སོགས་ཁུལ་ཁོངས་གཙོ་བོའི་འཕེལ་རྒྱས་འཐབ་ཇུས་ལ་དམིགས་ནས། ཟི་ལིང་གི་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་སོགས་འཛུགས་སྐྲུན་བྱེད་རྒྱུ་རེད།

དེ་དང་མཉམ་དུ། སྟོབས་ཤུགས་ཡོད་རྒུས་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོབ་འཛུགས་སྐྲུན་གྱི་བཟོ་སྐྲུན་སྐབས་གཉིས་པ་སོགས་ལག་བསྟར་བྱེད་པ་དང་། ཀྲུང་ཧྭའི་ཆུ་གཏེར་སྲུང་སྐྱོབ་འགུལ་སྐྱོབ་སྤེལ་རྒྱུ་ཡིན་ལ། ཆུའི་ཐོན་ཁུངས་གཏན་འཇགས་སུ་གཏོང་བ་སོགས་ཁྱབ་ཁོངས་ཆེན་པོ་ལྔའི་སྐྱེ་ཁམས་བཟོ་སྐྲུན་ཉེར་ལྔ་ལག་བསྟར་བྱེད་པ་དང་། མུ་མཐུད་དུ་ས་ཁུལ་གཙོ་བོ་དང་ར་བའི་ཁུལ་འཁོར་སྐྱོད་ཅན་བསྒྱུར་བཀོད་བྱེད་པ་དང་། ཉི་འོད་ནུས་པ་སོགས་འཁོར་སྐྱོད་དཔལ་འབྱོར་སྦྲེལ་ཐག་ལེགས་བསྒྱུར་བྱེད་པ། ལིས་གློག་སོགས་རྒྱུ་ཆ་གསར་བའི་ཐོན་ལས་མ་ལག་མྱུར་དུ་འཛུགས་སྐྲུན་བྱེད་པ། སྟོབས་ཤུགས་ཡོད་རྒུས་རྒྱལ་ཁབ་དག་གཙང་ནུས་ཁུངས་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་བཅས་བྱ་རྒྱུ་རེད།