༄༅།།དགོ་དམར“སྲུང་མཁན”གནམ་བྱམས་ཡག
རྩོམ་པ་པོ།:ཁོན་ཐར་འཚོས་བསྒྱུར།
ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ།
དུས་ཚོད།:2020-06-19
ཀློག་གྲངས།:

ལོ་ངོ་གསུམ་གྱི་སྔོན་ཞིག་ལ། ང་དང་གསེར་ཆེན་རྫོང་ཆོས་རྗེ་ཡུལ་ཚོ་རྒྱ་སྐོར་གྲོང་ཚོའི་ཀྲི་པུའུ་ཧྲུའུ་ཅི་གནམ་བྱམས་ཡག་གཉིས་ཟི་ལིང་གི་གྲོགས་པོ་ཞིག་བརྒྱུད་དེ་ངོ་ཤེས་པར་གྱུར། དེ་དུས་ཁོས་གདེང་ཚོད་དང་བཅས་གམ་གྱི་གྲོགས་པོ་རྣམས་ལ། ང་ཚོའི་སྡེ་བའི་རྩྭ་སར་དགོ་དམར་ཡོད་པའི་མི་ཚད། ད་ལྟ་འབྲོག་པ་ཚོས་སྲུང་སྐྱོབ་འོག་ཇེ་མང་དུ་འཕེལ་ནས་ཕྱུགས་འཚོ་དུས་ནམ་རྒྱུན་མཐོང་ཐུབ་ཟེར་བར་ང་རང་ཐེ་ཚོམ་གྱུར་རུང་། གནམ་བྱམས་ཡག་གི་གདན་ཞུའི་གོ་སྐབས་འཐོབ་ཚེ། ང་རང་ཆོས་རྗེ་རྩྭ་ཐང་དུ་ཡིན་གཅིག་མིན་གཉིས་ཐེངས་གཅིག་འགྲོ་དགོས་སྙམ།
དུས་ཡུན་རིང་པོར་སྐྱེ་ཁམས་ལ་དོ་སྣང་བྱེད་མཁན་གསར་འགོད་པ་ཞིག་གི་ངོས་ནས། དགོ་དམར་འཚོ་གནས་ལ་རྒྱུས་ལོན་བྱ་ཞོར་དེའི་སྐོར་གྱི་གསར་འགྱུར་སྤེལ་མྱོང་ཡོད་པས་རང་གི་ཤེས་ཚོད་ཀྱིས་ཅུང་ཟད་གླེང་ན། དགོ་དམར་ནི་རང་རྒྱལ་གྱི་སྲུང་སྐྱོབ་རིམ་པ་དང་པོའི་རི་དྭགས་ཡིན་ཞིང་། ཡར་སྔོན་ཀྲུང་གོའི་ནུབ་བྱང་གི་རྒྱུད་དང་ཧྭ་པའེ་ས་ཁུལ་དུ་ཁྱབ་ཆེ་ན་ཡང་། ཕྱིས་སུ་མིའི་རིགས་ཀྱི་ཐོན་སྐྱེད་ལ་སོགས་འདུ་འགོད་སྣ་ཚོགས་ཀྱི་ཤུགས་རྐྱེན་འོག གཏོར་བརླག་ཚབས་ཆེན་ཐེབས་ནས་ཉམས་རྒུད་ཀྱི་ཉེན་ཁ་ཆེན་པོར་འཕྲད། དེ་ལ་དམིགས་ནས་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མནའ་འབྲེལ་ནས“འཛམ་གླིང་གི་ཉམས་ཉེན་ཆེ་བའི་རི་དྭགས”ཀྱི་གྲས་སུ་བགྲངས། ད་སྔ་མཚོ་སྔོན་པོའི་མཐའ་འཁོར་དང་། མཚོ་ཤར། མདའ་བཞི་རྫོང་། རྐང་ཚ་རྫོང་ཁོངས་སུ་དགོ་དམར་ཐར་ཐོར་དུ་གནས་ཤིང་རྒྱུ་བ་མང་། 2018ལོའི་ཟླ4བར། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ་དོ་དམ་ཅུས་ཀྱིས་མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་དམར་ལ་གྲངས་རྩིས་ལེན་པའི་དཔྱིད་དུས་ཀྱི་རྟོག་ཞིབ་ལྟར་ན། ལོ་ངོ་དུ་མའི་རིང་གི་སྲུང་སྐྱོབ་འོག དགོ་དམར་གྱི་གྲངས་ཀ་དུས་རབས20ལོ་རབས90བའི་ནང་གི་ཁ་གྲངས300ནས་ད་ལྟའི2057ལ་བསླེབས་ཤིང་། དགོ་ཁྱུ་འཚོ་ས7ནས13དུ་གྱུར་ཡོད་ཚུལ་བཀོད་འདུག

ང་ཚོ་མུ་མཐུད་ནས་ལྷོ་ཕྱོགས་སུ་ལེ་དབར་གཅིག་གཉིས་ཙམ་དུ་སོང་མཚམས་གནམ་བྱམས་ཡག་རླངས་འཁོར་ལས་བབས་ཏེ་ཐག་མི་རིང་བའི་སར་རྒྱུ་བའི་དགོ་ཁྱུ་སྟོན་ཞོར། “ཁྱོད་ཀྱིས་ལྟོས་དང་། ཕ་གི་ན་ཡང་དགོ་བ་ལྔ་དྲུག་ཅིག་འདུག ལུག་ཁྱུ་དང་མཉམ་དུ་རྩྭ་ཟ་བཞིན་འདུག”ཟེར། ངས་ཁོས་བསྟན་ཕྱོགས་སུ་ཕར་བལྟས་པ་ན་དགོ་ཁྱུ་དང་ལུག་རྒྱུ། རྫི་བོ་གསུམ་འཆམ་མཐུན་མཉམ་གནས་ངང་འཚོ་བའི་རྣམ་པ་ཉམས་དགའ་བ་ཞིག་མཐོང་། དགོ་བ་དག་གིས་ལན་རེར་རྒྱང་རིང་གི་རི་ཀླུང་ལ་ཅེར་ནས་སྡོད་ལ། ལན་རེར་རྩེད་མོར་གཡེང་ཞིང་ལན་རེར་སྤང་ཐང་དུ་མཆོང་ལྡིང་བྱེད་པ་མཐོང་ན། ཁོ་ཚོ་ནི་ཏག་ཏག་དགའ་ཚལ་འདིའི“མཛེས་པའི་ཕོ་ཉ”དང“མགྲིན་ཚབ་པ”མིན་ནམ་སྙམ་ཡོང་།
ལམ་དུ་ལུག་འཚོ་བཞིན་པའི་འབྲོག་པ་དབང་གྲགས་རྡོ་རྗེ་ལ་འཕྲད། ཁོས་བཤད་རྒྱུར། ཉིན་རེའི་ཞོགས་པའི་ཆུ་ཚོད་དགུ་པ་ནས་བཅུ་པའི་ཐོག་ནི་དགོ་བ་ཕྱིར་ཐོན་ནས་རྩྭ་ཟ་བའི་དུས་ཡིན། ད་ནངས་ཞོགས་པར་ངས་དགོ་བ་དྲུག་བདུན་ཙམ་མཐོང་ཟེར།
ང་ཚོ་འབྲོག་པ་དོན་འགྲུབ་ཚེ་རིང་ཚང་གི་རྩྭ་སའི་སྟེང་འབྱོར་ཞིང་། ཁོས་ངེད་ཚང་གི་རྩྭ་སར་ས་མུའུ་སུམ་སྟོང་ལྷག་ཡོད། དབྱར་དགུན་སྟོན་དཔྱིད་མེད་ལ་དགོ་བ་བཅུ་ནས་བརྒྱད་དུས་རྒྱུན་དུ་མཐོང་ཐུབ། ལོ་ཞིག་ལ་ངེད་ཚང་གི་རྩྭ་སའི་ཐོག་དགོ་བ་བརྒྱ་ཕྲག་ལྷག་ཐོན་ནས་ང་ཚོ་ཧ་ལས་སུ་བཅུག་ཟེར།
ལོ་ངོ་དུ་མའི་རིང་གི་སྲུང་སྐྱོབ་དང་བདག་སྐྱོང་ཁྲོད། དོན་གྲུབ་ཚེ་རིང་དགོ་བར་ཆ་རྒྱུས་ཟབ་མོ་ཡོད་པར་གྱུར། ཁོས་འདི་སྐད། ལོ་རེའི་ལུགས་རྙིང་གི་ཟླ11པར་རྒྱུད་སྤེལ་བ་དང་། ལོ་ཕྱིའི་མའི་ཟླ5པ་ནི་དགོ་ཕྲུག་བཙའ་བའི་དུས་རེད། དུས་རྒྱུན་ཕོ་མོ་ཁ་ཁ་ཕྱེས་ནས་འཚོ་ཟེར། ཡིན་ན་ཡང་དོན་འགྲུབ་ཚེ་རིང་ལ་མཚོན་ན། ད་ལྟའི་རྩྭ་ཐང་གི་སྤྱང་ཀི་དང་། ཁྱི་སྡོམ། ལྕགས་དྲ། རྒྱལ་ལམ་སྟེང་གི་རླངས་འཁོར་སོགས་ཀྱིས་བརླགས་བཞིན་པའི་དགོ་བའི་འཚོ་གནས་ནི་ཁོའི་སེམས་ཀྱི་ན་ཟུག་ཉག་ཅིག་ཏུ་གྱུར། ཁོས་ད་ལོའི་ལོ་སར་གྱི་སྐབས་སུ་རྒྱལ་ལམ་སྟེང་དགོ་དམར་གསུམ་རླངས་འཁོར་དང་རྡུང་ཁ་ཐེབས་ནས་བསད་པ་མཐོང་རྗེས་ཉིན་འགར་སེམས་ཁམས་སྐྱིད་པོ་མ་བྱུང་ཟེར།
2019ལོའི་ཟླ11པའི་སྔ་རྗེས་སུ། རྒྱ་སྐོར་གྲོང་ཚོ་དང་པེ་ཅིང་གི་སྤྱི་ཕན་ཚོགས་པས་མཉམ་འབྲེལ་རྟོག་ཞིབ་ཐེངས་ཤིག་བྱས་པའི་ཁྲོད། རྒྱ་སྐོར་གྲོང་ཚོའི་རྩྭ་ས་མུའུ་ཁྲི100ཡི་སྟེང་དུ་དགོ་དམར700ལྷག་འཚོ་སྡོད་བྱེད་པ་མཐོང་། “དེ་ནི་དགོ་ཁྱུ་ཆེ་ཤོས་ཡིན་ཡང་སྲིད། ང་རང་ཁུལ་རིམ་པའི་ཏང་གི་འཐུས་མི་ཡིན་པས། བཤད་པའི་སྐད་ཆར་འགན་འཁུར་དགོས་པ་ཡིན”ཞེས2002ལོར་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་ཡིན་པའི་གནམ་བྱམས་ཡག་གིས་རྟོག་ཞིབ་མཇུག་འབྲས་དེ་ལ་གདེང་ཚོད་ཀྱིས་ཁེངས་ནས་དེ་ལྟར་བཤད་བྱུང་། ཁོས་མུ་མཐུད་དུ་ཆོས་རྗེས་རྩྭ་ཐང་གི་དགོ་བ་སྲུང་སྐྱོབ་ཀྱི་དགེ་མཚན་བཤད་ཡོང་དུས། བཅོས་མ་མིན་པའི་ངང་ནས་ཁོ་ཚང་གི་མི་རབས་གཉིས་ཀྱི་གཏམ་རྒྱུད་རང་བཞིན་དུ་གླེང་བྱུང་།
དུས་རབས་སྔོན་མའི་མཇུག་ཏུ་ཚེ་ལས་འདས་པའི་ཁོའི་ཕ་རྒན་ནི། སྐབས་དེའི་ཆོས་རྗེས་རྩྭ་ཐང་གི་རྔོན་པ་སྐད་གྲགས་ཅན་ཞིག་ཡིན་པས། རི་དྭགས་གང་ཞིག་ཡིན་རུང་ཁོའི་མིག་ལས་ཐར་ཐབས་མེད། འཚོ་བར་དཀའ་ངལ་ཆེ་བའི་ལོ་ཟླ་དེར། ཨ་ཕའི་མདའ་རྩལ་ལ་བརྟེན་ནས་གནམ་བྱམས་ཡག་ཕུ་ནུ་མིང་སྲིང་བརྒྱད་པོས་ལྟོགས་སྐོམ་མྱངས་མ་དགོས། དེ་དུས་རྔོན་པ་ནི་ལུགས་མཐུན་གྱི་ལས་ཤིག་ཏུ་ལྟ་བས། ཆ་རྐྱེན་ལྡན་པའི་ལས་ཁུངས་མང་པོས་རྔོན་པའི་རུ་ཁག་བཙུགས་ཡོད་པ་རེད།
ཆོས་དད་ཅན་གྱི་ཕ་རྒན་བགྲེས་ཤིང་འཁོགས་པའི་ཚེ་ན་ངེད་བུ་རབས་ཚ་རྒྱུད་ལ། བདག་གིས་ཚེ་འདིར་སྲོག་ལེན་གྱི་སྡུག་ཉེས་མང་པོ་བསགས་པས། ད་ནི་ལས་རྣམ་སྨིན་འདི་ཅིས་ཀྱང་བཟློག་ཐབས་བྲལ་ན་ཡང་། ཁྱེད་ཅག་ངའི་ཕྱིར་འབྲངས་ནས་སྡུག་པ་བྱ་མི་རུང་། ནང་སྒོས་སུ་བཟའ་མི་གང་པོའི་སྲོག་སྐྱོབ་ཀྱི་དྲིན་ཅན་དགོ་བ་ལ་འཚེ་བ་བྱེད་མི་རིགས་ཞེས་གདམས་ཞོར། ཁོ་ཚོའི་མདུན་དུ་ཚེ་ཕྱེད་ལ་གྲིབ་མ་བཞིན་འགྲོགས་པའི་མེ་མདའ་དེ་དུམ་བུ་གཉིས་སུ་བཅག །
དུས་དེ་ནས་བཟུང་བཟའ་མི་གང་བོས་ཕ་རྒན་གྱིས་བཤད་པ་ནང་བཞིན་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི“ནང་ཁྲིམས”དེ་ཡིད་ལ་དམ་པོར་འཆང་། དེ་དུས། ང་ཚོས་རྩྭ་ཐང་འདིར་དགོ་ཁྱུ་ལས་གྱེས་པའི་དགོ་ཕྲུག་རྙེད་རྒྱུ་རྒྱུན་ལྡན་ཡིན། ཐེངས་ཤིག་བཀྲེས་ལྟོགས་ཀྱིས་མནར་བའི་དགོ་ཕྲུག་ཅིག་རྙེད། ངེད་ཚོའི་ཨ་མས་དགོ་ཕྲུག་ཉམ་ཐག་དེ་མཐོང་མ་ཐག པང་དུ་ནུ་མ་ནུ་བཞིན་པའི་ཕྲུ་གུ་ལོགས་སུ་བཞག་ནས། འཇིབ་རུའི་ཁ་ཕྱེས་ཏེ་ནང་དུ་རང་གི་ནུ་མ་ལས་འོ་མ་གང་འཚམ་འཇོས་ཏེ་དགོ་ཕྲུག་ལ་སྣུན་པར་བྱེད། རྣམ་པ་དེ་དུས་ད་ལྟའི་བར་ངའི་དྲན་ངོར་རྡོ་ལ་རི་མོ་བརྐོས་པ་བཞིན་གསལ་པོར་ཡོད་ཅེས་འདས་དོན་དེ་དག་གླེང་སྐབས། ལོ་རྒན་དྲུག་ཅུ་ལ་ཉེ་བའི་གནམ་བྱམས་ཡག་དང་གམ་གྱི་གསར་འགོད་པའི་མིག་མཐའ་མཆི་མས་བརླན།
སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅིའི་འགན་ཁུར་རྗེས།གནམ་བྱམས་ཡག་གིས་ལོ་ངོ18རིང་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་བྱ་བ་གལ་ཆེན་ནང་གི་གཙིགས་ཆེན་དུ་བཟུང་། ཁོས་བཤད་རྒྱུར། ང་ཚོའི་ལྷོ་ཕྱོགས་ཀྱི་རི་རྒྱུད་འདི་ལེ་དབར་བརྒྱ་ཕྲག་ལ་བསྲིངས་ནས་ཡོད་ཅིང་། དེའི་རི་གསེབ་ཏུ་དྲེད་མོང་དང་། གཉན། གླ་བ། ཤྭ་བ། གོང་མོ་སོགས་ཡོད། ཡུལ་དེའི་མི་རྣམས་ལ་སྲུང་སྐྱོབ་ཀྱི་འདུ་ཤེས་ཆེན་པོ་མེད་སྟབས་ཁྱིམ་ཚང་རེ་རེ་ཉུལ་ནས་སྲུང་སྐྱོབ་ཀྱི་དགེ་མཚན་བརྗོད་པ་ཡིན། ལྷག་པར་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྣོད་བཅུད་དཔལ་ཡོན་གྱི་དགོངས་དོན་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་སྔོན་སྤེལ་གྱི་བསམ་བློ་གཉིས་བཏོན་རྗེས། ང་ཚོའི་རི་དྭགས་སྲུང་སྐྱོབ་ཀྱི་ཆོད་སེམས་སྔར་བས་ཇེ་བརྟན་དུ་གྱུར་ཏེ། ལོ་རེར་གྲོང་ཚོའི་ཨུ་ལྷན་དང་འབྲོག་པ་རེའི་བར་ལ་‘སྲུང་སྐྱོབ་གྲོས་ཆིངས’བཞག་ཡོད་ཟེར། ཉེ་བའི་ལོ་བཅུའི་རིང་ལ། སྡེ་བའི་ནང་རི་དྭགས་ལྐོག་འཛིན་དང་ལྐོག་རྔོན་བྱེད་མཁན་གཅིག་ཀྱང་མ་བྱུང་བ་དང་།སྡེ་བ་ཡོངས་ཀྱི་ཁྱིམ་ཚང340ལྷག་གིས་རི་དྭགས་སྲུང་སྐྱོབ་དེ་མ་སྐུལ་རང་རྟོགས་སྒོས་བསྒྲུབས་པའི་ལག་ལེན་ཞིག་ཏུ་གྱུར། མང་ཚོགས་ཀྱི་སྲུང་སྐྱོབ་ལ་སྤྲོ་བ་བསྐྱེད་ཆེད་གྲོང་ཚོ་ཨུ་ལྷན་ལ་ཡོང་འབབ་ཅི་ཡང་མེད་ཀྱང་གནམ་བྱམས་ཡག་ནས་སྒེར་དངུལ་གཞུང་དུ་བཏང་སྟེ་རི་དྭགས་སྲུང་སྐྱོབ་བྱས་པ་ཧ་ཅང་ལེགས་པའི་འབྲོག་པ་ཚོར་ལོ་རེར་ཚད་གཞི་མི་འདྲ་བའི་བྱ་དགའ་རེ་གནང་བཞིན་འདུག
ཆོས་རྗེ་རྩྭ་ཐང་གི་དགོ་ཁྱུ་ཇེ་མང་ནས་ཇེ་མང་འཕེལ་བའི་རྣམ་པ་ལ“དགོ་སྲུང་དང་བླངས་པ”དོན་འགྲུབ་ཚེ་རིང་གིས་བཤད་རྒྱུར། གང་ལྟར་འབྲོག་པའི་རྩྭ་ས་ཆུང་ཆུང་འདིའི་སྟེང་འཚོ་སྐྱོང་བྱེད་པའི་སྒོ་ཕྱུགས་ནི་འབྲོག་པའི་འཚོ་རྟེན་གཙོ་བོ་ཡིན། དགོ་དམར་གྱིས་སྒོ་ཕྱུགས་གི“རྩྭ་ཟོས”ཚེ་མི་དང་རང་བྱུང་འཆམ་མཐུན་འཕེལ་རྒྱས་ལ་གནོད་པ་ཆེ་སྙམ། གཉིས་ནས་སྡེ་བའི་སྡེ་མི“དགོ་སྲུང་དང་བླངས་པ”དང“རྨ་འབྲི་རྫ་གསུམ་འགོ་ཁུངས་ཀྱི་སྣོད་བཅུད་ལྟ་སྐྱོང་བར”(མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ནི་རྨ་འབྲི་རྫ་གསུམ་འགོ་ཁུངས་སྲུང་སྐྱོབ་ཁུལ་ཡིན།)བསྐོ་ཐུབ་ཚེ། དགོ་བ་སྲུང་སྐྱོབ་དེ་རྒྱུན་མཐུད་འཕེལ་རྒྱས་ཀྱི་ལམ་དུ་སྙེག་ཐུབ་བསམ་བྱུང་།
གནམ་བྱམས་ཡག་གི་རེ་བ་ནི། ཆོས་རྗེ་རྩྭ་ཐང་སྔ་མོ་ནས་དགོ་བ་སྲུང་སྐྱོབ་ཁུལ་གྱི་ཁྱབ་ཁོངས་སུ་ལེན་དུ་བཅུག་རྗེས། སྲུང་སྐྱོབ་ཉམས་མྱོང་ལ་སོགས་ཆ་རྐྱེན་ཚང་བའི་རྒྱ་སྐོར་སྡེ་བར་ཐོག་མར་སྲུང་སྐྱོབ་ས་ཚིགས་བཙུགས་ཏེ། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་ཁྱབ་ཁོངས་ན་མེད་པའི་རི་སྐྱེས་སྲོག་ཆགས(དགོ་དམར)གྱི་སྐྱེ་ཁམས་སྲུང་སྐྱོང་དཔེ་སྟོན་ས་ཚིགས་བསྐྲུན་ཐོག་དེ་ཉིད“དགོ་བའི་སྡོད་ཁུལ་མཉམ་སྐྱོང་ས་ཚིགས་ཐོག་མ”ཞེས་རྨ་འབྲི་རྫ་གསུམ་རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན་གྱི་ཁོངས་སུ་བླངས་ནས་འབྲོག་ཁྱིམ340ཡི་སྣོད་བཅུད་སྲུང་བའི་འདུན་པ་བསྐང་རྒྱུ་དེ་རེད།
གསར་འགོད་པས་དྲ་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར། རྒྱལ་ནང་གི་ཁུངས་བཙུན་སྡེ་ཚན་དང་དེ་ཉིད་མཁས་པས་ཉེ་ལམ་སྤེལ་བའི་དགོ་བའི་ཁྱབ་ཁོངས་དང་རིགས་ཁྱུ། སྲུང་སྐྱོབ་སྐོར་གྱི་ཆེད་རྩོམ་ཞིག་གི་ནང 2012ལོ་དང་2013ལོར་ཆོས་རྗེ་རྩྭ་ཐང་གི་དགོ་བ་ཁག་ཅིག་རྩ་མེད་དུ་བཏང་མྱོང་ན་ཡང་། 2018ལོའི་བར་ཆོས་རྗེ་རྩྭ་ཐང་གི་དགོ་གྲངས་སླར་ཡང་ཇེ་མང་དུ་སོང་ནས་རིགས་ཁྱུ་གཏན་འཇགས་ཀྱི་རྣམ་པ་ལེགས་པོ་མངོན་ཞེས་བཀོད་འདུག
སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་དང་རྟོག་ཞིབ་བྱེད་མཁན་གྱི་བསམ་ཚུལ་ལྟར་བྱས་ན། གལ་སྲིད་རྒྱ་སྐོར་གྲོང་ཚོ་དང་པེ་ཅིང་གི་སྤྱི་ཕན་ཚོགས་པས་མཉམ་འབྲེལ་རྟོག་ཞིབ་ཁྲོད། དགོ་དམར་གྱི་རིགས་ཁྱུ་དང་གྲངས་འབོར་ཀྱི་སྡོམ་རྩིས་ཞིབ་ཅིང་དག་ལ་ལུང་གི་རྒྱབ་རྟེན་ལྡན་ན། ཆོས་རྗེ་རྩྭ་ཐང་གི་དགོ་བའི་གྲངས་འབོར་དང་རིགས་ཁྱུ་མང་ཤོས་དང་ཁྱབ་རྒྱ་ཆེ་ཤོས། སྲུང་སྐྱོབ་ཕན་ལྡན་འདིས་མཚོ་བོད་མཐོ་སྒང་གི་རི་དྭགས་རྩ་ཆེ་རིགས་ཏེ་དགོ་བའི་ཁྱབ་ཁོངས་དང་། རིགས་ཁྱུ་སྲུང་སྐྱོབ། ཐ་ན་མཚོ་སྔོན་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་བཅས་ལ་དཔྱད་གཞི་གསར་པ་ཞིག་དང་ཞིབ་འཇུག་ལ་ཁ་ཕྱོགས་གསར་པ་བཏོན་ཡོད་པས་དངོས་ཡོད་འཚོ་བར་དོན་སྙིང་གལ་ཆེན་ལྡན་པ་བསྟན།
འབྲེལ་ཡོད་འོས་སྦྱོར།