༄༅།།ཨ་ཆེན་གངས་རྒྱབ་ཀྱི་སྐོར་ཞིབ་རུ་མིས་གཙོད་ཁྱུའི་གནས་སྤོ་ལ་སྲུང་སྐྱོབ་བྱས།
རྩོམ་པ་པོ།:རིག་འཛིན་ལྷ་མོས་བསྒྱུར།
ཡོང་ཁུངས།:ཤིན་ཧྭ་གསར་འགྱུར་ཁང་།
དུས་ཚོད།:2020-07-29
ཀློག་གྲངས།:

གཙོད་ནི་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་སྲོག་ཆགས་ཀྱི་གྲས་ཡིན། ལོ་རེའིཟླ5པ་ནས་ཟླ7པའི་བར་མཚོ་སྔོན་གྱི་རྨ་འབྲི་རྫ་གསུམ་འབྱུང་ཡུལ་ཁུལ་དང་ཤིན་ཅང་ཨའར་ཅིན་རི་བོའི་ཁུལ། བོད་ལྗོངས་བྱང་ཐང་ཁུལ་བཅས་ཀྱི་གཙོད་རྣམས་ཨ་ཆེན་གངས་རྒྱབ་ཀྱི་བྲག་ནག་མཚོའུ་འགྲམ་རྒྱུད་དུ་ཕྲུ་གུ་བཙའ་བར་ཡོང་བ་ཡིན།

རྨ་འབྲི་རྫ་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུའུ་ཡི་འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། ཕྱིར་ལོག་པའི་གཙོད་ཀྱི་གྲངས་འབོར་ལོ་རེ་བཞིན་ཇེ་མང་དུ་འགྲོ་བཞིན་ཡོད། 2019ལོར་མཚོ་བོད་གཞུང་ལམ་ཀྱི་སྤྱི་ལེ3002མཚམས་ནས་ཕྱིར་ལོག་པའི་གཙོད་ཀྱི་གྲངས་འབོར་ནི4860ཡིན་ལ། དེ2018ལོ་ལས338མང་དུ་ཕྱིན་ཡོད།“སྔོན་དཔག་བྱས་ན་ད་ལོར་གཙོད་ཀྱི་ཕྱིར་ལོག་གནས་སྤོ་དེ་ཟླ9པའི་ཟླ་འགོར་མཇུག་སྒྲིལ་རྒྱུ་ཡིན་ལ། གཙོད་ཀྱི་གྲངས་འབོར་མུ་མཐུད་དུ་ཇེ་མང་དུ་འགྲོ་ངེས”ཅེས་ཀྲུང་གོ་ཚན་རིག་ཁང་ནུབ་བྱང་ས་མཐོའི་སྐྱེ་དངོས་ཞིབ་འཇུག་སུའོ་ཡི་ཞིབ་འཇུག་པ་གཞོན་པ་ལེན་ཤིན་མིང་གིས་བཤད།
གཙོད་བདེ་བླག་ངང་ཕྱིར་ལོག་ཐུབ་ཆེད། ཨ་ཆེན་གངས་རྒྱབ་སྐོར་ཞིབ་རུ་མིས་ཉིན་མཚན་མེད་པར་ཁོངས་གཏོགས་ཁུལ་དུ་སྐོར་སྐྱོད་དང་བརྙན་ལམ་ལྟ་ཞིབ་ཚད་ལེན་བྱེད་བཞིན་ཡོད། གནས་སྤོའི་དུས་ཚིགས་སུ་མཚོ་བོད་གཞུང་ལམ་དུའང་རླངས་འཁོར་འགྲོ་རྒྱུག་ལ་གནས་སྐབས་མཚམས་འཇོག་བྱེད་དགོས་ཏེ། གལ་ཏེ་གཙོད་ཁྱུ་མཚོ་བོད་གཞུང་ལམ་སྒྲོལ་རྩིས་ཡོད་ཚེ་སྐོར་ཞིབ་རུ་མིས་འཕྲལ་མར་གནས་སྐབས་འགྲིམ་འགྲུལ་བཀག་སྡོམ་བྱས་ཏེ་གཙོད་ཁྱུ་རི་སྐྱེས་སྲོག་ཆགས་ཀྱི་བགྲོད་ལམ་བརྒྱུད་བདེ་འཇགས་ངང་གནས་སྤོ་ཐུབ་པར་འགན་ལེན་བྱེད་ཀྱིན་ཡོད།
“ཉེ་དུས། སྐོར་ཞིབ་རུ་མིས་མཚོ་བོད་གཞུང་ལམ་ལམ་རྒྱུད་དུ་སྐོར་སྐྱོད་བྱེད་ཤུགས་ཆེ་རུ་བཏང་ནས་འགྲོ་འོང་གི་འཕྲུལ་འཁོར་དུས་ཐོག་ཏུ་གོ་རིམ་ལྡན་པའི་ངང་བཀག་སྡོམ་བྱས་པ་དང་། ཡུལ་སྐོར་བར་གཙོད་སྲུང་སྐྱོང་ཐད་ཀྱི་ཤེས་བྱ་དྲིལ་བསྒྲགས་བྱས་ནས་གཙོད་ཁྱུའི་གནས་སྤོ་ལ་འགོག་རྐྱེན་མི་བཟོ་བར་ཤུགས་རྒྱག་གིན་ཡོད”ཅེས་ཨ་ཆེན་གངས་རྒྱབ་སྨིག་སའི་སོག་ལམ་སྲུང་སྐྱོང་ས་ཚིགས་ཀྱི་ཀྲན་ཀྲང་གཞོན་པ་ཀརྨ་ཡར་འཕེལ་གྱིས་བཤད།
ཤེས་རྟོགས་བྱུང་བ་ལྟར་ན། མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་གྱིས་མཚོ་བོད་ལྕགས་ལམ་སྨིག་སའི་སོག་ལམ་གྱི་ཟམ་ཆེན་བྱང་མར“སྐྱེ་ཁམས་སྐར་ཁུང”གི་རྒྱང་ཁྲིད་ལྟ་ཞིབ་ཚད་ལེན་མ་ལག་བཙུགས་ནས་དུས་ཡུན་རིང་པོའི་བརྙན་ལམ་ལྟ་ཞིབ་ཚད་ལེན་བྱས་པ་བརྒྱུད་གཙོད་ཁྱུའི་གནས་སྤོ་ཞིབ་འཇུག་བྱ་རྒྱུར་དཔྱད་གཞི་གལ་ཆེན་མཁོ་འདོན་བྱས་ཡོད།
ལོ་མང་རིང་སྲུང་སྐྱོང་བྱས་པ་བརྒྱུད། གཙོད་ཀྱི་གྲངས་འབོར1997ལོའི་ཁྲི2ཙམ་ནས་ད་ལྟའི་ཁྲི7ལྷག་བར་མང་དུ་ཕྱིན་ཡོད། “ལོ་མང་རིང་སྲིད་གཞུང་གིས་ལྐོག་རྔོན་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་བ་དེ་ནི་གཙོད་ཀྱི་གྲངས་འབོར་མགྱོགས་མྱུར་སླར་གསོ་བྱུང་བའི་རྒྱུ་རྐྱེན་གལ་ཆེན་ཞིག་རེད། གཙོད་ཀྱི་གྲངས་འབོར་སླར་གསོ་བྱུང་བ་དེའི་ཐོག་ནས་ཨ་ཆེན་གངས་རྒྱབས་ཀྱི་སྐྱེ་ཁམས་ཁོར་ཡུག་ཉིན་རེ་བཞིན་ཇེ་ལེགས་སུ་འགྲོ་བཞིན་པ་ར་སྤྲོད་ཐུབ”ཅེས་ལེན་ཤིན་མིང་གིས་བཤད།
འབྲེལ་ཡོད་འོས་སྦྱོར།