༄༅།།རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་སོ་ལྟ་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར།
དུས་ཚོད།:2020-12-01
ཀློག་གྲངས།:

རྨ་ཆུ་ནི་ཀྲུང་གོའི་བྱང་རྒྱུད་ཀྱི་ཆུ་བོ་ཆེ་གྲས་ཤིག་ཡིན་ལ། སྤྱིའི་རིང་ཚད་ལ་སྤྱི་ལེ5464ཡོད་ཅིང་། བཞུར་རྒྱུན་གྱི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ752443ཡོད་པས། འཛམ་གླིང་གི་བཞུར་རྒྱུན་ཆེས་རིང་བའི་གྲས་ཀྱི་ཆུ་བོ་ཞིག་ཡིན་ལ། ཀྲུང་གོའི་བཞུར་རྒྱུན་ཆེས་རིང་བའི་ཆུ་བོ་ཨང་གཉིས་པའང་ཡིན། རྨ་ཆུའི་མགོ་ཁུངས་ནི་མདོ་དབུས་མཐོ་སྒང་གི་བ་ཡན་ཧ་རིའི་བྱང་འདབས་ཀྱི་ཡུག་གི་གཙང་ལེབ་གཤོང་ས་ཡིན་ཞིང་། ནུབ་ཕྱོགས་ནས་བཞུར་ཏེ་མཚོ་སྔོན་དང་སི་ཁྲོན། ཀན་སུའུ། ཉིང་ཞ། ནང་སོག ཧྲན་ཞི། ཧྲའན་ཞི། ཧུ་ནན་དང་ཧྲན་ཏུང་བཅས་ཞིང་ཆེན་དང་རང་སྐྱོང་ལྗོངས་དགུ་བརྒྱུད་དེ་མཇུག་མཐར་ཤར་ཕྱོགས་ཀྱི་པོ་ཧའེ་རྒྱ་མཚོའི་ནང་དུ་འབབ་བཞིན་ཡོད། རྨ་ཆུ་ནི་ཀྲུང་ཧྭའི་ཤེས་རིག་གི་འབྱུང་ཁུངས་གཙོ་བོ་ཞིག་ཡིན་པས་ཀྲུང་གོའི་མ་ཡུམ་གཙང་པོ་ཞེས་ཀྱང་བརྗོད།
ཟླ10པའི་ཚེས19ཉིན། གསར་འགོད་པ་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་གྱི་སྒ་སྐྱེ་དགུ་མདོ་ནས་ལམ་ལ་ཆས་ཏེ་སྤྱི་ལེ་ཉིས་བརྒྱ་ལྷག་གི་ལམ་དུ་བསྐྱོད་པ་ན་ཆུ་དམར་ལེབ་རྫོང་མཁར་དུ་ཐོན་བྱུང་། ཕྱི་ཉིན་སྔ་མོ་ཞོགས་པའི་སྐྱ་རེངས་དང་ལྷན་དུ་རྨ་ཆུའི་མགོ་ཁུངས་སུ་བསྙེགས་ཏེ་སྤྱི་ལེ་ཉིས་བརྒྱ་ལྷག་གི་ལམ་ཐག་བརྒྱུད་དེ་ཉིན་གུང་གི་དུས་སུ་ཐོན་པ་ན་རྨ་ཆུའི་མགོ་ཁུངས་ཀྱི་ཁྱིམ་ཚང་དང་པོ་ཞེས་རྒྱ་ཡིག་གིས་བྲིས་ཡོད་པའི་ཁྱིམ་ཚང་ཞིག་གི་སྒོ་ཁར་སླེབས། གདོང་ཡོངས་སུ་གཉེར་མས་ཁེངས་ཡོད་པའི་ཨ་མ་རྒན་མོ་ཞིག་དང་། ཁམས་པའི་ཕོ་རྒོད་ཀྱི་ཆ་ཉམས་དོད་ཅིང་སྐྱེ་སྟོབས་ཀྱི་དཔལ་འབར་བའི་གསར་བུ་ཞིག་ང་ཚོའི་མདུན་སར་བརྒྱུགས་ཡོང་སྟེ་ཁམས་སྐད་ཀྱིས“འགྲོ། འགྲོ། ནང་དུ་འགྲོ”ཞེས་དགའ་སྤྲོའི་ངང་ཁྱིམ་དུ་བསུས་བྱུང་། དེ་འདྲའི་ལྷད་མེད་ཀྱི་བརྩེ་བ་ཞིག་གིས་མགྲོན་བསུ་བྱས་པས་ལམ་ཐག་རིང་བོར་བརྒྱུད་པའི་ངལ་དུབ་ཡོད་ཚད་སྐད་ཅིག་ཉིད་དུ་སངས་པར་གྱུར། ཡུན་གྱིས་ལྷོད་ལ་བབས་ནས་ཁ་བརྡ་བྱས་པ་ན། གསར་བུ་དེའི་མིང་ལ་དགེ་ཆོས་ཟེར་ཞིང་རྨ་ཆུའི་ཆུ་མགོ་འཐུང་ནས་འཚར་ལོངས་བྱུང་བའི་རྨ་སྟོད་ཤང་དགུ་གཡང་རུ་ཁག་དང་པོའི་སྡེ་མི་དཀྱིལ་མ་ཞིག་རེད། ཨ་མ་རྒན་མོ་དེ་ནི་ཁོའི་ཨ་མ་ཡིན་ལ་མིང་དུ་ཆོས་སྒྲོན་ཟེར། མོ་ཡང་སྔོན་མའི་དུས་ནས་བཟུང་ནས་ས་དེ་གར་སྐྱེས་ནས་རྒས་པའི་འབྲོག་མོ་ཕལ་བ་ཞིག་རེད། ཁྱིམ་ཚང་དེ་ནི་ཁོའི་ཨ་མ་དང་ཨ་ཅེ། སྲིང་མོ། ད་དུང་བྱིས་པ་རྣམས་བཅས་ཁྱིམ་མི་བཅུ་བཞིས་གྲུབ་པའི་ཁྱིམ་གཞི་ཆེན་པོ་ཞིག་ཡིན་ལ། ད་ལྟ་བྱིས་པ་རྣམས་ཀྱང་རྨ་སྟོད་ཤང་དུ་སློབ་གྲྭར་འགྲོ་བཞིན་ཡོད། རྨ་ཆུའི་མགོ་ཁུངས་སུ་གཏོགས་པའི་གནས་འདི་རུ་དགེ་ཆོས་གཙོ་བྱས་པའི་ཡུག་གི་གཙང་ལེབ་ཀྱི་འབྲོག་དམངས་རྣམས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱས་པར་བརྟེན་རི་དྭགས་རྐྱང་དང་དགོ་བ། ཝ། གླག་དང་ཁྲ། རྒོད་སོགས་ཀྱི་གྲངས་ཀ་སྔོན་ཆད་དང་བསྡུར་ན་མངོན་གསལ་གྱིས་ཇེ་མང་དུ་བྱིན་འདུག

དེ་མིན་ལོ་འགའི་སྔོན་དུ་རྨ་སྟོད་ཤང་སྲིད་གཞུང་དང་དགུ་གཡང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཀྱང་དགེ་ཆོས་ལ་རྨ་ཆུའི་ཆུ་མགོའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བཟང་པོ་བྱ་དགོས་པར་མངགས་བཅོལ་བྱས་ཡོད་དེ། རྨ་ཆུའི་ཆུ་མགོ་ནི་ཁོའི་རྩྭ་སའི་ནང་དུ་ཡོད་ལ། དགེ་ཆོས་ཁོ་རང་ངོས་ནས་ཀྱང་ཆུང་དུས་ནས་བཟུང་ཆུ་མགོར་སྲུང་སྐྱོང་བྱེད་པའི་འདུ་ཤེས་བཟང་པོ་ཞིག་ཡོད་པས། རྗེས་སུ་འབྲེལ་ཡོད་སྡེ་ཁག་གི་རོགས་དངུལ་ལེན་ཞོར་དུ་རྨ་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ལ་བདག་སྐྱོང་བཟང་པོ་བྱ་དགོས་པའི་རེ་བ་བཅོལ་གདམས་བྱས་ཡོད། དེ་བས། དགེ་ཆོས་ཀྱིས་རང་གི་ཕ་དྲིན་ཅན་གྱི་ཁ་ཆེམས་དང་ཤང་སྲིད་གཞུང་གི་བཅོལ་གདམས་དེ་རྒྱུད་ནས་མ་དོར་བར་ནམ་རྒྱུན་ཆུ་མགོ་ནས་བཟུང་སྟེ་ཆུ་བོའི་འབབ་རྒྱུན་གྱི་གད་སྙིགས་གཙང་སེལ་ལ་ནུས་པ་བླ་མེད་འདོན་བཞིན་མཆིས། གནས་དེར་ཕྱོགས་གང་ཡིན་གྱི་ལྗོངས་རྒྱུ་བ་སུ་ཞིག་ཐོན་ནའང་དེ་དག་རེ་རེའི་རྗེས་དེད་ནས་ཆུ་མགོར་གནོད་སྐྱོན་གཏོང་གིན་ཡོད་མེད་ལ་ལྟ་རྟོག་གང་ལེགས་བྱེད་བཞིན་ཡོད།

ཡུལ་སྐོར་བ་རྣམས་ཆུ་མགོ་ཡོད་སའི་གནས་དེར་ཐོན་ཚེ་སྐོམ་ཆུའི་རིགས་དང་ཟས་རིགས་ཀྱི་ཁུག་མ་གནས་དེར་གཡུག་མཁན་ཡོད་ཚེ། དགེ་ཆོས་ཀྱིས་ཐོག་མར་ཁོ་ཚོར་ཁོར་ཡུག་སྲུང་སྐྱོང་གི་དགོས་གལ་རང་བཞིན་བཤད་ནས་འཐུ་རུ་འཇུག་བཞིན་ཡོད་ལ། ཁོའི་སྐད་ཆར་མི་ཉན་མཁན་དང་འཕྲད་ཚེ་ཁོ་རང་གིས་འཐུས་ནས་གད་སྙིགས་གསོག་སའི་གནས་སུ་སྐྱེལ་བཞིན་ཡོད། དེར་མ་ཟད་ཆུ་མགོའི་ཁར་ཐོན་ཚེ་ཡུལ་སྐོར་བ་རྣམས་ཀྱིས་ཐ་མག་རྐང་གཅིག་ཀྱང་འཐེན་མི་ཆོག་པའི་སྒྲིག་ལམ་བཟོས་ཡོད། རྨ་ཆུའི་ཆུ་མགོའི་མཐའ་འཁོར་དུ་ཤིང་དྲས་བསྐོར་ཡོད་ལ། དེ་ལས་ཆུ་གཏེར་ལེན་པའམ་ཡང་ན་ཆུ་མཆོད་འཕེན་དགོས་ཚེ། ཤིང་དྲའི་ཕྱི་ནས་ལེན་རྒྱུ་མ་གཏོགས་ཤིང་དྲའི་ནང་ལོག་ཏུ་གཏན་ནས་འགྲོ་མི་ཆོག་སྟེ། དེའི་རྒྱུ་མཚན་ནི་ཆུ་མགོར་སྦག་བཙོག་ཐེབས་ཚེ་ཆུ་མགོ་སྐམ་འགྲོ་བའི་གནས་ཚུལ་འབྱུང་སྲིད་པས་དེའི་རིགས་བྱེད་མི་ཆོག་པར་བཟོས་ཡོད། དགུ་གཡང་སྡེ་དམངས་ཨུ་ཡོན་ལྷན་ཁང་གིས་ཁོ་ལ་འཕྲུལ་རྟ་ཞིག་བཀོད་སྒྲིག་བྱས་ཡོད་དེ། དེ་ནི་ཁོས་ནམ་རྒྱུན་ཁྱིམ་ནང་ནས་ཆུ་མགོའི་བར་དུ་འགྲོ་སྤྱད་ཡིན་ལ། ལན་རེར་ཡུལ་སྐོར་བ་ལམ་གཞན་དག་བརྒྱུད་ནས་ཆུ་མགོར་བུད་སོང་ཚེ། ཁོས་མགྱོགས་མྱུར་ངང་འཕྲུལ་རྟ་ཞོན་ནས་ཆུ་མགོའི་ཁར་སོང་ནས་ཁོ་ཚོས་གད་སྙིགས་འཕེན་པའམ། ཡང་ན་མཐའ་འཁོར་གྱི་རི་དྭགས་ལ་གནོད་པ་བཟོ་གིན་ཡོད་མེད་ལ་ལྟ་རྟོག་བྱེད་ཀྱིན་ཡོད། དེ་ལས་གཞན་པའི་དུས་ཚོད་ནང་དུ་ཁོས་ནམ་རྒྱུན་རྨ་ཆུའི་ཆུ་མགོའི་མཐའ་འཁོར་གྱི་རྩྭ་རྩི་ཤིང་གི་སྐྱེ་འཕེལ་དང་དེ་གར་རྒྱུ་བའི་རི་དྭགས་ཀྱི་གྲངས་ཀ གནམ་གཤིས་ཀྱི་དྲོད་གྲང་། ཁངས་ཆར་གྱི་འབབ་ཚད་སོགས་ཉིན་རེ་རེར་ཟིན་ཐོར་འགོད་ཞོར་དུ། ཆུ་མགོར་གནོད་སྐྱོན་མི་ཐེབས་པའི་ཆེད་དུ་རང་ནུས་ཅི་ཚོད་ཀྱིས་ནུས་པ་འདོན་བཞིན་ཡོད།
ཡུག་གི་གཙང་ལེབ་ནས་འཚར་ལོངས་བྱུང་བའི་འབྲོག་པའི་བུ་དགེ་ཆོས་ཁོ་ལྟ་བུར་མཚོན་ན། སློབ་གྲྭར་འགྲིམས་ནས་ཤེས་རིག་སློབ་སྦྱོང་བྱེད་པའི་གོ་སྐབས་བཟང་པོ་ཞིག་མ་རྙེད་ནའང་། མེས་པོ་གོང་མ་དག་གིས་རྒྱུད་ལ་བཞག་པའི་ཁོར་སྲུང་གི་འདུ་ཤེས་བརྟན་པོ་དེ་ལྷན་སྐྱེས་ཀྱི་རྣམ་ཤེས་གསལ་པོ་དེས་རྒྱུན་བསྐྱངས་ནས། མ་ཡུམ་གཙང་པོའི་མགོ་ཁུངས་ལ་འདི་ལྟར་བདག་སྐྱོང་བྱེད་པ་ནི་ཀུན་གྱིས་སློབ་སྦྱོང་དང་ཡི་རངས་བྱ་དགོས་པའི་དམིགས་འབེན་ཉག་ཅིག་ཡིན་པ་སྨྲས་ཅི་དགོས།
འབྲེལ་ཡོད་འོས་སྦྱོར།