logo

༄༅།།ཁྲག་དམར་གྱིས་བརྫིས་པའི་ཆབ་རོམ།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར། དུས་ཚོད།:2021-01-08 ཀློག་གྲངས།:
       ཟླ1པོའི་ཚེས5ཉིན། གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེབ་རྫོང་གི་ནགས་ཚལ་སྤྱི་བདེ་ཅུའུ་རུ་རྒྱུས་ལོན་པ་ལྟར་ན། ཆུ་དམར་ལེབ་རྫོང་བདེ་ཆུ་སྡེ་བའི་སྐྱེ་ཁམས་སྲུང་སྐྱོང་མི་སྣས་འབྲི་ཆུའི་མགོ་ཁོངས་སུ་སྐོར་ཞིབ་བྱེད་པའི་གོ་རིམ་ཁྲོད། དར་ཆགས་པའི་གཙང་བོའི་ནང་ལྷུང་བའི་ཤྭ་བ་མཆུ་དཀར་དྲུག་བདེ་བླག་ངང་བསྐྱབས།
       ཚེས5ཉིན་གྱི་ཕྱི་དྲོར། བདེ་ཆུ་སྡེ་བའི་སྐྱེ་ཁམས་སྲུང་སྐྱོང་མི་སྣ་ཉི་མ་དང་བློ་བཟང་ཆོས་རྒྱལ། གངས་དཀར། བསྟན་འཛིན་རྡོ་རྗེ། རྟ་མགྲིན་རྡོ་རྗེ་སོགས་ཀྱིས་འབྲི་ཆུའི་མགོ་ཁོངས་སུ་སྐོར་ཞིབ་བྱེད་སྐབས། ཤྭ་བ་མཆུ་དཀར་དྲུག་དར་ཆགས་པའི་གཙང་བོའི་ནང་ལྷུང་འདུག་ལ། གཙང་བོའི་དར་ངོས་སུ་ཁ་བ་མཐུག་པོ་བབས་ཡོད་པར་བརྟེན་ཤྭ་བ་དེ་དག་འཕག་འཚག་བྱེད་མ་ཐུབ་པར་ལུས་འདུག་པ་མཐོང་། 


        སྐྱེ་ཁམས་སྲུང་སྐྱོང་མི་སྣ་ཉི་མས་བཤད་པ་ལྟར་ན། ཤྭ་བ་དེ་དྲུག་ནི་ཧ་ལམ་སྤྱང་ཀིས་བདའ་བའི་རྐྱེན་གྱིས་དངངས་སྐྲག་དང་བཅས་གཙང་བོའི་ནང་ལྡིང་བ་རེད་ལ། དེའི་ཁྲོད་ཀྱི་ཤྭ་བ་གཅིག་ལ་སྤྱང་ཀིས་སོ་བཏབ་ནས་རྨས་འདུག་པས། སྐེ་ནས་བཞུར་བའི་ཟུངས་ཁྲག་དྲོན་མོ་ཡིས་ཁངས་དང་ཆབ་རོམ་ཡང་དམར་པོར་བསྒྱུར་འདུག་ཟེར། 
        སྐྱེ་ཁམས་སྲུང་སྐྱོང་མི་སྣ་དག་གིས་སྟོབས་ཤུགས་གཅིག་སྒྲིལ་གྱིས་ཆུ་ཚོད་འགའི་རིང་ལ་འབད་པ་བྱས་མཐར། དར་ཆགས་པའི་གཙང་བོའི་ནང་ལྷུང་བའི་ཤྭ་བ་མཆུ་དཀར་དྲུག་པོ་བདེ་བླག་ངང་བསྐྱབས་པར་མ་ཟད། དེ་རྣམས་འཚོ་སྡོད་བྱེད་སའི་བསྟི་གནས་ཏེ་རང་བྱུང་ཁམས་སུ་ལོག་ཏུ་བཅུག
འབྲེལ་ཡོད་འོས་སྦྱོར།