logo

༄༅།།མཚོ་སྔོན་པོའི་ངོགས་ཀྱི་གསེར་ཉ་སྲུང་མཁན།

རྩོམ་པ་པོ།:མི་གསལ། ཡོང་ཁུངས།:གངས་ལྗོངས་འཕྲིན་གསར། དུས་ཚོད།:2021-01-21 ཀློག་གྲངས།:
        མཚོ་སྔོན་པོའི་ངོགས་སུ་འདི་དང་འདི་འདྲའི་མི་བུ་སྐོར་ཞིག་ཡོད་དེ། ཁོ་ཚོས་ལོ་ངོ་མང་པོར་ཕར་རྒྱུག་ཚུར་རྒྱུག་གི་རྐང་རྗེས་གྲངས་མེད་མཚོ་འགྲམ་དུ་དཔར་ཞིང་། མཚོ་སྔོན་པོའི་ནང་གི་ཁྱད་ལྡན་གཅེས་སྲོག་ཆུང་ཆུང་སྟེ་གསེར་ཉ་ཁོ་ན་གྲོགས་སུ་བསྟེན་ནས། གྲང་ངར་ཁྲོད་ཟ་མ་ཟོས་ཤིང་ཐང་སྟོང་དུ་གནས་མལ་བཅས་ཏེ།  སྙིང་རྗེ་བའི་གཅེས་སྲོག་ཆུང་ཆུང་འདི་དག་བདེ་འཇགས་ངང་འཚར་ལོངས་བྱུང་བར་ངལ་བ་མང་དུ་བཏོན་འདུག

      1
      དགུ་ཟུག་པའི་ནམ་ཟླ་འཁྱག་པོ་འདིར། མཚོ་སྔོན་པོའི་ངོགས་སུ་གྲང་རླུང་འུར་འུར་དུ་ལྡང་། སྐྱ་ཟད་སྔོ་སྡུག་གི་གཟན་རྩྭ་རླུང་གིས་སྒུལ་ཞིང་། ཐག་མི་རིང་བའི་སར་ལུས་ལ་རང་བྱུང་གི“མལ་གོས”འཛོམས་པའི་ནོར་ལུག་དག་གཟན་རྩྭ་འཚོལ་བར་བྲེལ། རྩྭ་གསེབ་ནས་འཕུར་བའི་བྱིའུ་རྣམས་ཀྱིས་རླུང་བུའི་ནང་ལྡིང་སྐོར་ཞིག་བརྒྱབ་རྗེས། སྔར་ནས་ཆབ་རོམ་གྱི་སྒྲོམ་དུ་ཚུད་པའི་མཚོ་སྔོན་པོའི་ཕྱོགས་སུ་འཕུར།
      ཟླ1པོའི་ཚེས14ཉིན། ཀྲང་ཝན་ཧུང་གིས་ལས་འགན་བཀོད་སྒྲིག་བྱས་རྗེས་མཚོ་སྐོར་རུ་མི་ཚོས་ཉིན་གཅིག་གི་མཚོ་སྐོར་ལས་འགན་སྒྲུབ་མགོ་བརྩམས། ཀྲང་ཝན་ཧུང་གིས་དེ་རིང་ང་ཚོའི་མཚོ་སྐོར་ལས་འགན་དེ་ཚན་ཆུང་གསུམ་དུ་བགོས་ནས་བསྒྲུབ་རྒྱུ་ཡིན་ཞིང་། སྐོར་ཞིབ་བྱེད་ཁོངས་ནི་བྱེ་གླིང་དང་མཚོ་ཤར། མཚོ་སྔོན་པོའི་མཚོ་ངོས་བཅས་ཡིན། ཚན་ཆུང་སོ་སོས་སྐོར་ཞིབ་བྱེད་པའི་རིང་གནས་ཚུལ་མཐོང་ན་འཕྲལ་མར་སྙན་སེང་བྱ་དགོས་པ་དང་ཆབས་ཅིག་བདེ་འཇགས་ལ་དོ་སྣང་བྱ་དགོས། ད་ལྟ་ལམ་ལ་ཆས་ཟེར། 
      ཀྲང་ཝན་ཧུང་ནི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་ཞིང་ཕྱུགས་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་ལྟ་སྐུལ་ཅུས་ཀྱི་གནས་སྐབས་འགན་འཁུར་བ་ཡིན་ཞིང་། ཉིན་དེར་ཁོང་གིས་དེའི་ཁྲོད་ཀྱི་རུ་ཁག་དང་པོའི་སྣེ་ཁྲིད་དེ་མཚོ་སྔོན་པོའི་མཚོ་ངོས་སུ་སྐོར་ཞིབ་བྱེད་པར་བསྐྱོད་ནས་ཁྲིམས་འགལ་ངང་ཉ་རྒྱ་བཙུགས་ཏེ་གསེར་ཉ་འཛིན་པའི་གནས་ཚུལ་ལ་ཞིབ་བཤེར་བྱས་པ་རེད།
      ལོ་མང་རིང་མཚོ་སྐོར་བྱས་པས་ཀྲང་ཝན་ཧུང་གིས་གནམ་གཤིས་ལ་ལྟ་བའི་འཇོན་ཐང་ཆེ་རུ་ཕྱིན་ཡོད་དེ། ཁོས་དེ་རིང་གི་གནམ་གཤིས་ཡག་པོ་འདུག འོན་ཀྱང་ཕྱི་དྲོར་རླུང་ཆེན་གཡུག་སྲིད་པས་ང་ཚོས་དུས་ཚོད་དམ་འཛིན་བྱ་དགོས་ཟེར།
ཀྲང་ཝན་ཧུང་གི་སྣེ་ཁྲིད་འོག སྐར་མ20ལྷག་གི་སྤྲུག་གསིག་བརྒྱུད་ཁོ་ཚོ་སྐོར་ཞིབ་བྱ་དགོས་པའི་དམིགས་ས་རུ་འབྱོར།
      ཀྲང་ཝན་ཧུང་དང་ལས་རོགས་ཚོས་སྐོར་ཞིབ་ཁྱབ་ཁོངས་གཏན་འཁེལ་བྱས་རྗེས། སྐམ་མཚོ་གཉིས་བགྲོད་ཐུབ་པའི་རླངས་འཁོར་ཆུང་གྲས་ཤིག་འདྲུད་འཁོར་སྟེང་ནས་མར་བླངས་པ་རེད།  ཀྲང་ཝན་ཧུང་གིས་རླངས་འཁོར་འདི་ནི་ལོ་ཤས་གོང་ང་ཚོར་བགོས་སྤྲད་བྱས་པ་ཡིན་ལ། ང་ཚོར་རོགས་མི་ཉུང་བ་ཞིག་བྱེད་ཐུབ་པས་མཚོ་སྐོར་བའི་ལས་ཕྱོད་ཀྱང་ཆེ་རུ་ཕྱིན་ཡོད་ཟེར་ཞོར། ཀོ་སྟོད་ཕུད་ནས་སྲིང་བལ་གྱི་སྟོད་གོས་ངང་དམར་ཞིག་གྱོན་པ་རེད།
      མཚོ་སྐོར་རུ་མི་གཞན་ཚོས་ཀྱང་མ་གཞི་ནས་གྱོན་ཡོད་པའི་ལྭ་བ་མཐུག་པོ་དག་གི་སྟེང་སྲིང་བལ་གྱི་སྟོད་གོས་དང་སྲིང་བལ་གྱི་དོར་མ་གྱོན་བཞིན་འདུག སྲིང་བལ་གྱི་དོར་མ་གཉིས་དང་སྲིང་བལ་གྱི་སྟོད་གོས་མཐུག་པོ་གཉིས། སྲིང་བལ་གྱི་ཞྭ་མོ་སྟེ་མཚོ་སྐོར་རུ་མི་ཚོས་རང་ཉིད་ཧ་ཅང་གཏོས་ཆེ་བ་ཞིག་བཏུམས་ཡོད།
      ཀྲང་ཝན་ཧུང་གིས་མཚོ་ངོས་ཀྱི་དྲོད་ཚད་དེ་མཚོ་འགྲམ་ལས་ཧ་ཅང་དམའ་པོ་ཡོད་པས། ངེས་པར་དུ་མཐུག་ཙམ་གྱོན་དགོས། དེ་ལྟར་མ་བྱས་ཚེ་འཁྱགས་རྨས་ཕོག་སླ་བོ་ཡོད་ཟེར།
      ཚང་མས་གྲ་སྒྲིག་བྱས་ཚར་བ་མཐོང་རྗེས། ཀྲང་ཝན་ཧུང་གིས་སྐེ་དཀྲིས་ཡར་འཐེན་ནས་ཁ་སྣ་བསུམས་ཤིང་། ལས་རོགས་ཚོ་དང་མཉམ་དུ་སྔ་གཞུག་ལྟར་སྐམ་མཚོ་གཉིས་བགྲོད་ཐུབ་པའི་རླངས་འཁོར་དེའི་ནང་དུ་འཛུལ་བ་རེད།
      རླངས་འཁོར་དལ་བ་དལ་བུར་མཚོ་སྔོན་པོའི་དབུས་སུ་སྐྱོད་པ་དང་། གྱོན་གོས་དེ་འདྲའི་མཐུག་པོ་ཞིག་གྱོན་ཡོད་ནའང་འཁྱག་རླུང་ལྡང་ཚེ་མཚོ་སྐོར་རུ་མི་ཚོ་སྔར་བཞིན་གྲང་ནས་འདར་གྱིན་འདུག
      ཉིན་འདི་གར་ང་ཚོས་ཁུངས་སྣེ་ཁ་ཤས་རྙེད་ཡོད་དེ། ཁྲིམས་འགལ་ངང་གསེར་ཉ་འཛིན་བཟུང་བྱེད་མཁན་ཁག་ཅིག་གིས་དར་ངོས་སུ་འཁྱག་དོང་བཏོད་ནས་རྙི་རྒྱ་བཙུགས་ཏེ་ཁྲིམས་འགལ་ངང་གསེར་ཉ་འཛིན་གྱིན་འདུག ང་ཚོའི་དེ་རིང་གི་ལས་འགན་གཙོ་བོ་ནི་ཉ་རྒྱ་དེ་དག་བཙལ་ནས་མེད་པར་བཟོ་རྒྱུ་དེ་ཡིན་ཞེས་ཀྲང་ཝན་ཧུང་གིས་བཤད།
      གན་ན་ཕལ་ཆེར་རྟགས་ཤིག་ཡོད་པ་འདྲ། ལས་རོགས་སུང་གོ་ཧྥིན་གྱིས་མདུན་ཕྱོགས་སུ་མཛུབ་མོ་ཀེར་ནས་དེ་ལྟར་བཤད།
      སུང་གོ་ཧྥིན་དང་ཀྲང་ཝན་ཧུང་གཉིས་ཀྱིས་ལོ་མང་རིང་མཉམ་དུ་ལས་ཀ་བྱས་ཡོད་པ་དང་། སུང་གོ་ཧྲིན་གྱི་མིག་གི་མཐོང་ནུས་བཟང་ཞིང་ཁུངས་སྣེ་ཆུང་རྩག་འགའ་ཡང་ཤེས་རྟོགས་ཐུབ་ཡོད་པས། ལས་རོགས་ཚོས་ཁོ་ལ“གླག་མིག”ཅེས་པའི་མཚང་མིང་ཞིག་བཏགས་ཡོད།
      “གླག་མིག”གི་སྣེ་ཁྲིད་འོག རླངས་འཁོར་དེ་དར་ངོས་སུ་འབྱར་ཡོད་པའི་འགྱིག་དམ་གྱི་ཉེ་འགྲམ་དུ་བསྡད་ལ། མཚོ་ངོས་ནས་མིག་གིས་མཐོང་ཐུབ་པའི་ཁྱབ་ཁོངས་སུ་དེ་འདྲའི་རྟགས་ཤིག་རྙེད་ཁག་པོ་འདུག
      རླངས་འཁོར་ལས་བབས་རྗེས། ཀྲང་ཝན་ཧུང་དང་ལས་རོགས་ཚོས་ལྟ་ཞིབ་ཞིབ་ཕྲ་བྱས་ནས་དེ་ནི་ཁྲིམས་འགལ་ངང་གསེར་ཉ་འཛིན་ས་ཞིག་ཡིན་པ་གཏན་འཁེལ་བྱས་པ་རེད།
      སྤྱིར་བཏང་ཡིན་ན། འདི་འདྲའི་ཉ་རྒྱ་ཡོད་སར་དར་ངོས་སུ་ཁུང་བུ་གཉིས་བཏོད་ནས་ཉ་རྒྱའི་སྣེ་མོ་གཉིས་ཀ་དམ་པོར་བཏགས་ཡོད། དེ་བས། ཉེ་འགྲམ་ན་གཏན་འཁེལ་གནས་གཞན་ཞིག་ཡོད་སྲིད་ཟེར་ནས། ཀྲང་ཝན་ཧུང་གིས་རུ་མི་ཚོ་ཁག་བགོས་ཏེ་འཚོལ་དུ་བཅུག
      ཉམས་མྱོང་ཕུན་སུམ་ཚོགས་པའི་རུ་མི་ཚོས་མགྱོགས་མྱུར་ངང་གཏན་ཁེལ་གྱི་གནས་གཞན་དེ་རྙེད་པ་དང་། འཁྱག་དོང་དེ་དྲོད་ཚད་དམའ་བའི་འོག་ཏུ་ཡང་བསྐྱར་དར་ཆགས་ཡོད་པས། ཁོ་ཚོས་གློག་གི་སོག་ལེ་སྤྱད་ནས་དར་ངོས་སུ་འཁྱག་ཁུང་ཞིག་བཏོད་རྒྱུ་ལས་ཐབས་གཞན་མ་བྱུང་།
      གློག་གི་སོག་ལེ་བླངས་ནས། ཀྲང་ཝན་ཧུང་དང་རུ་མི་ཚོས་རེས་སྐོར་ཏེ་འཁྱག་ཁུང་བཏོད་པ་དང་། སིལ་བུར་གས་པའི་དར་རྡེའུ་དག་འཁྱག་དར་ངོས་སུ་གར་དུ་རྩེན། ཡུད་ཙམ་མ་འགོར་བར་རུ་མི་ཚོའི་ལག་ཤུབས་དང་ཕུ་ཐུང་ཁ་རུ་དར་ཆགས་འདུག ཁོ་ཚོས་སེམས་ཆུང་ངང་འཁྱག་ཁུང་གཉིས་བཏོད་རྗེས། ནུས་ཤུགས་ཡོད་རྒུས་ཉ་རྒྱ་ཕྱིར་འཐེན་ཏེ་རླངས་འཁོར་ནང་དུ་གཡུགས།
      སྟབས་ལེགས་པ་ཞིག་ལ་ཉ་རྒྱ་འདིའི་ཐོག་གསེར་ཉ་མི་འདུག་ཅེས་ཀྲང་ཝན་ཧུང་གི་གདོང་ནས་སྤྲོ་དགའི་འཛུམ་ཞིག་ལངས་ཞོར་བཤད།

2
      ཀྲང་ཝན་ཧུང་གིས་སྣེ་ཁྲིད་པའི་མཚོ་སྐོར་རུ་ཁག་གི་ནང་ད་དུང་བུད་མེད་རུ་མི་ཧུའུ་ཁྲོན་ཧུང་དང་ཁུང་ཧྥན་མིན་གཉིས་ཡོད་ལ། ཉིན་དེར་ཁོ་མོ་གཉིས་ཀྲང་ཝན་ཧུང་དང་མཉམ་དུ་འཁྱག་དར་ངོས་སུ་སྐོར་ཞིབ་བྱེད་པར་བསྐྱོད་མེད་ཀྱང་། མཚོ་འགྲམ་དུ་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་སྤེལ་བཞིན་ཡོད།
      ལས་རོགས་ཚོ་སྐོར་ཞིབ་བྱེད་པར་བསྐྱོད་ནས་ཡུན་རིང་མ་སོང་བར་མོ་གཉིས་ཀྱང་བྲེལ་ལས་ཀྱི་མགོ་བརྩམས་པ་དང་། རུ་མི་ཚོར“ཕུན་སུམ་ཚོགས་པའི་གུང་ཟས”ཏེ་སྟབས་ཐུག་གྲ་སྒྲིག་བྱེད་ཀྱིན་ཡོད། དུས་རྒྱུན་སྟབས་བདེའི་ངང་ཆུ་ཁོལ་བསྐོལ་རྒྱུ་དེའང་གྲང་རླུང་འུར་འུར་དུ་ལྡང་བའི་མཚོ་སྔོན་པོའི་ངོགས་སུ་ཧ་ཅང་དཀའ་ལས་ཁག་པོ་ཡོད།
      མཚོ་འགྲམ་དུ་རླུང་ཧ་ཅང་ཆེ་བས། སྤྱིར་བཏང་གི་སོལ་རླངས་ཐབ་ཀ་བེད་སྤྱོད་གཏོང་ཐུབ་མེད། དེར་བརྟེན་ང་ཚོ་རང་ཉིད་ཀྱིས་ཐབ་ཀ་ཆུང་ཆུང་འདི་འདྲ་ཞིག་ཇུས་འགོད་བྱས་ཏེ། སོལ་རླངས་ཀྱི་རྫ་སྣོད་དང་བསྡེབས་ན་ད་གཟོད་ཆུ་ཚ་པོ་བསྐོལ་ཐུབ་ཟེར་ནས། ཧུའུ་ཁྲུན་ཧུང་གིས་རླངས་འཁོར་གྱི་གཞུག་སྒམ་ནས་ངར་ལྕགས་དང་ལྕགས་སྦུག་གཉིས་ཚ་ལ་བྱས་ཏེ་བཟོས་པའི་སྟབས་བདེའི་ཐབ་ཀ་ཞིག་བླངས་བྱུང་།
      སྔོན་ཆད་མཚོ་ཁར་སྐོར་ཞིབ་བྱེད་སྐབས། ཀྲང་ཝན་ཧུང་དང་ལས་རོགས་ཚོས་རྗེན་ཐོ་དང་གཏེར་ཆུ་འགའ་རེ་འཁྱེར་གྱིན་ཡོད་མོད། འོན་ཀྱང་ཇ་མཚམས་ལ་སླེབས་དུས་འཁྱག་ནས་རྡོ་རུ་གྱུར་འདུག་པས། ཁོ་ཚོས་རྗེན་ཐོ་དང་གཏེར་ཆུ་པང་དུ་བསྡམས་ནས་ཕྱིར་ཡོང་རྒྱུ་ལས་ཐབས་གཞན་མེད་དོ།། 
      ད་ལྟ་དངོས་གནས་ཇེ་བཟང་དུ་གྱུར་འདུག ཕྱིར་ཐོན་ན་ད་དུང་ཁུ་བ་ཚ་པོ་དང་ཐུག་པ་ཚ་པོ་རེ་འཐུང་ཐུབ་ཅེས་ཧུའུ་ཁྲུན་ཧུང་འཛུམ་ཞོར་གྲང་ངར་ཆེ་བའི་ས་ཆ་འདི་ནས་བདེ་སྐྱིད་ཟེར་བ་ཡང་ལས་སླ་བོ་ཞིག་ཏུ་སྒོམ་ཡོད་ཟེར།
      ཆུ་ཚོད་གཅིག་ལྷག་སོང་ཡང་། སྐོར་ཞིབ་རུ་མི་ཚོ་ད་དུང་ཕྱིར་མ་ལོག་པས་མཚོ་འགྲམ་དུ་ཡོད་པའི་ཁུང་ཧྥན་མིན་ཅུང་འཚབ་ཀྱིན་འདུག་སྟེ། རྒྱང་ཤེལ་བླངས་ནས་མཚོ་ངོས་སུ་ལྟ་བཞིན་མཆིས།
      སྤྱིར་བཏང་དུ་ཆུ་ཚོད་གཅིག་ལྷག་ཙམ་ནང་ཁོ་ཚོ་ཐེངས་གཅིག་ཕྱིར་ལོག་གིན་ཡོད། དེ་རིང་ཁུངས་སྣེ་གསར་བ་རེ་རྙེད་ཡོད་ན་ཐང་ཞེས་ཁུང་ཧྥན་མིན་གྱིས་བཤད། དེ་ནས་ཡང་སྐར་མ་བཅུ་ལྷག་ལ་བསྒུགས་རྗེས། ཧུའུ་ཁྲུན་ཧུང་གིས་སྐད་ཆ་བཤད་ཆས་བཟུང་ནས་ཀྲང་ཝན་ཧུང་ལ་ནམ་ཞིག་ཕྱིར་ཡོང་རྒྱུ་ཡིན་པ་དྲིས།
      ང་ཚོས་སྐོར་ཞིབ་བྱེད་བཞིན་ཡོད་པ་དང་ཚང་མ་རྒྱུན་ལྡན་རེད། ཏོག་ཙམ་གྱིས་ཕྱིར་ཐོན་ཡོང་ཞེས་བཤད། སྐད་ཆ་དེ་ཐོས་རྗེས་ཁུང་ཧྥན་མིན་དང་ཧུའུ་ཁྲུན་ཧུང་གཉིས་ཀྱི་བློ་སེམས་ཅུང་བདེ་བར་གྱུར།
      སྐར་མ་བཅུ་ཕྲག་ལྷག་གི་རྗེས་སུ། དར་ངོས་ནས་སེར་ཐིགས་འགའ་རེ་མངོན་ཡོང་། ཧུའུ་ཁྲུན་ཧུང་གིས་ཐག་རིང་ལ་མཛུབ་མོ་ཀེར་ནས་ཁོ་ཚོ་ཕྱིར་ཐོན་བྱུང་ཟེར།
      རུ་མི་ཚོ་ཕྱིར་ལོག་པ་མཐོང་ནས་ཁུང་ཧྥན་མིན་དང་ཧུའུ་ཁྲུན་ཧུང་གིས་ཆུ་དེམ་ནང་ཆུ་གང་བླུགས་པ་དང་། མེ་ཁ་གསོས་ཏེ་ཆུ་བསྐོལ་ནས་སྟབས་བདེའི་ཐུག་པ་སྦང་བར་གྲ་སྒྲིག་བྱས།
      ཀྲང་ཝན་ཧུང་དང་རུ་མི་ཚོ་མཚོ་འགྲམ་དུ་ཐོན་རྗེས། ཁུང་ཧྥན་མིན་དང་ཧུའུ་ཁྲུན་ཧུང་གིས་སྣེ་ལེན་བྱས་ནས་སྐད་ཆ་ཉུང་ཙམ་དྲིས་རྗེས། ཚང་མར་གུང་ཟས་ཟ་རུ་ཤོག་ཅེས་བོས་བྱུང་། སྟབས་ཐུག་དཀར་ཡོལ་གང་ཙམ་ལས་མེད་ཀྱང་ཚང་མས་ཧ་ཅང་ཞིམ་སྣང་ལྡན་པའི་སྒོ་ནས་ཟ་བཞིན་འདུག དེས་གྲང་ཐག་ཆོད་པའི་ངོ་གདོང་རེ་རེ་རིམ་བཞིན་ནེམ་པར་གྱུར་ཏེ་དམར་མདངས་ཡང་མངོན་པར་བྱས།
      ཀྲང་ཝན་ཧུང་གིས་ཅུང་ཙམ་འགོར་ན་ད་དུང་སྐོར་ཞིབ་བྱེད་ས་གཞན་པ་འགར་ཡང་འགྲོ་དགོས་ཟེར། གུང་ཟས་ཟོས་ཚར་རྗེས། ཁོས་ལས་རོགས་རྣམས་ལ་ངལ་གསོ་ཅུང་ཙམ་བྱེད་དུ་བཅུག་པ་དང་ཅུང་ཙམ་འགོར་རྗེས་མུ་མཐུད་དུ་ལམ་ལ་ཆས་སོང་།
3
      ཀྲང་ཝན་ཧུང་དང་ལས་རོགས་ཚོས་ཉིན་འགའ་རེའི་བར་ནས་མཚོ་སྔོན་པོར་སྐོར་ཞིབ་ཐེངས་གཅིག་བྱེད་ཀྱིན་ཡོད་ལ། སྐོར་ཞིབ་བྱེད་ཐེངས་རེར་ཁོ་ཚོ་སྤྱི་ལེ300ལྷག་ཙམ་ལ་འགྲོ་འོང་བྱེད་དགོས།
      ལོ་འདི་གར་ཁྲིམས་འཛིན་བྱེད་ཤུགས་ཆེ་རུ་བཏང་བའི་ཁར་སྐྱེ་ཁམས་སྲུང་སྐྱོང་གི་འདུ་ཤེས་ཀྱང་མི་སེམས་ཀྱི་ཟབ་སར་བརྐོས་པས། ཁྲིམས་འགལ་ངང་གསེར་ཉ་འཛིན་པའི་གནས་ཚུལ་ལོ་རེ་བཞིན་ཇེ་ཉུང་ཡིན་ལ། མཚོ་སྔོན་པོའི་ཆུ་ཁོངས་ཀྱི་ཁོར་ཡུག་ཀྱང་ཉིན་རེ་བཞིན་ཇེ་བཟང་ཡིན། མ་འོངས་པ་ན་མི་ཚང་མ་གསེར་ཉ་སྲུང་སྐྱོབ་ཀྱི་ལས་དོན་ཁྲོད་ཞུགས་ནས་མཉམ་དུ་མཐོ་སྒང་གི་གཅེས་སྲོག་ཆུང་ཆུང་འདི་སྲུང་སྐྱོང་བྱ་རྒྱུའི་རེ་བ་ཡོད་ཅེས་ཡངས་ཤིང་རྒྱ་ཆེ་བའི་མཚོ་སྔོན་པོའི་མཚོ་ངོས་སུ་ལྟ་ཞོར་ཀྲང་ཝན་ཧུང་གིས་བརྩེ་བ་དང་ལྡན་པའི་སྒོ་ནས་དེ་ལྟར་བཤད།
      གསེར་ཉ་སྲུང་སྐྱོང་དང་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་སླར་གསོ་བྱ་ཆེད། དུས་རབས་སྔོན་མའི་ལོ་རབས80པ་ནས་བཟུང་། མཚོ་སྔོན་ཞིང་ཆེན་གྱིས་སྐྱོབ་གསོའི་མ་ལག་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་། མིའི་ཐབས་ལ་བརྟེན་ནས་སྐྱེ་འཕེལ་བྱེད་ཐབས་སྤེལ་བ། སྲིད་འཛིན་ཁྲིམས་འཛིན་གྱི་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ་སོགས་སྤྱོད་གོ་ཆོད་པའི་བྱ་ཐབས་སྣ་མང་སྤྱད་པ་བརྒྱུད། མཚོ་སྔོན་པོའི་གསེར་ཉའི་ཐོན་ཁུངས་བརྟན་འཇགས་ངང་སླར་གསོ་ཐུབ་པ་བྱུང་ཡོད།
      མིག་སྔའི་བར། མཚོ་སྔོན་པོའི་ཉ་ལུའོ་ལིས་ཏུན་ཁྲི10.04བར་སླར་གསོ་བྱུང་བ་དེ་ནི་སྲུང་སྐྱོང་གི་དུས་འགོའི་ལྡབ38ཡིན་པ་དང་གདོད་མའི་གསོག་ཉར་བྱེད་ཚད་ཀྱི31.3%ཟིན་ཡོད་པ་རེད། མཚོ་སྔོན་པོ་རུ་ཉ་ཡིས་ཆུ་བོ་དྭངས་འགྱུར་དང་ཉ་ཡིས་ཆུ་ཁུངས་གསོ་བ། ཉ་ཡིས་ཆུ་སྔོ་འགོག་པ་བཅས་ཀྱི་ནུས་པ་རིམ་བཞིན་ཐོན་ནས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་དང་འཚོ་སྡོད་གནས་ཀྱི་རྒྱ་ཁྱོན་གཉིས་ཀ་ཆེ་རུ་ཕྱིན་ཡོད་པ་རེད།
     རླུང་ཡང་ཇེ་ཆེ་རུ་འགྲོ་བཞིན་འདུག ཀྲང་ཝན་ཧུང་དང་ལས་རོགས་ཚོས་སྒྲིག་ཆས་བསྡུ་གསོག་ལེགས་པོ་བརྒྱབ་ཅིང་། ལྭ་བའི་སྟེང་གི་དར་སྤྲུགས་སྤྲུགས་བྱས་རྗེས། སྔར་བཞིན་རླངས་འཁོར་བསྐོར་ཏེ་གསེར་ཉ་སྲུང་སྐྱོང་བྱེད་སའི“གཡུལ་ས”གཞན་ཞིག་ཏུ་ཆས་སོ།།
འབྲེལ་ཡོད་འོས་སྦྱོར།