
མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་། པར་རིས་ཀྲུང་དབྱང་རླུང་འཕྲིན་དྲ་བ་ལས་དྲངས།
“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”ནི་མཚོ་སྔོན་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིན་དུ་ཡོད་ཅིང་། 2016ལོའི་ཟླ6པར་ཐོག་མར་བཙུགས། དེ་ནི་རྒྱང་སྦྲེལ་བརྙན་ལམ་ནས་ལྟ་ཞིབ་ཚད་ལེན་བྱས་ཆོག་པའི་མ་ལག་ཅིག་ཡིན་ལ། མ་ལག་འདིར་བརྟེན་ནས་ལས་སྒྲུབ་མི་སྣ་ཡིས་རྐང་བ་སྒོ་ལ་མ་སྤོས་པར་ལེ་བར་ཁྲི་ཡི་ཕ་རོལ་གྱི་སྐྱེ་ཁམས་འགྱུར་ལྡོག་གི་གནས་ཚུལ་དུས་ལྟར་དུ་ཤེས་ཐུབ་པ་རེད། དུས་ད་ལྟ་སྐྱེ་ཁམས་སྐར་ཁུང་འདིས་ཞིང་ཆེན་ནང་ཁུལ་གྱི་སྐྱེ་ཁམས་ཁུལ་ཆེན་པོ་ལྔ་ཡོངས་སུ་ཁེབས་ཡོད་ཅིང་། ཞིང་ཆེན་ཡོངས་ཀྱི་ས་ཁོངས་སུ་དུས་ཐོག་ཏུ་སྐྱེ་ཁམས་རྣམ་པ་དང་རང་བྱུང་མཛེས་ལྗོངས། རི་སྐྱེས་སྲོག་ཆགས། སྐྱེ་དངོས་སྣ་མང་རང་བཞིན་བཅས་ལ་གསལ་དག་མྱུར་གསུམ་གྱི་སྒོ་ནས་ལྟ་སྐུལ་ཚོད་འཛིན་དང་ཞིབ་འཇུག་དཔྱད་དཔག་བྱེད་ཐུབ།
2016ལོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་དུ་རྟོག་ཞིབ་གནང་སྐབས། གནས་འདི་ནས་རྣམ་སྲས་གྲོག་རོང་གི་རྫ་ཆུའི་འབྱུང་ཡུལ་དང་ཁུ་ནུ་རི་བོའི་གངས་འཁྱགས་ཀ་ཡེ་སུམ་ཐོད། མདོ་དབུས་ལྕགས་ལམ་བཅས་ཀྱི་སྐྱེ་ཁམས་གནས་ཚུལ་ལ་གཟིགས་ཞིབ་གནང་བར་མ་ཟད། ད་དུང་རྨ་ཆུའི་འབྱུང་ཡུལ་གྱི་མཚོ་སྐྱ་རེངས་སྔོ་རེངས་དང་རྫ་ཆུའི་འབྱུང་ཡུལ་གྱི་རྣམ་སྲས་གྲོག་རོང་གི་ལྟ་དཔྱད་ས་ཚིགས་ཀྱི་དོ་དམ་མི་སྣར་བརྙན་ལམ་ནས་འཚམས་འདྲི་ཞུས་མྱོང་།

མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང་ལ་གཟིགས་ཞིབ་བྱེད་པ། པར་རིས་ཞིང་ཆེན་སྐྱེ་ཁམས་ཁོར་ཡུག་ཐིང་ལས་དྲངས།
རྒྱུས་ལོན་བྱུང་བ་ལྟར་ན། 2019ལོར“མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”རྒྱང་སྦྲེལ་བརྙན་ལམ་ལྟ་དཔྱད་ཚད་འཇལ་མ་ལག་གིས་མདོ་ལ་རིང་མོའི་ས་ཁོངས་སུ་ལྟ་དཔྱད་ཚད་འཇལ་ས་ཚིགས་8གསར་དུ་བཙུགས་པས། “མཚོ་སྔོན་གྱི་སྐྱེ་ཁམས་སྒེའུ་ཁུང”ས་ཚིགས་ཁྱོན་བསྡོམས38དངོས་སུ་བསྐྲུན་ཡོད་ལ། ད་ལྟ་སྐྲུན་བཞིན་པ32ཡོད་པ་དང་། མ་འོངས་པར་ཁྱོན་བསྡོམས་རྒྱང་སྦྲེལ་བརྙན་ལམ་ལྟ་དཔྱད་ཚད་འཇལ་ས་ཚིགས70འཛུགས་རྒྱུའི་འཆར་གཞི་ཡོད། དེ་ནི་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གི་བརྙན་ལམ་ལྟ་དཔྱད་ཚད་འཇལ་གྱི་གསར་གཏོད་སྔོན་སྐྱོད་ཀྱི་མ་ལག་ཅིག་ཏུ་གྱུར་ཡོད།
རྨ་སྟོད་རྫོང་ཁོངས་ཀྱི་མཚེའུ།

རྨ་སྟོད་རྫོང་ཁོངས་ཀྱི་མཚེའུ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
དོ་དམ་མི་སྣས་རྒྱང་སྦྲེལ་བརྙན་ལམ་གྱི་བརྙན་མིག་རྨ་ཆུ་སྔོན་མོའི་འབྱུང་ཡུལ་དུ་གཏད་པ་ན། མཚོ་སྐྱ་རེངས་སྔོ་རེངས་དང་བཅས་པའི་རྨ་ཆུའི་མགོ་ཁུངས་ལ་ཁ་བ་གཡོགས་འདུག་ལ། དགུན་ཁའི་མཐོ་སྒང་གི་ཁ་བ་བུ་ཡུག་གི་གནམ་གཤིས་བརྙན་ལམ་བརྒྱུད་ནས་མཐོང་ཐུབ། དོ་དམ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། དུས་རབས་གོང་མའི་ལོ་རབས་བརྒྱད་ཅུ་བར་ཕྱུགས་ཟོག་ཚད་ལས་བརྒལ་བར་འཚོས་པའི་དབང་གིས་རྨ་སྟོད་རྫོང་གི་མཚོ་དང་མཚེའུ་མང་པོ་ཞིག་ཉམས་ཏེ་རྒྱ་ཁྱོན་ཇེ་ཆུང་དུ་སོང་བ་དང་། ལོ་འདི་འགར་ཆར་ཆུའི་འབབ་ཚད་མོད་པ་དང་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཤུགས་རྐྱེན་འོག་རྨ་སྟོད་རྫོང་དུ་མཚོ་མོ་སྟོང་གི་མཚར་སྡུག་སླར་ཡང་མངོན་ཞིང་། མཚོ་སྐྱ་རེངས་སྔོ་རེངས་དང་། མཚོ་ཁྲ་དང་དེའི་བརླན་ས། སྟོང་རི་མཚོ་ནག་སོགས་ཀྱི་རྒྱ་ཁྱོན་རྒྱ་བསྐྱེད་བཞིན་ཡོད་ཅིང་། གཞན་ཡང་དབྱར་དུས་སུ་བརྙན་མིག་བརྒྱུད་ནས་གནས་འདིའི་རྩྭ་རྩི་ཤིང་གི་སྐྱེ་ཚད་སོགས་ཀྱང་གསལ་བོར་མཐོང་ཐུབ་པར་བཤད།
རྨ་སྟོད་རྫོང་ཁོངས་ཀྱི་མཚེའུ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
འབྲི་ཆུའི་མགོ་ཁུངས་ཀྱི་འཁྱགས་ཀླུང་།

འབྲི་ཆུའི་མགོ་ཁུངས་ཀྱི་འཁྱགས་ཀླུང་། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
འབྲི་ཆུའི་མགོ་ཁུངས་སུ་མཚོ་ངོས་ལས་མཐོ་ཚད་སྨི5200ཡིན་པའི་རྒྱང་སྦྲེལ་ལྟ་དཔྱད་ཚད་འཇལ་གྱི་ས་ཚིགས་བཙུགས་ཡོད་པ་དང་། མཐོ་སྒང་གི་གྲང་ལྷགས་ཆེ་བའི་གནམ་གཤིས་འོག་རྒྱང་སྦྲེལ་ལྟ་དཔྱད་བརྙན་ལམ་གྱིས་གེགས་པ་མེད་པར་མཐའ་བཞིའི་གནས་ཚུལ་ལ་ཉིན་མཚན་དུས་དྲུག་ཏུ“གྱེར”ཡོད། གནས་འདི་ནི་མཐོ་སྒང་གི་རྩྭ་མི་སྐྱེ་བའི་ཐང་རྒོད་ཀྱི་སྐྱེ་ཁམས་རིགས་སུ་གཏོགས་པས། སྐྱེ་དངོས་ཀྱི་རིགས་གཅིག་ཀྱང་མེད་ལ། བརྙན་ལམ་ལས་གནས་འདིར་སྐམ་སའི་ལོ་མང་བའི་ཁངས་ཆགས་དང་འཁྱགས་ཀླུང་གིས་གཡོགས་ཡོད་པ་མཐོང་ཐུབ་པར་མ་ཟད། ད་དུང་ས་ངོས་སུ་འཁྱགས་རྡོ་ཡིས་ཁྱབ་ཡོད། ངོ་སྤྲོད་བྱས་པ་ལྟར་ན། འདིའི་འཁྱགས་ཀླུང་གི་རྒྱ་ཁྱོན་ལ་སྤྱི་ལེ་གྲུ་བཞི་མ127ཡོད་པ་དང་། ལོ་འདི་འགར་གངས་ཆགས་དང་འཁྱགས་རོམ་ཞུ་ཚད་མགྱོགས་ཤིང་། དབྱར་དུས་སུ་འཁྱགས་ཀླུང་ཞུ་བའི་སྣང་ཚུལ་ཅུང་ཚབས་ཆེ་བར་བཤད།

འབྲི་ཆུའི་མགོ་ཁུངས་ཀྱི་འཁྱགས་ཀླུང་། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
རྫ་ཆུའི་འབྱུང་ཡུལ་གྱི་རྣམ་སྲས་གྲོག་རོང་།

རྣམ་སྲས་གྲོག་རོང་གི་གསའ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
རྒྱང་སྦྲེལ་བརྙན་མིག་ལས་རྫ་ཆུའི་མགོ་ཁུངས་ཀྱི་དྭངས་ཤིང་གཙང་བའི་རྫ་ཆུ་བསིལ་མ་ལྷུང་ལྷུང་འབབ་པ་མཐོང་ཐུབ་ལ། གྲོག་རོང་དུ་སྐྱེ་དངོས་སྣ་མང་དང་རི་སྐྱེས་སྲོག་ཆགས་སྣ་ཚོགས་ཡོད། གཞན་ད་དུང་རྣམ་སྲས་གྲོག་རོང་ལ་གསའ་ཡི་ཕ་ས་ཞེས་པའི་མཚན་སྙན་ཡོད་ཅིང་། དོ་དམ་མི་སྣས་ངོ་སྤྲོད་བྱས་པ་ལྟར་ན། གནས་འདིའི་གསའ་ཡི་གྲངས་ཀ་ལོ་འདི་འགར་འཕར་སྣོན་བྱུང་ཡོད་དེ། རྫ་སྟོད་རྫོང་གི་ཁོངས་སུ་གསའ་ཡི་ཁ་གྲངས་200ལྷག་ཡོད། གསའ་ནི་གཅན་གཟན་རི་དྭགས་ཀྱི་གཟན་ཕྲེང་གི་ཆེས་མཐོ་སར་གནས་པས། སྲོག་ཆགས་གཞན་པ་ཁ་ཟས་བྱེད་ལ། གསའ་ཡི་གྲངས་འབོར་གྱིས་ཐད་ཀར་ཡུལ་དེའི་རི་སྐྱེས་སྲོག་ཆགས་ཀྱི་ཁྱབ་ཚུལ་དང་སྐྱེ་ཁམས་ཁོར་ཡུག་གི་གནས་སྟངས་ཚུར་སྣང་བྱས་ཡོད། དེ་བས། གསའ་ཡི་གྲངས་ཀ་འཕར་སྣོན་བྱུང་བས་ཀྱང་སྐྱེ་ཁམས་ལེགས་འགྱུར་གྱི་ངོས་དང་ཟུར་མི་འདྲ་བ་ཞིག་མཚོན་ཡོད།

རྣམ་སྲས་གྲོག་རོང་གི་ཨ་བྲ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
ཡུལ་ཤུལ་གྱི་དཔལ་ཐང་ཆུ་བོ་དང་རྫ་ཆུ།

དཔལ་ཐང་ཆུ་བོའི་ཁུལ་གྱི་དཔེ་རིས། པར་རིས་ཡུལ་ཤུལ་གྲོང་ཁྱེར་ནགས་ལས་ཁོར་སྲུང་ཅུས་ལས་དྲངས།
མཚོ་སྔོན་གྱི“སྐྱེ་ཁམས་སྒེའུ་ཁུང”གིས་མཚོ་སྔོན་ཞིང་ཆེན་ཡུལ་ཤུལ་བོད་རིགས་རང་སྐྱོང་ཁུལ་གྱི་དཔལ་ཐང་ཆུ་བོ་དང་རྫ་ཆུ་འགྲམ་རྒྱུད་དུ་རྒྱང་སྦྲེལ་བརྙན་མིག6བཙུགས་ཡོད་པ་དང་། མིག་སྔའི་བར་དུ་ཨོ་ཡ་ཆུ་སྲམ་གྱི་འགུལ་སྐྱོད་གཟུགས་བརྙན200དང་འབྲེལ་ཡོད་བརྙན་པར་ཆིག་སྟོང་ཙམ་བླངས་ཡོད། ཨོ་ཡ་ཆུ་སྲམ་ཕལ་ཆེ་བ་ནམ་གུང་དུ་འགུལ་སྐྱོད་བྱེད་ལ། ཁ་ཟས་གཙོ་བོ་ནི་ཆུའི་ནང་གི་ཉ་རིགས་ཡིན་ཞིང་། སྲམ་ཚང་མང་ཆེ་བ་ཆུ་འགྲམ་གྱི་ཁུང་བུའི་ནང་དུ་གནས་བཅས་ཡོད། ཆུ་སྲམ་གྱིས་ཆུར་གནས་སྲོག་ཆགས་མང་པོ་ཞིག་ཁ་ཟས་སུ་བྱེད་པས། ཆུ་སྲམ་གྱི་གྲངས་འབོར་འཕར་བས་ཀྱང་ཆུ་གནས་སྲོག་ཆགས་ཇེ་མང་དང་ཆུའི་སྐྱེ་ཁམས་ཇེ་ལེགས་སུ་སོང་བ་མཚོན་ཡོད་ལ། འདི་དག་ཡོད་ཚད་ཕྱོགས་གཅིག་ནས་ཆུ་སྲམ་རྔོན་མཁན་ཇེ་ཉུང་དུ་སོང་བ་དང་ཕྱོགས་གཞན་ཞིག་ནས་ཆུའི་སྦགས་བཙོག་ཇེ་ཉུང་དང་སྐྱེ་ཁམས་ལེགས་བཅོས་བྱུང་བའི་གྲུབ་འབྲས་ཡིན།

རྫ་ཆུའི་མགོ་ཁུངས་ཀྱི་ཟུར་ཞིག པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
མཚོ་སྔོན་པོའི་མཐའ་འཁོར་གྱི་དགོ་བ།

མཚོ་སྔོན་པོའི་ཉེ་འགྲམ་གྱི་དགོ་བ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
ལོ་འདི་འགར། མཚོ་སྔོན་པོའི་རྒྱ་ཁྱོན་ལོ་རེ་བཞིན་རྒྱ་བསྐྱེད་བཞིན་ཡོད་དེ། ད་ལྟ་མཚོ་སྔོན་པོའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ4500ལས་བརྒལ་ཞིང་། མཚོ་སྔོན་པོའི་ནང་གི་གསེར་ཉའི་གྲངས་འབོར་ཀྱང་ཏུན་བརྒྱད་སྟོང་ལྷག་ཡོད། མཚོ་སྔོན་པོའི་བྱང་རྒྱུད་ཀྱི་དཔལ་དགེ་རྩྭ་ཐང་ནི་སྟོང་ལ་ཉེ་བའི་དགོ་བའི་རིགས་ཀྱི་འཚོ་སྡོད་གནས་མལ་ཡིན་ལ། འབྲེལ་ཡོད་སྡེ་ཁག་གིས་བསྡོམས་རྩིས་བྱས་པ་ལྟར་ན། འཛམ་གླིང་དུ་དགོ་བའི་གྲངས་ཀ་ཁྱོན་བསྡོམས2700ཙམ་ལས་ལྷག་མེད། སྤྱིའི་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ་བརྒྱ་ཙམ་ལས་མེད་པའི་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གི་དཔལ་དགེ་སྲུང་སྐྱོབ་ཁུལ་དུ་དགོ་བ200ཙམ་ཡོད་ལ། ལོ་འདི་འགར་ཚགས་དམ་པའི་སྲུང་སྐྱོབ་འོག་ཏུ་དགོ་བའི་གྲངས་ཀ་རིམ་བཞིན་གོང་འཕེལ་དུ་འགྲོ་བཞིན་མཆིས། དུས་ད་ལྟ་མཚོ་སྔོན་པོའི་ནང་གི་ཉ་རིགས་དང་དེའི་མཐའ་འཁོར་གྱི་འདབ་ཆགས་རི་དྭགས་ལ་སོས་དལ་བག་ཕེབས་དང་ཞི་མཐུན་དུ་གནས་པའི་ཁོར་ཡུག་ཅིག་གྲུབ་ཡོད།

མཚོ་སྔོན་པོའི་ཉེ་འགྲམ་གྱི་དགོ་བ། པར་རིས་ཀྲུང་གོའི་གསར་འགྱུར་དྲ་བ་ལས་དྲངས།
དེ་ལྟར། “སྐྱེ་ཁམས་སྒེའུ་ཁུང”གིས་རང་ཞིང་གི་སྐྱེ་ཁམས་འགྱུར་ལྡོག་ལ་དུས་དང་རྣམ་པ་ཀུན་ཏུ་ལྟ་རྟོག་བྱས་ཡོད་ལ། མདོ་དབུས་མཐོ་སྒང་གི་རི་ཆུ་ནགས་གསུམ་དང་། རི་སྐྱེས་སྲོག་ཆགས། སྐྱེ་དངོས་བཅས་ཀྱི་འགྱུར་ལྡོག་གི་གནས་ཚུལ་མྱུར་དག་གསལ་གསུམ་གྱི་སྒོ་ནས་འདོན་སྤྲོད་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་དང་ཚན་རིག་བརྟག་དཔྱད། འབྲེལ་ཡོད་སྲིད་ཇུས་གཏན་འབེབས་བཅས་བྱེད་པར་ཁུངས་ཐུབ་ཀྱི་གཞི་བཅོལ་སའི་ཞབས་ཕྱི་སྒྲུབ་བཞིན་ཡོད།