logo

ཁོར་ཡུག་གཙང་བཟོ་དང་སྐྱེ་ཁམས་བཅོས་སྐྱོང་བྱས་ཏེ་མཚོ་སྔོན་པོར་དྭངས་གཙང་གི་མཛེས་ཉམས་མངོན་དུ་བཅུག

རྩོམ་པ་པོ།:འདི་གའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2022-09-15 ཀློག་གྲངས།:
        སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་རིག་གནས་ཀྱི་བསམ་བློའི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཞིང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་རྒྱལ་ཡོངས་དང་ཐ་ན་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་ཤེས་རིག་གི་མཐོ་གནས་བསྐྲུན་པ་དང་རྒྱལ་སྤྱིའི་སྐྱེ་ཁམས་ཡུལ་སྐོར་བྱ་ཡུལ་གཏོད་པའི་ཐབས་ཇུས་བཀོད་སྒྲིག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱ་ཆེད། མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་རའི་ཚད་ལྡན་བཅོས་སྒྲིག་གི་ཕན་འབྲས་རྒྱུན་མཐུད་སྲ་བརྟན་དང་མཐོ་རུ་བཏང་ནས་སྐྱེ་ཁམས་ཤེས་རིག་གི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་འཁུར་དགོས།
བྱེད་སྒོའི་ཡུལ་དངོས།
        ཟླ9པའི་ཚེས14ཉིན། “འཛམ་གླིང་གི་སའི་གོ་ལར་གཙང་སྦྲ་བྱེད་པའི་ཉིན་མོ”སླེབས་ལ་ཉེ་བའི་དུས་འདིར། གུང་ཧོ་རྫོང་ཚན་ཁག་ཆེན་པོ་བཞིའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་དཔེ་སྟོན་བྱས་ཏེ་ཁུལ་ཨུ་དང་ཁུལ་སྲིད་གཞུང་ལ་ནུས་ཤུགས་ཡོད་རྒུས་གཞོགས་འདེགས་བྱས་ནས2022ལོའི་སྟོན་དགུན་དུས་ཀྱི་མཚོ་སྔོན་པོའི་ཡུལ་སྐོར་ཁྲིམས་སྐྱོང་སློབ་གསོ་དང་ལྗོངས་ཁུལ་གྱི་མཉམ་འབྲེལ་ཁྲིམས་འཛིན་ལག་བསྟར་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“དག་གཙང་མཚོ་ལྷོ”མཛེས་སྡུག་ལྡན་པ་ཞིག་ཏུ་བསྒྱུར་ཆེད་བྱེད་སྒོ་སྤེལ་ནས། རླབས་སྔོན་ཡམ་ཡོམ་དུ་གཡོ་བའི་མཚོ་སྔོན་པོ་སྟོན་གྱི་དུས་འདིར་ཡིད་སེམས་དབང་མེད་དུ་འཕྲོག་པར་བྱེད་པའི་མཛེས་ལྗོངས་ཤིག་ཏུ་སྒྱུར་བཅོས་གཏོང་བར་འབད་པ་བྱས།
ཁུལ་དཔོན་ཀརྨ་ཕུན་ཚོགས་ཀྱིས་གཏམ་བཤད་གནང་བཞིན་པ།
འབྲེལ་ཡོད་སྡེ་ཁག་གི་འགོ་ཁྲིད་ཀྱིས་གཏམ་བཤད་སྤེལ་བཞིན་པ།
        ཐེངས་འདིའི་བྱེད་སྒོའི་བརྗོད་གཞི་ནི“ལྗོངས་ཁུལ་དང་ས་གནས་མཉམ་འབྲེལ་གྱིས་མཚོ་སྔོན་པོའི་ཡུལ་སྐོར་གསེར་བྱང་གཏོད་དགོས། ང་རང་དགའ་སའི་ཕ་ཁྱིམ་དྲོན་མོ་སྟེ། །ཁྲི་ཤོར་རྒྱལ་མོ་གཡུ་ཡི་རླབས་ཕྲེང་འཕྱོ། །”ཞེས་པ་ཡིན་ཞིང་། མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་རའི་སྒྲིག་ལམ་ཚད་ལྡན་བཅོས་སྒྲིག་ལས་དོན་རྒྱུན་མཐུད་ངང་སྤེལ་རྒྱུ་བཀོད་སྒྲིག་བྱས་པ་དང་ལྗོངས་ཁུལ་གྱིས་མཉམ་འབྲེལ་ཐོག་ཡུལ་སྐོར་ཁྲོམ་རའི་ཁྲིམས་འཛིན་ལག་བསྟར་བྱ་རྒྱུའི་སྐོར་གྱི་གཏན་འབེབས་དྲིལ་བསྒྲགས་དང། ལྗོངས་ཁུལ་གྱི་ཕྱོགས་གཉིས་པོའི་འཐུས་མི་དང་མཚོ་སྔོན་པོའི་ཡུལ་སྐོར་བདག་གཉེར་ཁང་གི་འཐུས་མིས་གཏམ་བཤད་སྤེལ། པུའུ་དང་ཨུ་ཡོན་ལྷན་ཁང་ཁག། ལས་ཁུངས་ཁག། ཤང་གྲོང་ཁག་གིས་ས་ཁོངས་གི་དབྱེ་བ་ལྟར་ཁྲིམས་སྐྱོང་དྲིལ་བསྒྲགས་སློབ་གསོ་སྤེལ་ཏེ། མཚོ་སྔོན་པོའི་ཡུལ་སྐོར་ཁྲོམ་ར་ཚད་ལྡན་བཅོས་སྒྲིག་གི་མཉམ་འབྲེལ་ཁྲིམས་འཛིན་བྱ་སྤྱོད་དང་གད་སྙིགས་བཏུས་ནས་ཁོར་ཡུག་གཙང་དག་བཟོ་བའི་བྱ་འགུལ་སྤེལ་བ་རེད།
ཁོར་ཡུག་གཙང་བཟོ་བྱེད་བཞིན་པ།
ལམ་འགྲམ་དུ་གད་སྙིགས་བཏུ་བཞིན་པ།
ལམ་འགྲམ་དུ་གད་སྙིགས་བཏུ་བཞིན་པ།
        ཁུལ་དང་རྫོང་། ཞིང་ཆེན་མཚོ་དོན་དོ་དམ་ཅུས་ཀྱི་འགོ་ཁྲིད་གཙོ་བོས་ཏང་ཡོན་ལས་བྱེད་པ་དང་ས་གནས་མང་ཚོགས། དང་བླངས་པ་བཅས་ལ་སྣེ་ཁྲིད་བྱས་ཏེ་རྒྱལ་ལམ109ཡི་གཞོགས་གཉིས་དང་མཚོ་མོའི་འགྲམ་ངོགས་བཅས་སུ་གཙང་སྦྲ་བྱས་ནས། རི་སྔོ་ཆུ་དྭངས། སྐྱེ་ཁམས་མི་ཕྱུགས་འཆམ་མཐུན་མཉམ་གནས་བྱེད་ཐུབ་པའི་མཛེས་སྡུག་གི་གུང་ཧོ་འཛུགས་སྐྲུན་བྱེད་པར་ནུས་ཤུགས་གང་ཡོད་བཏོན།
འབྲེལ་ཡོད་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པ།
འབྲེལ་ཡོད་བཅའ་ཁྲིམས་དྲིལ་སྒྲོག་བྱེད་པ།
        གཅིག་གྱུར་བཀོད་སྒྲིག་གཞིར་བཟུང་ཁུལ་དང་རྫོང་། ཤང་གི་ལས་ཁུངས135ཡི་ཏང་ཡོན་ལས་བྱེད་པ2270ལྷག་ཙམ་སྒྲིག་འཛུགས་བྱས་ནས་ཐེངས་འདིའི་བྱེད་སྒོའི་ནང་ཞུགས་ཏེ་ཁྱོན་གད་སྙིགས་ཏུན82གཙང་སེལ་བྱས་པ་དང་བཅའ་ཁྲིམས་དྲིལ་བསྒྲགས་དེབ་ཁྲི2.3ལྷག་བཀྲམས། བཅའ་ཁྲིམས་བློ་འདྲི་མི་གྲངས440ལྷག་ཙམ་རྩ་འཛུགས་ཀྱིས་བཅའ་ཁྲིམས་དྲིལ་བསྒྲགས་བྱས་ནས་ཕན་པ་ཐོབ་པའི་མང་ཚོགས11000ལྷག་ཙམ་ཟིན། དེ་མིན་འབྲེལ་ཡོད་སྡེ་ཚན་ཁག་ནས་ལས་དོན་མི་སྣ65སྐོང་འཐེན་བྱས་ཏེ་ཚོགས་ཆུང4ལ་བགོས་ནས་ས་ཁུལ་ཁག་གི་སྣོད་བཅུད་སྲུང་སྐྱོང་དང་བཙོག་ཆུ་འབུད་གཏོང་། འབྲོག་ལས་སྒེར་འཛུགས། མཛེས་ལྗོངས་ཁུལ་སྒེར་འཛུགས། བདག་གཉེར་ཉོ་ཚོང་སོགས་ཀྱི་གནས་ཚུལ་ལ་ཉིན་གཅིག་རིང་ཁྲིམས་བསྟར་ཞིབ་བཤེར་བྱས་པས། ས་ཁོངས་གཙང་བཤེར་ཁྱོན་ཡོངས་ལ་ཁྱབ་པ་དང་བཅའ་ཁྲིམས་ཞབས་ཞུ་ཡིས་མི་སེམས་དྲོ་བར་བྱེད་པ། མཉམ་འབྲེལ་ཁྲིམས་བསྟར་གྱིས་སྲོལ་གསར་འཛུགས་པ་བཅས་མངོན་འགྱུར་བྱུང་།
འབྲེལ་ཡོད་འོས་སྦྱོར།