logo

མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རྣམ་པ་གསར་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱས་པ།

རྩོམ་པ་པོ།: ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ། དུས་ཚོད།:2022-09-20 ཀློག་གྲངས།:
རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོང་ཁུལ་རྒྱ་ཁྱོན་གྱི77.17%ཟིན་པ།
        མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་སྤྱི་གླིང་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་བྱེད་པ་སྣེ་ཁྲིད་དུ་བཟུང་ནས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་སྔོན་དུ་བསྐྱོད་པར་སྐུལ་འདེད་གཏོང་བ་དམིགས་འབེན་དུ་བྱས་ཤིང་། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་འཛུགས་སྐྲུན་ལ་སྟོབས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བས། རྒྱལ་ཁབ་སྤྱི་གླིང་གཙོ་གཞི་ཡིན་པའི་རྣམ་པ་གསར་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་མ་ལག་གཞི་རྩའི་ཆ་ནས་ཆགས་པར་བྱས་ཡོད།
        རྒྱལ་ཁབ་སྤྱི་གླིང་བསྐྲུན་པ་ནི་རང་རྒྱལ་གྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་ལམ་ལུགས་གསར་སྐྲུན་གལ་ཆེན་ཞིག་ཡིན། ཉེ་བའི་ལོ་འགའི་རིང་ལ། ཞིང་ཆེན་ཡོངས་ཀྱི་གོང་འོག་ཚང་མས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་དུ་བསྟར་བ་དང་། མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལེགས་པོ་བྱེད་པ་དེ་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པ་དུས་དང་རྣམ་པ་ཀུན་ཏུ་ཡིད་ལ་དམ་པོར་བཟུང་ནས། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་ཆབ་སྲིད་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་བླངས་ཏེ། འཚོལ་ཞིབ་ལྷུར་ལེན་དང་སྤོབས་པ་ཆེན་པོས་གསར་གཏོད་བྱེད་པ། ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་བཅས་ཀྱི་སྒོ་ནས། གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དེ་རྒྱལ་ཡོངས་ཀྱི་སྐོར་རིམ་ཐོག་མ་དང་ཨང་རིམ་དང་པོ། རྒྱ་ཁྱོན་ཆེས་ཆེ་བའི་རྒྱལ་ཁབ་སྤྱི་གླིང་དུ་གྱུར་ཡོད། མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ལམ་ལུགས་ཚོད་ལྟའི་ས་ཚིགས་ཀྱི་ལས་འགན་ཁག་ཕྱོགས་ཡོངས་ནས་འགྲུབ་པར་བྱས་པ་དང་། ཚད་ལྡན་གཅིག་གྱུར་གྱི་མ་ལག་ཚང་བའི་དོ་དམ་ལས་ཁུངས་བཙུགས་ཏེ། ཕྱོགས་བསྡུས་ཁྲིམས་བསྟར་དང་སྡེ་བའི་ཨུ་ཡོན་གཉིས+ཀྱི་བྱ་བའི་ལམ་སྲོལ་སྐུལ་སྤེལ་བྱས་ཤིང་། འཆར་འགོད་མ་ལག་དང་ཚན་རིག་ཞིབ་འཇུག་གི་ལྟ་ཞིབ་སོགས་འདེགས་སྐྱོར་མ་ལག་གི་བྱ་བའི་གནས་སྟངས་བསྐྲུན་ཏེ། སྤྱི་གླིང་དངོས་སུ་འཛུགས་པར་རྨང་གཞི་བརྟན་པོ་བཏིངས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་བྱ་བར་རྒྱལ་ཁབ་ཀྱི་ཆོག་མཆན་དངོས་སུ་ཐོབ་པ་དང་། ཁུ་ནུ་རི་བོའི་རྒྱལ་ཁབ་སྤྱི་གླིང་གསར་སྐྲུན་གྱི་སྔོན་འགྲོའི་བྱ་བའི་འཕེལ་འགྲོས་བདེ་བླག་ཡིན་ལ། མདོ་དབུས་མཐོ་སྒང་རྒྱལ་ཁབ་སྤྱི་གླིང་ཚོགས་འཛུགས་སྐྲུན་ཐད་དངོས་ཡོད་རང་བཞིན་གྱི་འཕེལ་འགྲོས་བྱུང་།
        ཞིང་ཆེན་ཡོངས་སུ«མཚོ་སྔོན་གྱིས་རྒྱལ་ཁབ་སྤྱི་གླིང་གཙོ་གཞིར་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་མ་ལག་དཔེ་སྟོན་ཞིང་ཆེན་འཛུགས་སྐྲུན་གྱི་སྤྱིའི་འཆར་འགོད»དང«མཚོ་སྔོན་ཞིང་ཆེན་རང་བྱུང་སྲུང་སྐྱོང་ཁུལ་འཕེལ་རྒྱས་འཆར་འགོད»བཟོས་པ་ལེགས་འགྲུབ་བྱུང་བ་དང་། རང་བྱུང་སྲུང་སྐྱོང་ཁུལ་དོ་དམ་ལམ་ལུགས་འཛུགས་པའི་ཇུས་གཞི་སོགས་ལམ་ལུགས་བྱེད་ཐབས18དང་རང་བྱུང་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ཚད་ལྡན་དུ་གཏོང་བ་སོགས་ལག་རྩལ་ཚད་གཞི4གཏན་འབེབས་བྱས་ལ། རང་བྱུང་སྲུང་སྐྱོང་ཁུལ་གྱི་ཁྲིམས་འཛུགས་སྔོན་ལ་འཚོལ་ཞིབ་བྱས་པ་དང་ས་གནས་ཀྱི་ཚད་གཞི་གཏན་འབེབས་བཟོ་བའི་སྙན་ཞུ་ལྷུར་ལེན་པ་སོགས་ཀྱི་བྱ་བའི་རྨང་གཞིའི་སྟེང་། རང་བྱུར་སྲུང་སྐྱོང་ཁུལ་གྱི་ཁྱབ་ཁོངས་མུ་མཐུད་དུ་ལེགས་སྒྱུར་སྙོམས་སྒྲིག་དང་། རང་བྱུང་སྲུང་སྐྱོང་ཁུལ་གྱི་འགལ་བ་གདོང་ཐུག་གནད་དོན་ཚན་རིག་མཐུན་པར་ཐག་གཅོད་ལུགས་མཐུན་བྱས་ཤིང་། ཞིང་ཆེན་ཡོངས་སུ་རིམ་པ་སོ་སོའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་རིགས་མི་འདྲ་བའི་གནས109ལེགས་སྒྱུར་བྱས་ནས་གནས79ལ་བསྡུ་སྒྲིག་བྱས་པ་དང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི26.52ལ་སླེབས་པ་དང་། དེས་རྒྱལ་ཁོངས་རྒྱ་ཁྱོན་གྱི38.08%ཟིན། བསྡུ་སྒྲིག་ལེགས་སྒྱུར་མ་བྱས་སྔོན་དང་བསྡུར་ན3.85%འཕར་ལ། དེའི་ཁྲོད་རྒྱལ་ཁབ་སྤྱི་གླིང་གིས་རང་བྱུང་སྲུང་སྐྱོང་ཁུལ་གྱི་རྒྱ་ཁྱོན་གྱི77.17%ཟིན།
        མཉམ་སྐྲུན་མཉམ་སྡོམ་མཉམ་རོལ་མཐུན་སྦྱོར་འཕེལ་རྒྱས་བཏང་སྟེ། སྐྱེ་ཁམས་སྲུང་སྐྱོང་བཅོས་སྐྱོང་ཕན་འབྲས་མངོན་སུམ་བྱུང་། ཞིང་ཆེན་ཡོངས་སུ་རྩྭ་ཐང་དང་ནགས་ཚལ། བརླན་སའི་སྐྱེ་ཁམས་སྲུང་སྐྱོང་སྤྱི་ཕན་ལས་སྣེ་ཁྲི14.51བཙུགས། རང་བྱུར་སྲུང་སྐྱོང་ཁུལ་གྱི་མངགས་བཅོལ་དོ་དམ་གྱི་ལམ་ལུགས་གསར་པ་དང་ལམ་སྲོལ་གསར་པ། རྣམ་པ་གསར་པ་མགྱོགས་མྱུར་གྱིས་བསྐྲུན་ཏེ། རང་བྱུར་སྲུང་སྐྱོང་ཁུལ་གྱི་རང་བྱུང་སློབ་གསོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་ཕྱིན། ཞིང་ཆེན་ཡོངས་སུ་ནགས་ཚལ་ཁེབས་ཚད7.5%ལ་སླེབས། ནགས་ཚལ་ཁེབས་རྒྱ་མུས་རྒྱ་དཔངས་གྲུ་བཞི་མ་ཁྲི4993འཕར། རྩྭ་ཐང་གི་ཕྱོགས་བསྡུས་ལྗོན་ཤིང་གི་ཁེབས་ཚད57.8%ལ་སླེབས་པ་དང་། བརླན་སར་སྲུང་སྐྱོང་བྱེད་ཚད64.3%ལ་སླེབས། ཞིང་ཆེན་ཡོངས་ཀྱི་ས་ངོས་ཆུ་ས་ཁོངས་ལས་བཞུར་ཚད་མུས་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར900ལས་བརྒལ་ནས། སྐྱེ་ཁམས་མ་ལག་གི་སྤུས་ཚད་དང་བརྟན་བརླིང་རང་བཞིན་མུ་མཐུད་དུ་མཐོར་བཏེགས་ཡོད། །
འབྲེལ་ཡོད་འོས་སྦྱོར།