ཁྲི་ཀ་རུ་རྨ་ཆུར་སྲུང་སྐྱོང་བྱེད་པའི་དྲིལ་སྒྲོག་བྱེད་སྒོ་སྤེལ།
རྩོམ་པ་པོ།:
ཡོང་ཁུངས།:མཚོ་ལྷོ་བོད་ཡིག་ཚགས་པར།
དུས་ཚོད།:2023-04-03
ཀློག་གྲངས།:
ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དུ«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས»དྲིལ་སྒྲོག་བྱ་བའི་བྱེད་སྒོ་སྤེལ།


ཉེ་སྔོན། མཚོ་སྔོན་ཞིང་ཆེན་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་དང་། ཀྲུང་གུང་ཁྲི་ཀ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཁྲི་ཀ་རྫོང་ཆུ་འཁོར་ཐང་ཆེན་དུ«ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས»དྲིལ་སྒྲོག་བྱ་བའི་བྱེད་སྒོ་སྤེལ་ནས་ཁྲིམས་ཀྱི་མིང་ཐོག་ནས་རྨ་ཆུར་སྲུང་སྐྱོང་བྱེད་པར་གཏན་འཁེལ་བྱས།

བྱེད་སྒོ་སྤེལ་ཡུལ་དུ་སྐུ་མགྲོན་ལྔ་ཡིས་ཁག་སོ་སོར"«རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས»སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར"ཞེས་པ་བརྗོད་དོན་བྱས་ནས་གཙན་ཚ་རྫོང་དང་གུང་ཧོ་རྫོང་། ཀོས་ནན་རྫོང་། ཁྲི་ཀ་རྫོང་བཅས་ཀྱིས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་དང་། མཚེའུ་དང་ཆུ་བོར་དོ་དམ་སྲུང་སྐྱོང་བྱེད་པར་གྲོས་མཐུན་བཞག་པ་རེད་། དྭངས་ཤིང་གཙང་བའི་མ་ཡུམ་གཙང་བོའི་འགྲམ་དུ་དང་བླངས་པའི་འཐུས་མི30ཡིས"ཁྲིམས་ཀྱི་མིང་ཐོག་ནས་རྨ་ཆུར་སྲུང་སྐྱོང་བྱེད"ཅེས་དམ་བཅའ་བཞག་སྟེ་མི་ཚང་མས"ཁྲིམས་ལྟར་རྨ་ཆུར་བཅོས་སྐྱོང་བྱེད་པའི"དྲིལ་སྒྲོག་པ་དང་ལག་བསྟར་པ། ལྟ་སྐུལ་པ་བཅས་བྱེད་པར་བརྩོན་ལེན་བྱས་ནས་དམངས་ཡོངས་ཀྱི་འགྲིལ་ཤུགས་གཅིག་ཏུ་སྒྲིལ་བ་དང་ཐུན་མོང་ཐོག་ཁྲིམས་སྐྱོང་སྟོབས་ཤུགས་ལ་བརྟེན་ནས་རྨ་ཆུ་འབབ་རྒྱུད་ཀྱི་སྐྱེ་ཁམས་བརྟན་སྲུང་ཡག་པོ་བྱ་དགོས་པར་འབོད་སྐུལ་བཏང་། ན་ཆུང་སློབ་མ་བརྒྱ་ཡིས་རྨ་ཆུའི་བཞུར་རྒྱུན་རིས་སུ་བྲིས་ནས་རྨ་ཆུའི་ཨན་ལན་སྲུང་སྐྱོབ་བྱེད་པའི་ཆོད་སེམས་དང་ཡིད་ཆེས་བརྒྱུད་སྒྲོག་བྱས། དྲིལ་བསྒྲགས་བྱ་ཡུལ་དུ་ད་དུང་རྨ་ཆུའི་ཨན་ལན་གྱི་བརྗོད་བྱ་གཙོ་བོའི་འགུལ་རིས«ཁྲི་ཀའི་ངང་ཆུང»ཞེས་པ་ཁྱབ་བསྒྲགས་བྱས་ཏེ། སྐུ་མགྲོན་དང་དང་བླངས་པ་གདན་དྲངས་ནས་མཉམ་དུ་གཙང་པོ་དང་མཚེའུ་ལ་དོ་དམ་སྲུང་སྐྱོང་བྱེད་པའི་དང་བླངས་ཞབས་ཞུའི་བྱེད་སྒོ་སྤེལ་ཏེ་མ་ཡུམ་གཙང་བོའི་འགྲམ་ངོགས་སུ"བདེ་སྐྱིད་ཀྱི་ནགས་ཚལ"མཉམ་དུ་འཛུགས་པར་འབད་བརྩོན་བྱེད་བཞིན་འདུག

ཁྲི་ཀ་ནི་མཚོ་སྔོན་ཞིང་ཆེན་གྱི་ཤར་རྒྱུད་དུ་གནས་ཡོད་པ་དང་། དེའི་ངོགས་སུ་རྨ་ཀླུང་སྒེག་མོའི་བཞུར་རྒྱུན་གྱིས་སྤྱི་ལེ76.8ཙམ་གྱི་འཁྱུག་འགྲོས་ལུས་སུ་བཏེགས་ནས་རྨ་ཡུལ་ཁྲི་ཀའི་སྐྱེ་སྟོབས་ལ་མཛད་མེད་ཀྱི་གསོན་ཤུགས་གནང་བཞིན་ཡོད་ལ། ཇི་སྐད་དུ། "གནམ་འོག་རྨ་ཆུ་ཁྲི་ཀའི་ཡུལ་དུ་དྭངས"ཞེས་པ་དང་། "མཐོ་སྒང་གི་ཅང་ནན།" དེ་མིན་ཟི་ལིང་གྲོང་ཁྱེར་གྱི"ལྟག་རྒྱབ་ཀྱི་མེ་ཏོག་ལྡུམ་ར"ཞེས་པའི་མཚན་སྙན་ཡོད་ལ། སྔ་རྗེས་སུ་རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་གི་དཔེ་སྟོན་རྫོང་དུ་གཏོད་པ་མ་ཟད། "སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི"ལག་ལེན་གསར་གཏོད་ཀྱི་རྟེན་གཞི་དང་རྒྱལ་ཁབ་ཀྱི་འཕྲོད་བསྟེན་གྲོང་ཁྱེར་དུ་གཏོད་པ་སོགས་ཀྱི་གཟི་བརྗིད་མཚན་སྙན་ཐོབ་ཡོད། དུས་ཡུན་རིང་པོའི་ནང་དུ་ཁྲི་ཀ་རྫོང་གིས"སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི"འདུ་ཤེས་ལག་ལེན་དུ་བསྟར་ནས་རྨ་ཀླུང་སྒེག་མོའི་བཞུར་རྒྱུན་ལ་སྲུང་སྐྱོང་བྱས་ཡོད་པ་རེད།
འབྲེལ་ཡོད་འོས་སྦྱོར།