logo

མཚོ་ལྷོ་ཁུལ་གྱི་འོད་ཤུགས་བྱེ་འགོག་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཞིབ་འཇུག་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་འཚོགས།

རྩོམ་པ་པོ།:དྲ་བའི་རྩོམ་སྒྲིག་པ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-05-15 ཀློག་གྲངས།:
འོད་ཤུགས་བྱེ་འགོག་གིས་སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི་ཐབས་ལམ་སྔར་ལས་ལེགས་པོར་གཏོང་དགོས།
                                   མཚོ་ལྷོ་ཁུལ་གྱི་འོད་ཤུགས་བྱེ་འགོག་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་ཞིབ་འཇུག་སྙན་ཞུའི་ཚོགས་འདུ་ཟི་ལིང་དུ་འཚོགས།
 
       ཟླ5པའི་ཚེས12ཉིན། མཚོ་ལྷོ་ཁུལ་གྱི་འོད་ཤུགས་ཐོན་ལས་གླིང་ཁུལ་གྱི་བྱེ་འགོག་དཔེ་སྟོན་ཁུལ་འཛུགས་སྐྲུན་ཞིབ་འཇུག་སྙན་ཞུའི་ཚོགས་འདུ་ཟི་ལིང་ནས་འཚོགས་ཤིང་། ཁུལ་ཨུའི་ཧྲུའུ་ཅི་ལིས་ཀང་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུའུ། ཞིང་ཆེན་ནུས་ཁུངས་ཅུའུ། རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་གློག་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སི། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་་ནགས་རྩྭ་བརྟག་དཔྱད་འཆར་འགོད་ཁང་། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུའུ་ནུབ་བྱང་བརྟག་དཔྱད་འཆར་འགོད་ཁང་། དེ་མིན་རྫོང་ཁག་གི་འབྲེལ་ཡོད་འགན་འཁུར་བ་དང་རིགས་གཅིག་མཁས་ཅན་གྱིས་ཞིབ་འཇུག་སྙན་ཞུར་གྲོས་བསྡུར་གང་ལེགས་བྱས་པ་མ་ཟད་བཟོ་བཅོས་རྒྱག་རྒྱུའི་བསམ་འཆར་ཡང་བཏོན་པ་རེད།
       ཧྲུའུ་ཅི་ལིས་ཀང་གིས་མཚོ་ལྷོ་ཁུལ་གྱི་གནས་ཚུལ་དང་ཁུལ་ཡོངས་ཀྱིས་ནུས་ཁུངས་གཙང་མ་གསར་སྤེལ་དང་བེད་སྤྱོད་བྱེད་པའི་གོ་སྐབས་གལ་ཆེན་ངོ་སྤྲོད་མདོར་བསྡུས་བྱས་པ་དང་། རྒྱལ་ཁབ་ཉིང་རྡུལ་གློག་ཤུགས་འཆར་འགོད་ཞིབ་འཇུག་ཁང་གིས་སྣེ་ཁྲིད་དེ་མཚོ་ལྷོའི་འོད་ནུས་བྱེ་འགྱུར་ལ་ཞིབ་འཇུག་བྱས་པར་བསྔགས་བརྗོད་བྱས་པ་མ་ཟད། མཚོ་ལྷོར་སྔར་ནས་བཟུང་བྱེ་འགོག་བྱེ་བཅོས་ཀྱི་སྲོལ་རྒྱུན་ཡོད་པ་དང་། དུས་རབས20པའི་ལོ་རབས50པར་མཚོ་ལྷོ་ཁུལ་གྱིས་མིས་བཟོས་བྱེ་འགོག་བྱེ་བཅོས་ཀྱི་ཐབས་སྤྱད་ཅིང་། དུས་རབས21པའི་སླེབས་རྗེས་མཚོ་ལྷོའི་མི་རབས་གསར་པས་ཚན་རིག་དང་མཐུན་པའི་སྒོ་ནས་བྱེ་འགོག་བཅོས་སྐྱོང་བྱེད་པའི་ཐབས་སྤྱད་ཡོད། ལོ་ངོ70རིང་བྱེ་རླུང་འགོག་པའི་འོད་སྟོང་འབར་བའི་ལོ་རྒྱུས་དང་བྱེ་བཅོས་ཉམས་མྱོང་ནི་མཚོ་ལྷོའི་མི་རིགས་ཁག་གི་བུ་ཕྲུག་དག་གི་བསམ་པའི་རྒྱུ་ནོར་ཡིན། ཚན་རིག་ཞིབ་འཇུག་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་སློབ་སྦྱོང་དང་གོ་བ་གཏིང་ཟབ་ལེན་པ། མཚོ་ལྷོས་རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་ཀྱི་ས་མཐོའི་ཁྱད་ཆོས་ལ་ངོས་འཛིན་གཏིང་ཟབ་བྱེད་པ་དང་། བསྡུར་བའི་ཞིབ་འཇུག་སོགས་ཚན་རིག་དང་མཐུན་པའི་བྱེད་ཐབས་བེད་སྤྱོད་གང་ལེགས་བྱས་ནས་རྒྱ་བསྡམས་བྱེ་བཅོས་དང་ལས་གྲྭས་བྱེ་བཅོས། འོད་ཤུགས་ཀྱིས་བྱེ་བཅོས་བཅས་བྱེད་པའི་དགེ་མཚན་དང་མི་འདང་སར་དབྱེ་ཞིབ་དང་བཀག་སྡོམ་བྱས་ཏེ་མཚོ་ལྷོ་ཁུལ་དུ་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་སྐྲུན་པ་དང་ཐོན་ལས་གནས་བཞི་འཛུགས་སྐྲུན་བྱེད་པར་ཚན་རྩལ་གྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱ་དགོས། ཁྱད་པར་དུ་འོད་ཤུགས་ཆེན་པོས་བྱེ་འགྱུར་བཅོས་སྐྱོང་བྱེད་པའི་བཟང་ཆ་དང་མདུན་ལྗོངས་སྔོག་འདོན་བྱས་ཏེ་འོད་ཤུགས་དང་བྱེ་འགྱུར་དཔེ་སྟོན་ཁུལ་འཛུགས་སྐྲུན་བྱེད་པའི་རིགས་པའི་གཞུང་ལུགས་ཀྱི་གཞི་འཛིན་ས་དང་གཞི་གྲངས་ཀྱི་འདེགས་སྐྱོར་སྔར་བས་ལེགས་པར་བྱས་ཏེ་ཁུལ་ཡོངས་ཀྱི་ནུས་ཁུངས་གསར་པའི་འཕེལ་རྒྱས་ལ་གོ་སྐབས་གསར་པ་དང་། སྒུལ་ནུས་གསར་པ་སྣོན་དགོས་པ་བསྟན།
       གཞན་ཡང་འོད་ཤུགས་ཐོན་ལས་གླིང་ཁུལ་གྱི་བྱེ་འགོག་དཔེ་སྟོན་ཁུལ་ནི་རྒྱལ་ཁབ་རྒྱུན་མཐུད་ངང་འཕེལ་རྒྱས་གཏོང་བའི་གྲོས་རིམ་གསར་གཏོད་དཔེ་སྟོན་ཁུལ་འཛུགས་སྐྲུན་དང་། རྒྱལ་ཁབ་ཀྱི་ནུས་ཁུངས་གཙང་མའི་ཐོན་ལས་མཐོ་ས་སྐྲུན་པ། རྒྱལ་ཡོངས་ཀྱི་བྱེ་འགོག་བྱེ་བཅོས་དཔེ་སྟོན་ཁུལ་གསར་སྐྲུན་བྱེད་པ། "ལྗང་མདོག་གི་གཙང་གསུམ་འགོ་ཁུངས" ལས་གྲྭའི་འདེགས་སྐྱོར་ནུས་པར་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ལྟ་བུ་ཡིན། ས་གནས་ཁག་དང་འབྲེལ་ཡོད་སྡེ་ཁག་གིས་ཏན་ཏིག་ངང་བསམ་བློའི་ངོས་འཛིན་མཐོ་རུ་གཏོང་བ་དང་། འོད་ཤུགས་ལ་བརྟེན་ནས་བྱེ་བཅོས་བྱས་ཏེ་སྐྱེ་ཁམས་འོད་ཤུགས་སྐུལ་ཁྲིད་བྱ་དགོས། གུང་ཧོའི་གཤོང་སའི་ལྗང་མདོག་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བ་དང་། ཚན་ཞིབ་ལས་ཁུངས་ལ་གཞོགས་འདེགས་ཧུར་ཐག་བྱས་ཏེ་དུས་ཐོག་དང་ཆ་ཚང་བ། ཡང་དག་པའི་སྒོ་ནས་གཞི་གྲངས་འདོན་སྤྲོད་དང་། རྒྱུ་ཆ་དང་གྱོད་དཔེ། ཞིབ་འཇུག་སྙན་ཞུའི་ནང་དོན་སྔར་བས་ཕུན་སུམ་ཇེ་ཚོགས་དང་འཐུས་ཚང་ཡོང་བར་ཁག་ཐེག་བྱ་དགོས་པ་ཡང་བསྟན།
འབྲེལ་ཡོད་འོས་སྦྱོར།