མདོ་ལ་རིང་མོ། རྨ་ནུབ་ཁྱམས་རིང་གི་ཚེ་སྲོག་གི་འབྱུང་ཁུངས།
རྩོམ་པ་པོ།:
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2023-08-08
ཀློག་གྲངས།:
ཀྲུང་གོའི་ས་ཁྲའི་སྟེང་དུ། མཐོ་ཞིང་བརྗིད་པའི་རི་རྒྱུད་ཅིག་ཀན་སུའུ་ཞིང་ཆེན་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་བར་དུ་བརྐྱངས་ཏེ་རྨ་ནུབ་ཁྱམས་རིང་ལ་ཐུར་གཟིགས་གནང་ཡོད་ཅིང་། དེ་ནི་གནའ་དུས་སུ་མི་ཉག་པས“གནམ་གྱི་རི་བོ”རུ་འབོད་པའི་མདོ་ལ་རིང་མོ་རེད། མདོ་ལ་རིང་མོ་ནི་རྨ་ནུབ་ཁྱམས་རིང་ལ་ཆེས་གལ་འགངས་ཆེ་བའི་རི་བོ་ཞིག་ཡིན་ཏེ། འདི་ལས་འབབ་པའི་ཆུ་བོ་ཡིས་རྨ་ནུབ་ཁྱམས་རིང་གི་སྔོ་གླིང་བསྐྱངས་ཡོད་པ་རེད། མདོ་ལ་རིང་མོ་ནི་ས་ཁམས་དོན་སྙིང་སྟེང་གི་རི་མཐོན་པོ་ཞིག་ཁོ་ན་ཙམ་མིན་པར། མི་རིགས་མི་འདྲ་བའི་སྙིང་སྟོབས་ཀྱི་ཡང་རྩེ་ཡིན།
མདོ་ལ་རིང་མོ་དང་ཆུ་རྒྱུན་དྲུག་གི་ཁྱབ་ཚུལ་རི་མོ།
མདོ་ལ་རིང་མོའི་ངོས་གསུམ་བྱེ་ཐང་གིས་བསྐོར་ཡོད་དེ། བྱང་ངོས་སུ་ཏན་པ་ཅི་ལིན་བྱེ་ཐང་དང་། ནུབ་ངོས་སུ་ཁུའུ་མུའུ་ཐ་ཀོ་བྱེ་ཐང་དང་ཐ་ཁོ་ལ་མ་ཀན་བྱེ་ཐང་ཆེན་མོ། ལྷ་ངོས་སུ་ཚ་འདམ་བྱེ་ཐང་བཅས་ཡོད་ལ། བྱེ་ཐང་ལ་བསྲིངས་པའི་བརླན་སའི་གླིང་ཕྲན་ཞིག་ཡིན་པ་ནི་མདོ་ལ་རིང་མོའི་ཁྱད་ཆོས་གཙོ་ཤོས་དེ་ཡིན།
མདོ་ལ་རིང་མོ་ནི་མུ་འབྲེལ་རི་བོ་མཐོན་པོ་ཞིག་མིན་པར་ནུབ་བྱང་ནས་ཤར་ལྷོའི་ཕྱོགས་སུ་ཕལ་ཆེར་མཉམ་འགྲོ་ཡིན་པའི་རི་རྒྱུད་ཁྱུ་ཚོགས་ཤིག་གིས་གྲུབ་ཡོད། རི་རྒྱུད་ཁྱུ་ཚོགས་དེའི་རིང་ཚད་ལ་སྤྱི་ལེ1000ཡོད་པ་དང་། ཞེང་ཚད་ལ་སྤྱི་ལེ300ཡོད་ལ། དེ་ནི་གཏོས་ཆེ་བའི་རི་ཚོགས་ཤིག་ཡིན་པར་མ་ཟད་དེས་ཀྲུང་གོའི་ཆེས་མཛེས་པའི་མཚོ་སྟེ་མཚོ་སྔོན་པོ་བསྲུངས་ཡོད་ལ། ཀྲུང་གོའི་ཆེས་མཛེས་པའི་རྩྭ་ཐང་སྟེ་ཏ་མ་ཡིང་རྩྭ་ཐང་ཡང་བསྐྱངས་ཡོད།
ཀན་སུའུ་ཞིང་ཆེན་གྱི་ཏན་ཅུན་དམག་རྟའི་ར་བ།
མཚོ་སྔོན་པོ།
མདོ་ལ་རིང་མོའི་ངོ་མཚར་བའི་ཁྱད་ཆོས་ནི་དེའི་རང་བྱུང་ས་ཁུལ་དབྱེ་སྟངས་ཀྱི་སྟེང་ན་ཡོད་དེ། དེ་ནི་རི་སྒལ་གཙོ་བོ་གཞིར་བཟུང་སྟེ་དབྱེ་བ་ཞིག་མིན་པར། དེའི་རི་སྒལ་གྱིས་རི་བོའི་ཕྱོགས་གཉིས་ལ་ལྗོངས་རྣམ་མི་འདྲ་བ་གང་ཡང་ཁྱེར་འོངས་མེད། མདོ་ལ་རིང་མོའི་སྐྱེ་ཁམས་ལྗོངས་རྣམ་གྱི་ཁྱད་པར་ནི་ཞི་བདེ་རྒྱ་མཚོའི་ཤར་ལྷོའི་དུས་རླུང་ནུབ་ཏུ་གཡུགས་པའི་གནས་ས་དང་མུ་མཐའ་ལ་འབྲེལ་བ་ཡོད་དེ། དེ་ལ་བརྟེན་ནས་མདོ་ལ་རིང་མོ་དེ་ཤར་ནས་ནུབ་ཏུ་ཁག་གསུམ་ལ་དབྱེ་ཆོག་པ་ཡིན།
ཤར་གྱི་མདོ་ལ་རིང་མོ་ནི་ཞི་བདེ་རྒྱ་མཚོའི་དུས་རླུང་གི་བྱིལ་བྱིལ་འོག་ནུབ་བྱང་ཐན་སྐམ་ཁུལ་ལ་བསྲིངས་པའི་བརླན་སའི་གླིང་ཕྲན་ཞིག་ཡིན།
ཤར་གྱི་མདོ་ལ་རིང་མོ་ནི་མདོ་ལ་རིང་མོའི་ཤར་རྒྱུད་ཟི་ལིང་གི་ཁག་དེ་ཡིན་པ་དང་། ཤར་རྒྱུད་དུས་རླུང་གནས་འདིར་གཡུགས་ཐུབ་པས་འདིར་ཆར་ཆུ་ཕུན་སུམ་ཚོགས་པོ་ཡོད། དེ་བས་མདོ་ལ་རིང་མོའི་ཤར་རྒྱུད་དུ་ཚང་ཚིང་གི་ནགས་ཚལ་ཡོད་ལ། སེམས་ཉིད་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་དང་ཧུའུ་ཀྲུའུ་བྱང་རི་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཁྱུང་རྒྱ་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་། ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་སོགས་ཀྱང་འདི་རུ་ཁྱབ་ཡོད།
ཁམས་ར་རྒྱལ་ཁབ་ནགས་ཚལ་སྤྱི་གླིང་།
དུས་རླུང་མུ་མཐུད་དུ་ནུབ་ལ་གཡུགས་པ་དང་བསྟུན་ནས་རླུང་ཤུགས་ཇེ་ཆུང་ནས་ཇེ་ཆུང་དུ་གྱུར་པ་དང་། རླུང་ནང་གི་ཆུ་རླངས་ཀྱང་ཇེ་ཉུང་དུ་གྱུར་པས། མདོ་ལ་རིང་མོའི་བར་རྒྱུད་ཀྱི(མཚོ་ནག་གི་ཤར་དང་མཚོ་སྔོན་པོའི་ནུབ)ཆར་ཆུའི་འབབ་ཤུགས་ཇེ་གཉོམ་དང་། ནགས་ཚལ་ཇེ་ཉུང་། རྩྭ་ཐང་ཇེ་རྒྱས་བཅས་སུ་སོང་ཡོད།
མཚོ་ནག་གི་ནུབ་ཕྱོགས་ནི་ནུབ་ཀྱི་མདོ་ལ་རིང་མོ་ཡིན། འདི་རུ་བྱང་ནས་ལྷོ་ལ་རི་རབ་དུ་མས་ཕྲེང་སྟར་བསྒྲིགས་ཡོད་པ་དང་། ཤར་རྒྱུད་དུས་རླུང་གནས་འདིར་སླེབས་དུས་སྟོབས་ཤུགས་ཤིན་ཏུ་ཞན། དེ་བས་གནས་འདིར་ཆར་ཆུ་དཀོན་ཞིང་ལྗོངས་རྣམ་ལའང་མྱ་ངམ་ཐང་གི་རྣམ་པ་མངོན་ཡོད། འོན་ཀྱང་རི་མཐོ་སར་གངས་དང་འཁྱགས་ཀླུང་ཆགས་པ་དང་། འཁྱགས་ཀླུང་ཞུ་ནས་ཆུ་རུ་གྱུར་པས། མདོ་ལ་རིང་མོའི་ཐན་སྐམ་ཆེ་བའི་ནུབ་རྒྱུད་ཡིན་ནའང་། གངས་ཆུ་རྟག་ཏུ་འབབ་ཅིང་ལུང་གཞུང་དུ་རྩྭ་ས་དང་སྔོ་ཁེབས་ཡོད་ལ། འབྲོང་དང་རྐྱང་། གཙོད་སོགས་རི་སྐྱེས་སྲོག་ཆགས་ཀྱང་ཡོད།
མདོ་ལ་རིང་མོའི་འཁྱགས་ཀླུང་ས་བྱད།
མཚོ་ནག་ལ་འགྲོ་སའི་ལམ་བར་གྱི་བྱེ་ཐང་ས་བྱད།
མདོ་ལ་རིང་མོའི་སྒལ་ཐིག་གཙོ་བོའི་ཧྲུའུ་ལེ་ལྷོ་རིའི་ལྷོ་ངོས་སུ་མཐོ་སྒང་གི་ལན་ཚྭའི་མཚོ་སྟེ་མཚོ་ནག་ཡོད་པ་དང་། དེ་ནི་མདོ་ལ་རིང་མོའི་རི་རྒྱུད་ཀྱི་མཚོ་སྔོན་པོའི་རྗེས་ཀྱི་མཚོ་ཨང་གཉིས་པ་ཡིན། མཚོ་ནག་གི་ཆུ་ཁུངས་ནི་མཐའ་འཁོར་གྱི་གངས་རི་ཡིན་ལ། མཚོ་འདིའི་མཐའ་འཁོར་དུ་གངས་རི་ཀྲོང་ངེར་འགྱིངས་ཤིང་འཁྱགས་ཀླུང་གཟི་དཔལ་འབར། དེའི་བྱང་ངོས་སུ་མདོ་ལ་རིང་མོའི་རི་རྒྱུད་ཀྱི་ཆེས་མཐོ་བའི་གངས་རི་སྟེ་མཐོ་ཚད་ལ་སྨི1000ལྷག་ཡོད་པའི་གངས་རྩེ་བརྒྱད་དམ་མཐུན་སྒྲིལ་གངས་རི་ཡོད། མཚོ་ནག་གི་ལྷོ་འགྲམ་བརླན་ས་རུ་མཐོ་སྒང་གི་བྱ་རིགས་སྣ་ཚོགས་ཏེ། བཞད་ནག་དང་འུག་པ། ནེའུ་ལེ། ཁྲུང་ཁྲུང་མགོ་ཁྲ་སོགས་ཡོད།
མཚོ་ནག
མཚོ་ནག་གི་ལྷོ་འགྲམ།
བཞད་ནག
འུག་པ།
ནེའུ་ལེ།
ཁྲུང་ཁྲུང་མགོ་ཁྲ།
མདོ་ལ་རིང་མོའི་བར་རྒྱུད་ཀྱི་མདོ་ལ་རིང་མོ་སྲུང་སྐྱོབ་ཁུལ་ནི་མདོ་དབུས་མཐོ་སྒང་དང་། ས་སེར་མཐོ་སྒང་། མོང་ཤིན་མཐོ་སྒང་བཅས་ཀྱི་འདྲེས་མཚམས་ཀྱི་མདོ་ལ་རི་འདབས་སུ་ཡོད་པ་དང་། རྒྱལ་ཁབ་ཀྱི་གཙོ་གནད་སྐྱེ་ཁམས་བྱེད་ནུས་ཁུལ་གྱི་ཡ་གྱལ་ཡིན། དེས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དོ་མཉམ་ལ་སྲུང་སྐྱོབ་དང་། ཐེང་ཀི་ལི་བྱེ་ཐང་དང་པ་ཏན་ཅི་ལིན་བྱེ་ཐང་། ཁུའུ་མུའུ་ཐ་ཀོ་བྱེ་ཐང་བཅས་བྱེ་ཐང་གསུམ་གྱི་བྱེ་མས་ལྷོ་ཕྱོགས་ནས་རྒོལ་བ་བཀག་འགོག རྨ་ཆུ་དང་རྨ་ནུབ་སྐམ་སའི་ནང་འབབ་ཆུ་བོའི་མཁོ་སྤྲོད་ལ་འགན་སྲུང་བཅས་བྱེད་པའི་ཁུར་ཆེན་བཞེས་ཡོད་ལ། རང་རྒྱལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོབ་སྔོན་ཐོབ་ཁུལ32ཀྱི་ཡ་གྱལ་ཡང་ཡིན། དེ་ནི་འཛམ་གླིང་གི་མཐོ་གྲང་སོན་རྒྱུའི་ཐོན་ཁུངས་མཛོད་དང་རི་སྐྱེས་སྲོག་ཆགས་གནས་སྤོ་དུས་ཀྱི་གལ་ཆེའི་རྒྱུ་ལམ་ཡིན་ལ། རྒྱལ་ཁབ་ཀྱི་སྐྱེ་ཁམས་འཛུགས་སྐྲུན་ཁྲོད་ཧ་ཅང་གལ་ཆེ་བའི་འཐབ་ཇུས་གོ་གནས་བཟུང་ཡོད། མདོ་ལ་རིང་མོའི་བར་རྒྱུད་ཀྱི་བྱེ་ཐང་དང་བྱེ་ཐང་ཕྱེད་མའི་རྩྭ་ཐང་དུ་རྒོ་བ་དང་རྐྱང་། འབྲོང་། ཤ་སྐྱ་སོགས་མཐོ་སྒང་གི་རྩ་ཆེའི་རི་སྐྱེས་སྲོག་ཆགས་ཀྱང་ཡོད།
འབྲོང་།
རྐྱང་།
རྒོ་བ།
འབྲེལ་ཡོད་འོས་སྦྱོར།