logo

ངང་བ་སླེབས་ཐེངས་རེ་རེ་ནི་རྨ་ཆུའི་སྐྱེ་ཁམས་ཀྱི་ཚུར་སྣང་རེ་རེ་ཡིན།

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚགས་པར། དུས་ཚོད།:2026-02-23 ཀློག་གྲངས།:
       མཚོ་ཤར་གྲོང་ཁྱེར་ཧྭ་ལུང་ཧུའེ་རིགས་རང་སྐྱོང་རྫོང་མཚེ་མགུར་གྲོང་རྡལ་ཨ་འདར་ཆ་ག་སྡེ་བ་ནི་ས་དེའི་ངང་དཀར་ལ་ལྟ་གཟིགས་བྱ་སའི་ཡུལ་སྐོར་གནས་མཆོག་ཅིག་རེད། དེ་ནི་གཅིག་ནས་སྡེ་བ་རྨ་ཆུར་ཐག་ཉེ་ཞིང་། ས་བབ་ཁོད་སྙོམས་པའི་རྐྱེན་ཡིན་ཏེ། རྨ་ཆུས་གནས་དེར་སྐོར་བ་ཞིག་བརྒྱབ་ནས། རང་བྱུང་གི་ཆུ་ཐང་ཞིག་ཆགས་ཤིང་། ངང་དཀར་མང་པོ་གནས་དེར་འཚོ་སྡོད་བྱེད་དུ་བཀུག་ཡོད་པས་ཡིན་ལ། གཉིས་ནས་ས་དེའི་སྲིད་གཞུང་གིས་ངང་བ་དང་ཉེ་བར་བཅར་རྗེས་དེ་ཚོར་སྔར་ལས་བཟང་བའི་འབབ་སྡོད་ཁོར་ཡུག་ཅིག་འདོན་སྤྲོད་བྱ་ཆེད། གནས་དེར་འདམ་རྩྭ་ཁ་ཤས་བཏབ་པའི་རྐྱེན་ཡང་ཡིན་སྲིད་དེ། ངང་དཀར་ཚོ་ཟླ་གྲོགས་དང་བསྡེབས་ནས་འཕུར་ཡོང་མཁན་ཇེ་མང་ནས་ཇེ་མང་དུ་གྱུར་ཡོད།
       “ཐེངས་དང་པོར་གནས་དེ་རུ་ངང་དཀར་མཐོང་བའི་དུས་ཚོད་ནི2016ལོ་ཡིན། ཐོག་མར་ངང་དཀར་ཡིན་པ་གཏན་འཁེལ་བྱེད་མ་ཐུབ། རྗེས་ནས་དེ་ཚོ་ལོ་རེ་རེ་བཞིན་དུ་འཕུར་ཡོང་བར་མ་ཟད་གྲངས་འབོར་ཡང་ཇེ་མང་ནས་ཇེ་མང་དུ་གྱུར་ཏེ། ཆེས་མང་བའི་ལོ་ཞིག་ལ་ངང་དཀར304ལ་ལྟ་ཞིབ་ཚད་ལེན་བྱེད་ཐུབ་སོང་།”ལི་ཡུས་ཧྥེང་གིས་དེའི་སྐོར་གླེང་སྐབས་དགའ་སྤྲོ་ཚད་མེད་སྐྱེ་བཞིན་འདུག
       2016ལོར་ཐེངས་དང་པོར་རྨ་ཆུའི་འགྲམ་ངོགས་ནས་ངང་དཀར་གྱི་སྒེག་ཉམས་ཟིན་ཐོར་བཀོད་པ་ནས་བཟུང་། ངང་དཀར་ནི་གནས་དེར་བསྟུད་མར་ལོ་ངོ་མང་པོར་འབབ་སྡོད་བྱེད་པའི་རྟག་བརྟན་གྱི་ཡུལ་ལྗོངས་ལྟ་བུ་ཞིག་ཏུ་གྱུར་ཡོད། ལི་ཡུས་ཧྥེང་གིས་ལོ་ལྟར་རྨ་འགྲམ་ནས་དེ་ཚོར་སྒུག་བཞིན་ཡོད། ཐོག་མའི་ངང་དཀར་ཐར་ཐོར་ནས་མིག་སྔར་ཉིས་བརྒྱ་ནས་སུམ་བརྒྱའི་བར་འཕེལ་ཡོད་ལ། ངང་དཀར་གྱིས་ལོ་རེའི་ཟླ་བཅུ་གཅིག་པའི་ཟླ་དཀྱིལ་དུ་སྒེག་ཉམས་མངོན་ཡོང་བས། ལི་ཡུས་ཧྥེང་གི་རེ་བ་སྟོང་ཟད་དུ་བཏང་མེད།
       ལི་ཡུས་ཧྥེང་གིས་ངང་དཀར་ནི་རྨ་ཆུའི་ནོར་བུ་ལྟ་བུ་ཡིན་ལ། ཧྭ་ལུང་རྫོང་གིས་རྨ་ཆུར་བཅོས་སྐྱོང་བྱས་པ་དང་། སྐྱེ་ཁམས་ཇེ་ལེགས་སུ་ཕྱིན་པའི་དཔང་རྟགས་ཡག་ཤོས་ཤིག་རེད་ཅེས་བཤད།
       ངང་དཀར་ཡོད་པའི་དབང་གིས། ལི་ཡུས་ཧྥེང་གིས་ཧྭ་ལུང་རྫོང་གི་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་ལྟེ་གནས་པར་ལེན་ཁོར་སྲུང་དང་བླངས་ཞབས་ཞུའི་རུ་ཁག་རྩ་འཛུགས་བྱས་ཏེ་བཙུགས་ཤིང་། ངང་དཀར་ལ་སྲུང་སྐྱོབ་དང་། བྱ་རིགས་ལ་ཚུལ་ལྡན་ངང་ལྟ་གཟིགས་བྱེད་དགོས་པ་དྲིལ་སྒྲོག་བྱས་ཤིང་། དུས་བཅད་ལྟར་རྨ་འགྲམ་དུ་ཡོང་ནས་དང་བླངས་ཞབས་ཞུའི་བྱ་འགུལ་སྤེལ།
       མཚོ་སྔོན་ནི་ངང་དཀར་གྱིས་བྱང་ཕྱོགས་ས་ཁུལ་དུ་དགུན་སྐྱེལ་སའི་ས་ཁུལ་གཙོ་བོའི་གྲས་ཤིག་ཡིན་ཏེ། ལོ་རེའི་ཟླ11པའི་ཟླ་མགོ་ནས་སང་ལོའི་ཟླ3པའི་ཟླ་དཀྱིལ་བར་མཚོ་སྔོན་ནས་དགུན་སྐྱེལ་བཞིན་ཡོད། ངང་དཀར་ནི་སྐྱེ་ཁམས་ཀྱི་བརྡ་སྟོན་བྱ་རིགས་གལ་ཆེན་ཞིག་ཡིན་པས། འབབ་སྡོད་བྱ་ཡུལ་གྱི་ཁོར་ཡུག་ལ་རེ་བ་ཤིན་ཏུ་མཐོན་པོ་ཡོད་དེ། དྭངས་གཙང་གི་ཆུ་ཁུངས་དང་། ཕུན་སུམ་ཚོགས་པའི་ཟས་རིགས། བདེ་འཇགས་ཀྱི་གྲམ་ཐང་དང་བར་ཆད་མི་ཐེབས་པའི་ཁོར་ཡུག་བཅས་ཡོད་དགོས་པས། དེ་ཚོ་གནས་དེར་འབབ་སྡོད་བྱེད་པ་ནི་སྐྱེ་ཁམས་ཀྱི་ཐམ་ག་ཞིག་དང་མཚུངས་ལ། ས་གཞི་དེ་ལ་སྤུས་ལེགས་སྐྱེ་ཁམས་དབྱེ་འབྱེད་བྱས་ཤིང་། ཁྱུ་ཚོགས་གྲངས་འབོར་དང་ཁྱབ་ཁོངས་གནས་ཚུལ་གྱིས་ས་ཁོངས་སྐྱེ་ཁམས་མ་ལག་གི་བདེ་ཐང་ཚད་ཐིག་ཐད་ཀར་ཚུར་སྣང་བྱེད་བཞིན་ཡོད།
       མཚོ་སྔོན་ནི་རྒྱལ་ཡོངས་ཀྱི་དུས་བྱ་གནས་སྤོའི་རྒྱུ་ལམ4ཡི་ཁྲོད་ཨེ་ཤ་ཡ་ཤར་མ་ནས་ཨོ་སི་ཁྲུ་ལི་ཞི་ཡ་དང་དབུས་ཡ་བཅས་གནས་སྤོའི་ལམ་ཐིག2ལ་འབྲེལ་ཡོད་པ་དང་། ས་ཁམས་གནས་ཡུལ་ལེགས་ཤིང་། ཆུ་བྱའི་ཐོན་ཁུངས་ཕུན་སུམ་ཚོགས་པས། ངང་དཀར་སོགས་དགུན་སྐྱེལ་བྱ་རིགས་ཀྱི་ངལ་གསོ་བསྟི་གནས་གཙོ་བོ་དང་དགུན་སྐྱེལ་ས་རེད།
       མགོ་ཁུངས་ཀྱི་ཞིང་ཆེན་ཡིན་པའི་ངོས་ནས། རྨ་ཆུར་སྲུང་སྐྱོབ་ལེགས་པོ་བྱ་རྒྱུ་ནི་ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་འགན་འཁྲི་ཡིན། ཡང་གཅིག་བཤད་ན་རྨ་ཆུར་སྲུང་སྐྱོབ་བྱེད་པ་ནི། ཆུ་བྱའི་འབབ་སྡོད་བྱ་ཡུལ་སྲུང་སྐྱོབ་བྱེད་པ་རེད།“ལྔ་བཅུ་བཞི”དུས་སྐབས་སུ། མཚོ་སྔོན་གྱིས་ཐོག་མཐའ་བར་གསུམ་དུ་ཆུ་ཁུངས་གསོག་སྐྱིལ་ནུས་པ་མཐོར་འདེགས་གཏང་རྒྱུ་དེ་གལ་ཆེན་ནང་གི་འགངས་ཆེན་དུ་བརྩིས་ནས། འབབ་རྒྱུད་གཙོ་བོར་མ་དངུལ་སྒོར་དུང་ཕྱུར89.46བཏང་བ་དང་། ཆུའི་སྐྱེ་ཁམས་སྲུང་སྐྱོབ་སླར་གསོ་བྱེད་པའི་ལས་གཞི148ལག་བསྟར་བྱས་པ། གཙོ་གནད་ཆུ་བོ་དང་མཚེའུའི་བཙོག་ཆུ་ཕྱིར་འབུད་ཀྱི་གནས་བཅོས་སྒྲིག་བྱས་ཚད99.5%ལ་སླེབས་ཤིང་། གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཅིག་སྡུད་ཕྱིར་བསྡུའི་ཚད74.92%བར་མཐོར་འདེགས་བྱུང་། རིམ་རྩིས་ཀྱིས་ཆུ་དང་མཚེའུ90ལྷག་བཅོས་སྐྱོང་བྱེད་པའི་བྱ་བ་ལེགས་པར་གྲུབ་པ་དང་། ཆུ་དང་མཚེའུའི་སྐྱེ་ཁམས་བར་བཅད་ས་ཁུལ་སླར་གསོ་བྱས་ཚད་སྤྱི་ཆིང10000ལས་བརྒལ།
       “ལྔ་བཅུ་བཞི”དུས་སྐབས་སུ། མཚོ་སྔོན་གྱི་ས་ངོས་ཆུ35ཡི་རྒྱལ་ཁབ་རྟོག་ཞིབ་བཅད་ངོས་ཆུ་སྤུས་ལེགས་ཚད100%ལ་བསྟུད་མར་རྒྱུན་འཁྱོངས་ཐུབ་ཡོད་ལ། དེ་ནི“ལྔ་བཅོ་ལྔ”དུས་སྐབས་སུ་རྒྱལ་ཡོངས་སུ་བསྟུད་མར100%ལ་རྒྱུན་འཁྱོངས་ཐུབ་ཡོད་པའི་ཞིང་ཆེན་གཅིག་པུ་ཡིན་ཞིང་། འབྲི་ཆུ་དང་རྨ་ཆུའི་གཞུང་རྒྱུན། རྫ་ཆུ་བཅས་ཞིང་ཆེན་མངའ་ཁོངས་ལས་བརྒལ་བའི་བཅད་ངོས་ཆུའི་སྤུས་ཀ་རྒྱུན་མཐུད་ངང་རིགསདང་དེའི་ཡན་ལ་སྲུང་འཛིན་བྱས།
       བརྒྱུད་རིམ་ལྡན་པའི་བཅོས་སྐྱོང་གི་འོག་ཏུ། རྨ་ཆུའི་བཞུར་རྒྱུད་དུ“ཆུ་བོ་དྭངས་ལ་འགྲམ་ངོགས་ལྗོན་པས་ཁེབས། ཆུ་བོ་སྲབ་སར་ཉ་མོ་བག་ཡངས་རྐྱལ”ཞེས་པའི་མི་སེམས་འགུལ་བའི་སྐྱེ་ཁམས་ཀྱི་མཛེས་རིས་ཤིག་མངོན།
       མཛེས་རིས་དེ་ནི་རི་དང་ཆུ་ལ་བརྟེན་ཡོད་པར་མ་ཟད། ད་དུང་སྲུང་སྐྱོབ་བྱ་བ་རབ་དང་རིམ་པས་དེའི་རྒྱབ་ཏུ་རོགས་འདེགས་བྱེད་ཀྱིན་ཡོད།
       ངང་དཀར་སོགས་དགུན་སྐྱེལ་ཆུ་བྱ་ལ་དུས་མཉམ་དུ་རྟོག་ཞིབ་བྱེད་རྒྱུ་ནི་བྱ་རིགས་སྲུང་སྐྱོབ་ཀྱི་བྱ་བ་གཙོ་བོ་ཞིག་རེད། 2022ལོར། མཚོ་སྔོན་གྱིས་ཐེངས་དང་པོར་ཞིང་ཆེན་ཡོངས་ཀྱི་ཁྱབ་ཁོངས་སུ་ངང་དཀར་སོགས་དགུན་སྐྱེལ་ཆུ་བྱར་དུས་མཉམ་དུ་རྟོག་ཞིབ་བྱས་ཏེ། ངང་དཀར་སོགས་དགུན་སྐྱེལ་ཆུ་བྱའི་རིགས་ཁྱུའི་གྲངས་འབོར་དང་། ཁྱབ་ཚུལ། འབབ་སྡོད་བྱ་ཡུལ་སོགས་ཀྱི་གནས་ཚུལ་དང་འགྱུར་ལྡོག་གི་གནས་བབ་ལ་ཁྱོན་ཡོངས་ནས་རྒྱུས་ལོན་བྱས། མིག་སྔར་བྱ་བ་འདི་མཚོ་སྔོན་དུ་བསྟུད་མར་ལོ་བཞི་ལ་སྤེལ་བ་རེད།
       ལོ་བཞི་ཡི་རིང་། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས། མཚོ་སྔོན་རྒྱལ་ཁབ་སྤྱི་གླིང་བྱ་རིགས་ལྟ་ཞིབ་མཐུན་ཚོགས། ཀྲུང་གོ་ནགས་ལས་ཚན་རིག་ཞིབ་འཇུག་གླིང་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ། རྫོང་ནགས་རྩྭའི་སྡེ་ཁག་བཅས་ཀྱིས་མཉམ་འགུལ་དམ་ཟབ་བྱས་ཏེ། ངེས་གནས་རྗེས་འདེད་ཆས་ལ་བརྟེན་པ་སོགས་ཀྱི་ཚན་རྩལ་སྒྲིག་ཆས་སྤྱད་དེ། ངང་དཀར་སོགས་ཀྱི་འཕུར་སྐྱོད་ལམ་ཐིག་གནད་འཁེལ་གྱིས་གཏན་ཁེལ་བྱས་པ་དང་། དེ་ནས་ཕྱི་རོལ་དུ་མི་ཤུགས་ཀྱིས་ལྟ་ཞིབ་ཚད་ལེན་བྱེད་པ་སོགས་བརྒྱུད་ནས། མཚོ་སྔོན་གྱི་ངང་དཀར་སོགས་དགུན་སྐྱེལ་ཆུ་བྱའི་མཚོ་སྔོན་གྱི་ཁྱབ་ཚུལ་དང་གྲངས་ཀ་སོགས་ཀྱི་གནས་ཚུལ་མཚོན་པའི་རི་མོའི་ལྗོངས་རྣམ་བྲིས་ནས། མཚོ་སྔོན་ཞིང་ཆེན་གྱི་གནས་སྤོའི་ཆུ་བྱའི་སྲུང་སྐྱོབ་དོ་དམ་ལ་གཞི་གྲངས་ཀྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱས་ཡོད་ལ། སྲུང་སྐྱོབ་བྱ་བ་ནི་དེ་དག་ཙམ་གྱིས་ག་ལ་ཚད།
       སྲུང་སྐར་གྱིས་ལྟ་ཞིབ་ཚད་ལེན་དང་། གཞི་གྲངས་ཆེན་མོ། མི་མེད་གནམ་གྲུ་སོགས་ཀྱི་ལག་རྩལ་སྤྱད་ནས། “ནམ་མཁའ་དང་བར་སྣང་ས་གཞི”བཅས་ཕུང་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་ཚད་ལེན་གྱི་མ་ལག་བསྐྲུན་པ་དང་། མཚོ་སྔོན་པོ་སོགས་གཙོ་གནད་ཁྱབ་ཁོངས་སུ་བརྙན་ལམ་ལྟ་སྐུལ་ཚོད་འཛིན་བྱེད་གནས116བཙུགས་ཟིན་པ་དང་། ལྟ་ཞིབ་ཚད་ལེན་ཁྱབ་ཁོངས་ཀྱིས་རི་སྐྱེས་སྲོག་ཆགས་དང་། ཆུའི་སྐྱེ་ཁམས་ཁོར་ཡུག་སོགས་གཙོ་གནད་ཁྱབ་ཁོངས་སུ་ཁེབས་ཡོད་ལ། “མཁའ་དབྱིངས་ནས་ལྟ་བ་དང་། བར་སྣང་དུ་སྐོར་ཞིབ། ས་ཐོག་ཏུ་བརྟག་དཔྱད། དྲ་ལམ་དུ་དོ་དམ”བཅས་ཀྱི་བློ་གྲོས་ལྟ་ཞིབ་ཚད་ལེན་མངོན་འགྱུར་བྱུང་། “མི་དམངས་ཉེན་རྟོག་པ+ནགས་སྲུང་པ+སྐྱེ་ཁམས་བདག་སྐྱོང་པ”བཅས་ཀྱི་སྐོར་སྲུང་བྱེད་སྟངས་འོག་ཏུ། སླར་ཡང་མི་མེད་གནམ་གྲུ་བཀོད་སྒྲིག་བྱས་ཏེ“ས་ངོས་སུ་མི་མཐོང་ས་མེད་པ་དང་། བར་སྣང་དུ་ཁྱོན་ཡོངས་ལ་ཁེབས་པ”མངོན་འགྱུར་བྱུང་སྟེ་ཚན་རྩལ་གྱིས་སྲུང་སྐྱོབ་བྱ་བར་ནུས་ཤུགས་བསྩལ།
       རྒྱུན་ཆད་མེད་པར་འབད་བརྩོན་བྱས་པ་བརྒྱུད། མཚོ་སྔོན་ཞིང་ཆེན་གྱི་བྱ་རིགས་སྣ་ཁ532ལ་སླེབས་པ་དང་། མཚོ་སྔོན་པོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་ལྟ་ཞིབ་དང་ཟིན་ཐོར་བཀོད་པའི་བྱ་རིགས་སྣ་ཁ282ལ་འཕེལ་ཞིང་། དེའི་ཁྲོད་ཆུ་བྱ་རིགས102ཡོད། ད་ལོའི་ཟླ1པར། མཚོ་སྔོན་གྱིས་ཆུ་བྱ་ཁྱབ་ཁོངས26ལ་དགུན་སྐྱེལ་ཆུ་བྱ་དུས་མཉམ་དུ་ལྟ་ཞིབ་ཚད་ལེན་བྱེད་པའི་བྱ་བ་སྤེལ་ཏེ། དགུན་སྐྱེལ་ཆུ་བྱ་ཁྱོན་ཁག6དང་ཚན10རིགས42བཅས་བྱ་རིགས57298ལ་ལྟ་ཞིབ་ཚད་ལེན་བྱས་པ་དེ། 2024ལོའི་དུས་མཉམ་དང་བསྡུར་ན་ལྟ་ཞིབ་ཚད་ལེན་བྱེད་ཐུབ་ཡོད་པའི་དགུན་སྐྱེལ་ཆུ་བྱའི་གྲངས་འབོར164.4%ལ་འཕར། ཞུན་ཧྭ་ཟ་ལར་རིགས་རང་སྐྱོང་རྫོང་རྨ་ཆུའི་འབབ་རྒྱུད་དུ་མོང་གོལ་རྒྱལ་ཁབ་ཀྱི་ཝུའུ་པུའུ་སུའུ་ཞིང་ཆེན་གྱི་གདུབ་དབྱིབས་མཚོན་རྟགས་བཏགས་པའི་ངང་དཀར1T83ལ་སླར་ཡང་ལྟ་ཞིབ་ཚད་ལེན་བྱས་པ་དང་། དེ་ནི་མཚོ་སྔོན་གྱིས་ལོ་ངོ14ཡི་རིང་ལ་བསྟུད་མར་ངང་དཀར་དེ་མཚོ་སྔོན་རྨ་ཆུའི་འགྲམ་རྒྱུད་དུ་དགུན་སྐྱེལ་བའི་གཟུགས་བརྙན་ལ་ལྟ་ཞིབ་ཚད་ལེན་བྱས་པ་ཡིན་ཞིང་། རྨ་ཆུའི་འབབ་རྒྱུད་ནི་ངང་དཀར་གྱི་འབབ་སྡོད་བྱ་ཡུལ་བརྟན་པོའི་གྲས་སུ་གྱུར།
       བསྡོམས་རྩིས་ཀྱི་གཞི་གྲངས་ལས་མངོན་པ་ལྟར་ན། མཚོ་སྔོན་གྱི་མངའ་ཁོངས་སུ་དགུན་སྐྱེལ་བའི་ངང་དཀར་གྱི་ཁྱུ་ཚོགས་དང་གྲངས་འབོར་གཞི་རྩའི་སྟེང1300ནས1400ཡས་མས་སུ་གཏན་འཇགས་བྱུང་ཡོད་ལ། ཁྱབ་ཁུལ་ས་ཁོངས་ནི་མཚོ་སྔོན་པོ་ནས་རྒྱ་བསྐྱེད་དེ་ཁུར་ལུག་མཚོ་དང་ཐུའོ་སུའུ་མཚེའུ་དང་རྨ་ཆུའི་འབབ་རྒྱུད་ཀྱི་གཅན་ཚ་དང་ཁྲི་ཀ་དང་ཧྭ་ལུང་སོགས་སུ་རྒྱ་བསྐྱེད་ཡོད།
       མཚོ་སྔོན་པོ་ནི“འདབ་ཆགས་ཀྱི་ཞིང་ཁམས”ཡིན་པའི་ངོས་ནས། ཨེ་ཤ་ཡ་ཤར་མ་དང་། ཨེ་ཤ་ཡ་དབུས་མའི་རྒྱལ་སྤྱིའི་དུས་བྱ་གནས་སྤོའི་ལམ་ཐིག་བསྣོལ་འདྲེས་ཀྱི་ས་ཆ་ཡིན་ལ། རྒྱལ་སྤྱིའི་གནས་སྤོའི་དུས་བྱ་སྲུང་སྐྱོབ་ཀྱི་གནད་འགག་ས་ཁོངས་ཤིག་ཀྱང་རེད། མཚོ་སྔོན་པོའི་རྒྱ་ཆེ་བའི་བརླན་ས་དང་། ཁྱད་དུ་འཕགས་པའི་རང་བྱུང་སྐྱེ་ཁམས་ཁོར་ཡུག་གིས་ཆུ་བྱ་འབོར་ཆེན་ལ་འབབ་སྡོད་བྱ་ཡུལ་འཚམ་པོ་དང་འབབ་སྡོད་ཁོར་ཡུག་འདོན་སྤྲོད་བྱས་ཏེ། གོ་ལ་ཧྲིལ་པོའི་ཆུ་བྱ་འཕེལ་ཡུལ་གལ་ཆེན་དུ་གྱུར། གནས་དེ་ནི་ངང་དཀར་མཚོ་སྔོན་དུ་འབབ་པའི་ཡུལ་གཙོ་བོའི་གྲས་ཀྱི་གཅིག་རེད།
       ངང་དཀར་གྱི་ཁྱུ་ཚོགས་ལ་མཚོན་ན་འབབ་སྡོད་བྱ་ཡུལ་ཞིག་རྙེད་པ་ཙམ་ཡིན་མོད། འོན་ཀྱང་དེ་ཚོ་གནས་པ་དེ་ནི་ས་དེའི་སྐྱེ་ཁམས་ཁོར་ཡུག་མུ་མཐུད་ལེགས་ཕྱོགས་སུ་འཁོར་བའི་དཔང་རྟགས་ནུས་ལྡན་དང་གསོན་ཉམས་ལྡན་པའི་མངོན་སྟངས་སུ་གྱུར་ཡོད། དེ་དག་ནི་སྐད་སྒྲ་མེད་པའི་གསལ་བཤད་པ་ཞིག་དང་འདྲ་བར། བདེ་ལྕག་འཁྱུག་པའི་གཟུགས་བརྙན་རེ་རེས། མཚོ་སྔོན་གྱི་སྐྱེ་ཁམས་ལ་གཟུགས་ལྡན་གྱི་འགྲེལ་བཤད་བྱས།
       2025ལོར། མཚོ་སྔོན་གྱིས་ལོ་གསུམ་རིང་བྱ་རིགས་སྲུང་སྐྱོབ་བྱེད་པའི་ཆེད་དོན་འགུལ་སྐྱོད་ཁྱོན་ཡོངས་ནས་བཀོད་སྒྲིག་བྱས་པ་དང་། རང་ཞིང་དུ་བརྒྱུད་པའི་དུས་བྱ་གནས་སྤོའི་ལམ་ཐིག་གཉིས་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་བཏང་ནས། བྱ་རིགས་བརྒྱུད་སྤེལ་ས་ཆ་གཙོ་བོ་དང་། དགུན་སྐྱེལ་ས་ཆ། གནས་སྤོའི་ངལ་གསོའི་ས་ཆ་དང་རང་བྱུང་སྲུང་སྐྱོབ་སོགས་གཙོ་གནད་ས་ཁུལ22ལ་སྐོར་སྲུང་དང་ལས་སྲུང་བྱེད་པའི་འགན་འཁྲི་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ། བྱ་རིགས་འབབ་སྡོད་ཁུལ་སྤུས་ཀ་བརྟན་པོའི་ངང་མཐོར་འདེགས་བྱུང་།
       བྱ་རིགས་སྲུང་སྐྱོབ་ཀྱི་གཅིག་སྡུད་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་རྒྱུན་ཆད་མེད་པར་གཏིང་ཟབ་ཏུ་སྤེལ་ཏེ། བྱ་ལ་དགའ་བ་དང་བྱ་རིགས་སྲུང་སྐྱོབ་བྱེད་པར་མི་རེར་འགན་འཁྲི་ཡོད་པའི་སྤྱི་ཚོགས་ཀྱི་སྣང་ཚུལ་ཞིག་ཆགས་ནས། སྤྱི་པའི་སྲུང་སྐྱོབ་འདུ་ཤེས་ཁྱོན་ཡོངས་ནས་མཐོར་འདེགས་དང་། མི་དང་བྱ་རིགས་འཆམ་མཐུན་མཉམ་འཚོའི་ཐོན་སྐྱེད་བྱེད་སྟངས་དང་། འཚོ་བ་རོལ་སྟངས་ཡོངས་ཁྱབ་ཏུ་གྲུབ།
       མཚོ་སྔོན་དུ་འཕུར་ཡོང་བའི་བྱ་རིགས་རེ་རེས་མཚོ་སྔོན་གྱི་རི་ཆུའི་བར་དུ་གཤོག་པ་བརྐྱངས་པའི་དོན་སྙིང་མི་རྟོགས་ཀྱང་། ངང་དཀར་མུ་མཐུད་དུ་རྨ་ཆུར་འབབ་སྡོད་བྱས་པའི་གཟུགས་བརྙན་དེ་ནི་སྐྱེ་ཁམས་སྲུང་སྐྱོབ་དང་། བྱ་རིགས་སྲུང་སྐྱོབ་བྱས་པའི་ཚུར་སྣང་ལན་ཆ་བཟང་ཤོས་དེ་རེད། །
འབྲེལ་ཡོད་འོས་སྦྱོར།