logo

རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་སུ་གྱུར་བའི་ཁྲུང་ཁྲུང་ནག་པོས་བྲག་དཀར་རྫོང་ཀླུ་མཆོད་ལུང་བར་གནས་བཅོས་འདུག

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་ཞིང་ཆེན་སྲིད་གཞུང་དྲ་བ། དུས་ཚོད།:2026-10-13 ཀློག་གྲངས།:
       ཉེ་ཆར། བྲག་དཀར་རྫོང་ནགས་ལས་དང་རྩྭ་ཐང་ཅུས་ཀྱིས་རྫོང་སྤྱི་བདེ་ཅུས་དང་མཉམ་འབྲེལ་བྱས་ཏེ་ཀླུ་མཆོད་ལུང་བ་རུ་རི་སྐྱེས་སྲོག་ཆགས་གནས་སྤོར་ངལ་རྩོལ་བྱེད་པའི་ཆེད་དོན་ཞིབ་བཤེར་གྱི་བྱ་བ་སྤེལ། ཞིབ་བཤེར་ཁྲོད་སྐོར་ཞིབ་མི་སྣ་རྣམས་ཀྱིས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་སྟེ། ཁྲུང་ཁྲུང་ནག་པོ་བཞི་ཡིས་ངལ་གསོ་བྱེད་བཞིན་པའི་རྣམ་པ་མཐོང་། འདི་ནི་རང་རེའི་རྫོང་ཁོངས་ཀྱི་ཀླུ་མཆོད་ལུང་བར་བསྟུད་མུར་ལོ་གསུམ་ལ་ཁྲུང་ཁྲུང་ནག་པོ་ཡི་གནས་སྡོད་ངལ་གསོ་བྱེད་པའི་རྣམ་པ་མཐོང་བ་རེད། བྱ་རིགས་དཀོན་གྲས་ཀྱིས་བསྟུད་མར་ལོ་མང་པོར་རང་རེའི་རྫོང་ཁོངས་ནས་ངལ་གསོ་གནས་སྡོད་བྱེད་པའི་རྣམ་པ་འདི་ཡིས་རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་རྒྱུན་མཐུད་ངང་ཇེ་ལེགས་སུ་འགྲོ་བཞིན་པའི་བདེན་དཔང་ཞིག་མ་ཡིན།
       ཁྲུང་ཁྲུང་ནག་པོ་ནི་ཁྲུང་ཁྲུང་རིགས་ཀྱི་བྱ་ཆེན་ཞིག་དང་། རང་རེའི་རྒྱལ་ཁབ་ཀྱི་རྩ་ཆེ་ལ་མཐོང་དཀོན་པའི་སྲོག་ཆགས་ཀྱི་རིགས་ཡིན་སྟབས། བྱ་རིགས་ཁྲོད་ཀྱི་དོམ་ཞེས་པའི་མཚན་སྙན་ཡོད། དེ་ལས་གཞན་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཀྱི་གྲས་སུ་བཞག་ཡོད། བྱ་འདི་ནི་ས་ཁམས་ཀྱི་འཚོ་གནས་ཁོར་ཡུག་ལ་བླང་བྱ་ནན་མོ་འདོན་མཁན་ཞིག་ཡིན་པས་ས་ཁམས་ཀྱི་སྐྱེ་ཁམས་རྒྱུ་སྤུས་དང་ཆུ་ཁམས་ཁོར་ཡུག་གྱི་གནས་ཚུལ་ལ་དཔྱད་ཞིབ་བྱེད་པའི་སྐྱེ་ཁམས་ཀྱི་མཚོན་རྟགས་གཙོ་བོ་ཞིག་ཡིན།
       ཀླུ་མཆོད་ལུང་པ་རུ་ཡང་བསྐྱར་ཁྲུང་ཁྲུང་ནག་པོ་གནས་སྡོད་བྱེད་པའི་གནས་ཚུལ་བྱུང་བ་འདི་ཡིས་རང་རེའི་རྫོང་གི་མངའ་ཁོངས་ཀྱི་ཆུ་ཁོངས་དང་བརླན་སའི་སྐྱེ་ཁམས་ཀྱི་བརྟན་བརླིང་རང་བཞིན་དང་སྤུས་ལེགས་རང་བཞིན་གསལ་བོར་བདེན་དཔང་བྱས་ཡོད། ས་ཁོངས་འདིའི་ཆུ་དཔྱད་ཀྱི་ཆ་རྐྱེན་བཟང་པོ་དང་ཆུའི་སྐྱེ་དངོས་ཐོན་ཁུངས་ཕུན་སུམ་ཚོགས་པ། ཐེ་གཏོགས་མྱོང་བའི་རང་བྱུང་ཁོར་ཡུག་བཅས་ཀྱིས་ཁྲུང་ཁྲུང་ནག་པོ་གནས་འདིར་ངལ་གསོ་དང་གནས་སྡོད་བྱེད་པར་ཆ་རྐྱེན་བཟང་པོ་བསྐྲུན་ཡོད་ལ། ཁྲུང་ཁྲུང་སྐེ་ནག གླག་ཁྲ། སྐྱར་མོ་དཀར་པོ། ངུར་བ་དམར་སེར། སོ་བྱ། ཆུ་སྐྱར་པྲོག་མགོ་སོགས་གནས་སྤོ་བྱེད་པའི་ཆུ་བྱ་སྣ་ཚོགས་ལ་ཟས་འཚོལ་བ་དང་གནས་བཅའ་བ། སྐྱེ་འཕེལ་བྱེད་ས་བཅས་ཀྱི་སྤུས་ལེགས་ཀྱི་ཁོར་ཡུག་འདོན་སྤྲོད་བྱས། རི་སྐྱེས་འདབ་ཆགས་མང་པོ་གནས་འདི་རུ་འདུས་སྡོད་བྱེད་བཞིན་པ་འདི་ཡིས་རང་རྫོང་གི་སྐྱེ་དངོས་སྣ་མང་རང་བཞིན་སྔར་བས་ཕུན་སུམ་ཇེ་ཚོགས་སུ་འགྲོ་བཞིན་པ་ཤེས་ཐུབ།
       ཉེ་བའི་ལོ་འགའི་རིང་ལ། བྲག་དཀར་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྐྱེ་ཁམས་སྤུས་ལེགས་དང་འབྱུང་འཕྲོད་འཕེལ་རྒྱས་ཀྱི་འདུ་ཤེས་རྒྱུན་འཁྱོངས་དང་། རྫོང་ཁོངས་ཀྱི་བརླན་ས་དང་རྩྭ་ས། ནགས་ཁུལ་སོགས་ཀྱི་སྐྱེ་ཁམས་ནུས་ཁུངས་ཀྱི་སྲུང་སྐྱོབ་ནུས་ཤུགས་ལ་རྒྱུན་མཐུད་ངང་ཤུགས་བསྣན་ནས་རི་སྐྱེས་སྲོག་ཆགས་ལ་སྐོར་ཞིབ་དོ་དམ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས། འདབ་ཆགས་ཀྱི་སྡོད་གནས་སླར་གསོ་སོགས་ཀྱི་བྱ་བ་རྒྱུན་རྣམ་ཅན་གྱི་སྒོ་ནས་སྤེལ། རི་དྭགས་རྔོན་པ་དང་རི་སྐྱེས་སྲོག་ཆགས་ཀྱི་འཚོ་གནས་ལ་གཏོར་བརླག་བྱེད་པ་སོགས་སྒྲིག་འགལ་གྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་ཏེ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་སྲུང་ལྕགས་རི་བརྟན་པོར་བསྐྲུན།
       སྐྱེ་ཁམས་སྲུང་སྐྱོབ་བྱ་བ་རྒྱུན་མཐུད་ངང་སྤེལ་བ་དང་བསྟུན་ནས། བྲག་དཀར་རྫོང་ཁོངས་སུ་རང་བྱུང་སྐྱེ་ཁམས་ཁོར་ཡུག་བར་མ་ཆད་པར་ལེགས་བཅོས་དང་། ཆུ་སྤུས། སྐྱེ་དངོས། སྲོག་ཆགས་འཚོ་གནས་ཀྱི་ཆ་རྐྱེན་རྒྱུན་མཐུད་ངང་གོང་མཐོར་བཏང་སྟེ། རི་སྐྱེས་སྲོག་ཆགས་ཀྱི་ཁྱུ་ཇེ་མང་དང་། རིགས་ཇེ་མང་ལ་སོང་སྟབས། སྔར་ལས་མང་བའི་འདབ་ཆགས་དཀོན་གྲས་ཀྱིས་རང་རེ་རྫོང་གི་མངའ་ཁོངས་ནས་ངལ་གསོ་དང་གནས་སྡོད་བྱ་བཞིན་ཡོད་པ་འདི་ཡིས་བྲག་དཀར་རྫོང་གིས་སྐྱེ་ཁམས་སྲུང་སྐྱོབ་ཀྱིས་བྱ་བར་བླངས་པའི་དངོས་ཐོག་བདེན་འཚོལ་གྱི་གྲུབ་འབྲས་མཚོན་བཞིན་ཡོད་ལ། མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་ཡིད་འོང་རྣམ་པ་ཡང་ཤེས་ཐུབ།
འབྲེལ་ཡོད་འོས་སྦྱོར།