logo

ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་བྱས་ནས། དག་གཙང་གི་ཞིང་ཁམས་འདིར་བདག་སྐྱོང་བྱ་དགོས་པ།

རྩོམ་པ་པོ།:བློ་བཟང་ལྷུན་གྲུབ་རྡོ་རྗེ། ཡོང་ཁུངས།:གངས་ལྗོངས་ཉི་གཞོན་དྲ་བ། དུས་ཚོད།:2018-05-16 ཀློག་གྲངས།:

ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་བྱས་ནས། དག་གཙང་གི་ཞིང་ཁམས་འདིར་བདག་སྐྱོང་བྱ་དགོས་པ།
—ཞི་ཅིན་ཕིང་གིས་ཀྲུང་གོའི་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་ཞིབ་རུ་ཁག་ལ་གནང་བའི་ཤིས་བརྗོད་འཕྲིན་ཡིག་ཀློག་འགྲེལ།
ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་དབུ་གཙོ་གཞོན་པ།  བློ་བཟང་ལྷུན་གྲུབ་རྡོ་རྗེ།

     སྤྱི་ལོ2017ལོའི་ཟླ8པའི་ཚེས19ཉིན་ཞི་ཅིན་ཕིང་གིས་ཀྲུང་གོ་ཚན་རིག་གླིང་མཚོ་བོད་མཐོ་སྒང་ཕྱོགས་བསྡུས་ཚན་རིག་རྟོག་ཞིབ་ཞིབ་འཇུག་རུ་ཁག་ལ་གནང་བའི་ཤིས་བརྗོད་འཕྲིན་ཡིག་ནང་དུ་“མཚོ་བོད་མཐོ་སྒང་ནི་འཛམ་གླིང་གི་ཡང་རྩེ། ཨེ་ཤ་ཡའི་ཆུ་ཡི་གཏེར་མཛོད། སའི་གོ་ལའི་གླིང་སྣེ་གསུམ་པ་བཅས་ཡིན་”①པར་གསུངས་པ་དེས་ཕྱོགས་གཅིག་ནས་རང་ཅག་གངས་ཅན་པ་རྣམས་འཚོ་ཞིང་གནས་པའི་མཚོ་བོད་མཐོ་སྒང་ནི་མཚོ་བོད་མཐོ་སྒང་ཁོ་ནར་དབང་བའི་ས་ཁུལ་ཞིག་མ་ཡིན་པར་ཀྲུང་གོའི་རྒྱལ་ཁབ་ཡོངས་ཀྱི་མཚོ་བོད་མཐོ་སྒང་དང་། འཇིག་རྟེན་མི་རིགས་ཡོངས་ཀྱི་མཚོ་བོད་མཐོ་སྒང་ཡིན་པར་བསྟན་ལ། དེས་མཚོ་བོད་མཐོ་སྒང་འདི་ཡི་འཛམ་གླིང་གི་གལ་ཆེའི་རང་བཞིན་དང་འཛམ་གླིང་སྟེང་གི་གནས་ཚད་གཏན་འབེབས་གནང་པ་རེད།

     གཉིས་ནས“མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་བདེ་འཇགས་སྲུང་པའི་ཡོལ་བ་གལ་ཆེན་ཞིག་དང་། འཐབ་ཇུས་རང་བཞིན་ལྡན་པའི་ཐོན་ཁུངས་གསོག་འཇོག་གི་རྟེན་གཞི་གལ་ཆེན་ཞིག ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོབ་བྱ་ཡུལ་གལ་ཆེན་ཞིག་ཀྱང་ཡིན།”②བདེ་འཇགས་དང་སྲུང་སྐྱོབ་ལ་ཐོན་པའི་ནུས་པའི་ཐད་ནས་བཤད་ན། མཚོ་བོད་མཐོ་སྒང་ནི་རང་རྒྱལ་དང་། ཨེ་ཤར་ལྷོ་མ་དང་ཤར་ལྷོའི་ས་ཁུལ་གྱི་ཆུ་མགོ་དང་སྣོད་བཅུད་ཀྱི་སྙིང་བོ། གནམ་གཤིས་འགྱུར་ལྡོག་གི་དོ་སྙོམས་བྱེད་ས། རང་རྒྱལ་དང་གོ་ལ་ཧྲིལ་བོའི་སྐྱེ་དངོས་སྣ་མང་གི་གཞི་རྒྱུའི་བང་མཛོད་དང་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་གི་ཡུལ་ཁམས་གལ་ཆེན་ཞིག་ཡིན་པར་བརྟེན། མཚོ་བོད་མཐོ་སྒང་གྱིས་རང་རྒྱལ་གྱི་སྣོད་བཅུད་བདེ་འཇགས་སྲུང་སྐྱོང་གི་ཁྲོད་དུ་གཞན་གྱིས་ཚབ་བྱེད་མི་ཐུབ་པའི་འཐབ་ཇུས་ཀྱི་གནས་བབ་གལ་ཆེན་ཞིག་བཟུང་ཡོད། “མཚོ་བོད་མཐོ་སྒང་སྲུང་སྐྱོང་ལེགས་པོ་བྱས་ན། དེ་ནི་ཀྲུང་ཧྭ་མི་རིགས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ལེགས་སྐྱེས་གལ་ཆེན་ཞིག་ཕུལ་བ་”③དང་མཚུངས་པས། ང་ཚོས་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་སྣོད་བཅུད་དཔལ་ཡོན་འཛུགས་སྐྱོང་གི་ཆབ་སྲིད་འགན་འཁྲི་ལག་ཏུ་བསྟར་ནས། རང་ཉིད་ཀྱི་མིག་འབྲས་ལ་སྲུང་སྐྱོབ་བྱེད་པ་ནང་བཞིན་སྣོད་བཅུད་ཁོར་ཡུག་ལ་གཅེས་སྤྲས་བྱས་ཏེ། སེམས་ཐག་རྦད་བཅད་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་བའི་ཡོལ་བ་གལ་ཆེན་འདི་ལེགས་པོར་བསྲུང་དགོས། མཚོ་བོད་མཐོ་སྒང་ནི་འཐབ་ཇུས་རང་བཞིན་ལྡན་པའི་ཐོན་ཁུངས་གསོག་འཇོག་གི་རྟེན་གཞི་གལ་ཆེན་ཞིག་ཡིན་པར་བརྟེན། “ང་ཚོས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་ངེས་པར་དུ་རྩིས་ཆེན་པོ་རྒྱག་པ་དང་། ཕུགས་ལ་རྩིས་བརྒྱབ་ནས་ཆུང་ཞེན་ཆེ་བརླག་དང་གཅིག་བཟུང་གཉིས་ཤོར་བྱ་མི་རུང་པར་”④ཀྲུང་ཧྭ་མི་རིགས་ཀྱི་ཕུགས་བསམ་དང་བུ་རབས་ཚ་རྒྱུད་ཀྱི་རྒྱང་རིང་གི་ཁེ་ཕན་དང་འབྲེལ་བ་དམ་པོ་ཡོད་པས། དུས་ནམ་ཡང་སྣོད་བཅུད་སྲུང་སྐྱོང་མཐའ་འཁྱོངས་བྱེད་པ་འདི་གལ་ཆེའི་ནང་གི་དོན་ཆེན་ཡིན། “སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་དང་། སྣོད་བཅུད་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་ནི་ཐོན་སྐྱེད་ནུས་ཤུགས་གོང་འཕེལ་དུ་གཏོང་བ་དང་ཀུན་ནས་མཚུངས།”⑤ “སྔོ་ཞིང་དྭངས་པའི་རི་ཆུ་ནགས་གསུམ་ནི་གསེར་རི་དང་དངུལ་རི། གངས་འཁྱགས་ཀྱིས་བསྡམས་པའི་ས་གཞིའང་གསེར་རི་དང་དངུལ་རི་ཡིན་”⑥པའི་འདུ་ཤེས་ཇེ་ཟབ་ཏུ་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་དང་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས། “རང་བྱུང་ཁམས་ལ་བཀུར་བཟོ་དང་། རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་འཚོ་གནས་ཀྱི་རྨང་གཞི་དངོས་དང་འཕེལ་རྒྱས་ཀྱི་འགག་རྩ་དངོས་”⑦ལ་བརྩིས་ཏེ། མཛེས་སྡུག་ལྡན་པའི་བོད་ཁམས་འཛུགས་སྐྲུན་བྱེད་པའི་གོམ་སྟབས་ཇེ་མགྱོགས་སུ་གཏོང་དགོས།
     ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་པའི་ཚུན་དུ་ཏང་ཀྲུང་དབྱང་གྱིས་ཡང་དང་ནན་གྱིས་བསྟན་དོན། “མཚོ་བོད་མཐོ་སྒང་གི་རིན་ཐང་ཆེ་ཤོས་དང་འགན་འཁྲི་ཆེ་ཤོས་དེ་སྣོད་བཅུད་ཡིན་ལ། རྫོགས་མཐའ་མེད་པའི་སྟོབས་ཤུགས་ཀྱི་འབྱུང་ཁུངས་དེའང་སྣོད་བཅུད་ཡིན་པར་”⑧བརྟེན། མཚོ་བོད་མཐོ་སྒང་སྲུང་སྐྱོང་ལེགས་པོ་བྱེད་རྒྱུ་ནི། ང་ཚོས་ཀྲུང་ཧྭ་མི་རིགས་ཡོངས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཕུལ་བའི་ལེགས་སྐྱེས་རྩ་ཆེན་ཞིག་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུང་རྒྱུར།“སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་རྒྱུན་འཁྱོངས་བྱེད་རྒྱུ་ནི་ཨང་དང་པོ་ཡིན་ལ། བྱེད་ཐབས་སྣ་ཚོགས་སྤྱད་ནས་མཚོ་བོད་མཐོ་སྒང་གི་མཁའ་དབུགས་འབག་བཙོག་དང་། རྩྭ་ཐང་བྱེ་འགྱུར་ལ་ཚོད་འཛིན་དང་ལེགས་བཅོས་བྱེད་པར་ཤུགས་སྣོན་དགོས་པར་མ་ཟད། རྩྭ་ས་དང་། ན་གཞུང་། རང་བྱུང་ནགས་ཚལ་ལ་སྲུང་སྐྱོབ་བྱེད་པར་ཤུགས་སྣོན་བྱེད་དགོས། ཞེས་དང་། ཙུང་ལི་ལིས་ཁི་ཆིང་གིས་བསྟན་དོན། སྐྱེ་ཁམས་བདེ་འཇགས་ཀྱི་མ་མཐའི་བླང་བྱ་བརྩི་སྲུང་བྱེད་པ་དང་། སྐྱེ་ཁམས་བདེ་འཇགས་ཀྱི་ཚད་གཞི་ལས་མི་བརྒལ་བ། སྐྱེ་ཁམས་བདེ་འཇགས་ཀྱི་ཉེན་ཁར་མི་སླེབས་པ་བཅས་བྱེད་དགོས་པ་དང་། སྐྱེ་ཁམས་ཕྱོགས་བསྡུས་ཀྱི་ཁ་གསབ་སྒྲིག་གཞི་འཐུས་ཚང་དུ་བཏང་ནས། ནན་ཏན་སྒོས་གངས་ཅན་ཁ་བའི་ལྗོངས་ལ་སྲུང་སྐྱོབ་ལེགས་པོ་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་ཡོལ་བར་སྲུང་སྐྱོང་གང་ལེགས་བྱེད་དགོས”⑨ཞེས་བསྟན་ཡོད།

     གསུམ་ནས་མཚོ་བོད་མཐོ་སྒང་ནི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱ་ཡུལ་གལ་ཆེན་ཞིག་ཡིན་ལ། ས་བབ་མཐོ་ཞིང་གྲང་ངར་ཆེ་བ། དབྱང་དབུགས་དཀོན་པ། དྲོད་གྲང་མི་སྙོམས་པ་མ་ཟད་སྐྱེ་ཁམས་ཉམས་ཞན་གྱི་གནས་ཡིན་པས། འགྲོ་བ་མིའི་རིགས་ཀྱི་འཚོ་སྡོད་དང་མི་འཚམ་པའི་ས་ཁུལ་གྱི་མཚོ་ངོས་ལས་མཐོ་ཚད་སྨི་3000ཡན་དང་། གཞན་ཚེ་སྲོག་ལ་མི་འཕྲོད་པའི་ས་ཁུལ་གྱི་མཚོ་ངོས་ལས་མཐོ་ཚད་སྨི་5000ཡན་ཡིན། ས་ཁུལ་གཞན་དང་མི་རིགས་གཞན་གྱིས་ཀྱང་གནའ་སྔ་མོ་ནས་བོད་ཡུལ་འདི་མི་ཡུལ་གཞན་ལས་འཚོ་གནས་དཀའ་ས་ཞིག་ཏུ་བརྩིས་ཡོད་དེ། རྒྱའི་ཐང་ཡིག་ཏུ་བོད་ཀྱི་གནས་ཚུལ་བཀོད་ཡོད་པ་ལས། རྒྱུན་པར་ཐོག་ལྡིར། གློག་འཁྱུག རླུང་གཡུག སེར་བ་འབབ། ས་ཆ་གངས་ཀྱིས་བཟུང་། དབྱར་གཞུང་ནི་ཀྲུང་གོའི་དཔྱིད་དུས་འདྲ། རི་ལུང་ནི་རྒྱུན་པར་འཁྱག་པས་བསྡམས། རྫ་ལ་དུག་ཆེ། མི་ལ་ཕོག་ཚེ་མགོ་ཡོམ་ཞེས་འཁོད་ཡོད་པ་དང་། རྒྱ་གར་བས་ཀྱང་ཁ་བ་ཅན་འདི་ནི་འཛམ་བུའི་གླིང་ལ་ཡུལ་གྲུ་ཆེན་པོ་ལྔའམ། དགུ་ཡོད་པ་ལས་ངན་ཤོས་ཡིན་ཞེས་བཤད་ཡོད། ཡིན་ན་ཡང་། ང་ཚོའི་ཕ་མེས་ཡང་མེས་རྣམས་ཀྱིས་ལོ་ངོ་སྟོང་ཕྲག་མང་པོའི་རིང་གནས་འདིར་སྐྱེ་འཕེལ་འཚོ་གནས་ལ་འབད་ཅིང་། ཁོང་ཚོས་གངས་རིའི་མུ་ཁྱུད་ཀྱིས་ཡོངས་སུ་བསྐོར་ཞིང་། དྭངས་གཙང་མཚོ་མོའི་ཕྲ་རྒྱན་བཏབ་པའི་རི་མཐོ་ས་གཙང་གི་གནས་འདི་ལ་ལྷད་མེད་པའི་བརྩེ་དུང་བཅངས་ཡོད། རྒྱུ་མཚན་ནི། བོད་ཅེས་བྱ་བ་ཁྱད་པར་འཕགས་པའི་ཡུལ།། རི་མཐོ་ས་གཙང་གངས་རི་གཉན་གྱི་མགུལ།། བསིལ་ལ་མཛེས་པ་ལྷ་གནས་གཞལ་ཡས་ཁང་།། ངོ་མཚར་རྨད་བྱུང་ཕན་བདེ་འབྱུང་པའི་གནས།། ཆུ་ཡི་གཏེར་མཛོད་རི་ཤིང་ནགས་ཀྱིས་མཛེས།། འབྲུ་སྣ་ལྔ་འཁྲུངས་རིན་ཆེན་སྣ་ཚོགས་འབྱུང་།། རྐང་བཞི་ཀུན་ཁྱབ་རྩི་ཐོག་མར་ལ་སྤྱོད།། ཅེས་དང་། རི་ལ་ཤིང་སྣ་ཚང་།། ས་གཞི་ཡངས་པ་ལ།། འབྲུ་སྣ་ལྔ་ཡི་ཚོགས།། གོ་མཚམས་མེད་པར་སྐྱེས།། གསེར་དངུལ་ཟངས་ལྕགས་སོགས།། རིན་ཆེན་དུ་མ་ཡོད།། དགའ་སྐྱིད་དེ་ལྟར་ཡོད།། ཨེ་མ་ངོ་མཚར་ཆེ།། ཞེས་ལོ་རྒྱུས་ཆོས་འབྱུང་ལས་བྱུང་བ་བཞིན་ནོ༎
     མཚོ་བོད་མཐོ་སྒང་གི་གལ་ཆེའི་རང་བཞིན་ནི་ཉེ་རབས་ལ་ཤེས་རྟོགས་བྱུང་བ་ཡིན་ཏེ། ཀྲུང་གོ་གསར་བ་དབུ་བརྙེས་རྗེས་དང་ཁྱད་པར་ཏུ་བཅོས་བསྒྱུར་སྒོ་འབྱེད་རྗེས་ཀྱི་ལོ་ངོ་ཉི་ཤུ་སུམ་ཅུའི་རིང་ལ། ཚན་རིག་རྟོག་ཞིབ་རབ་དང་རིམ་པ་བརྒྱུད་ནས་མཚོ་བོད་མཐོ་སྒང་གི་གནམ་གཤིས་འགྱུར་ལྡོག་གིས་ཡ་གླིང་དང་དེ་ལས་ཀྱང་ཆེ་བའི་འཛམ་གླིང་གི་གནམ་གཤིས་འགྱུར་ལྡོག་ལ་ཐད་ཀར་ཤུགས་རྐྱེན་འབྱུང་གི་ཡོད་པར་བདེན་དཔང་བྱས་པས། ཡུལ་གྲུ་འདིའི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་ནི་རྒྱལ་ཁབ་ཕྱི་ནང་ཀུན་གྱི་ཐུན་མོང་གི་གོ་རྟོགས་སུ་གྱུར་ཡོད་པ་རེད། དེར་བརྟེན། རྒྱལ་ཁབ་ཀྱི་སྲིད་དོན་ཚོགས་འདུ་རབ་དང་རིམ་པ་ནས་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་རྒྱུ་དེ་རྒྱལ་ཁབ་འཕེལ་རྒྱས་ཀྱི་འཐབ་ཇུས་གནད་དོན་ཞིག་ལ་བརྩིས་ནས་གཙིགས་ཆེན་གནང་བ་དང་། འབྲེལ་ཡོད་སློབ་གྲྭ་ཆེན་མོ་དང་ཚན་རིག་ཞིབ་འཇུག་སྡེ་ཁག་དག་གིས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་འཇུག་གི་བྱ་བ་གཏིང་ཟབ་ཏུ་སྤེལ་བཞིན་མཆིས། མཚོ་བོད་མཐོ་སྒང་གི་ཁོར་ཡུག་སྲུང་སྐྱོབ་ཞིབ་འཇུག་ནི་སྣ་འཛོམས་རང་བཞིན་ལྡན་པའི་རིག་གཞུང་ཞིག་ཡིན་ཏེ། དེས་གནམ་གཤིས་དང་ས་གཤིས། ཆུ་རྒྱུན། ཡུལ་ལྗོངས། ཐོན་ཁུངས་སོགས་ལ་ཞིབ་འཇུག་བྱེད་པ་ལས་ད་དུང་མི་རིགས་དང་ལོ་རྒྱུས། དམངས་སྲོལ། ཆོས་ལུགས། དཔལ་འབྱོར། རིག་གནས་སོགས་ལའང་ཞིབ་འཇུག་བྱེད་དགོས། ཁོར་ཡུག་སྲུང་སྐྱོབ་ཀྱི་ཞིབ་འཇུག་ནི་མཐར་གཏུགས་ནས་བཤད་ན་མིའི་རིག་གནས་ལ་ཞིབ་འཇུག་བྱེད་པ་ཞིག་ཡིན། མིའི་རིག་གནས་ཀྱི་གྲུབ་ཆ་མ་འདུས་པའི་ཁོར་ཡུག་ཞིབ་འཇུག་ནི་ཆ་མི་ཚང་པའི་ཞིབ་འཇུག་ཅིག་ཏུ་འཁུམས། དེ་བས་ང་ཚོས་ཀྱང་《མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་གོང་འཕེལ་》ཞེས་པའི་དཔེ་ཚོགས་བསྒྲིགས་པ་དེ་རྒྱལ་ཁབ་རིམ་པའི་གལ་ཆེའི་ཞིབ་འཇུག་གི་གྲས་སུ་བཞག་ནས་གཙིགས་ཆེན་བྱས་པ་དང་། ང་ཚོའི་བསམ་ཚུལ་དང་རེ་འདོད་མང་པོ་ཞིག་རྒྱལ་ཁབ་ཀྱི་འཆར་གཞིའི་ནང་བཞག་ནས་རིམ་པ་སོ་སོའི་སྲིད་གཞུང་གིས་ལག་བསྟར་བྱེད་བཞིན་ཡོད།
     མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དང་བོད་མིའི་ཡུལ་སོལ་གོམས་གཤིས། ཆོས་ལུགས་དད་མོས་བཅས་ཀྱིས་བོད་མིའི་ཐུན་མོང་མ་ཡིན་པའི་རིག་གནས་གྲུབ་ཡོད། གནས་འདི་རུ་རིག་གནས་སྣ་མང་གྲངས་ལས་འདས་པ་ཞིག་ཡོད་པའི་ཁྲོད་ནས། ངས་འདི་རུ་གཙོ་བོ་ཕྱོགས་གསུམ་གྱི་ཐད་ནས་ཁོར་ཡུག་སྲུང་སྐྱོང་ལ་འབྲེལ་བ་ཡོད་པའི་རིག་གནས་སྐོར་དམིགས་སུ་བཀར་ནས་གླེང་བར་འདོད།
     གཅིག་ནི་ཆོས་ལུགས་རིག་གནས་ཏེ། བོད་མི་རིགས་ཀྱི་བསམ་བློའི་འདུ་ཤེས་ཁྲོད་འགྲོ་བ་རིགས་དྲུག་ལས་ཕ་མར་མ་གྱུར་བའི་སེམས་ཅན་གཅིག་ཀྱང་མེད་ཅེས་པའི་བྱམས་སྙིང་རྗེ་ཆེན་པོའི་བསམ་བློ་ལྟར། ཐ་ན་བྱ་བྱེའུ་འབའ་འབུ་དང་རི་ཤིང་ནགས་ཚལ་ལ་ཡང་ཚེ་སྲོག་ཡོད་པར་འདོད་ཅིང་། དུས་ནམ་ཡང་སྙིང་ཁོང་རུས་པའི་གཏིང་ནས་སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག་ཅེས་དང་། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག ཅེས་གསོལ་བ་བཏབ་ནས་སྲོག་ཆགས་དང་རྩི་ཤིང་ལ་གཅེས་སྤྲས་བྱས་ནས་མེད་བརླག་ཏུ་མི་གཏོང་བ་དང་། ས་རྐོ་རྡོ་སློག་དང་གཏེར་ཁ་སྔོག་འདོན་སོགས་བྱེད་བའི་བྱ་ངན་སྤྱོད་ངན་གྱི་ལས་དེ་དག་མི་སུ་ལའང་གང་འདོད་དུ་སྒྲུབ་ཏུ་མི་འཇུག་པར། འགྲོ་བ་མིའི་རིགས་དང་སྲོག་ལྡན་གང་དང་གང་ཡིན་རུང་དེ་དག་གི་འཚོ་རྟེན་གཙོ་བོ་ནི་རང་བྱུང་ཁོར་ཡུག་ལས་གཞན་མེད་པས་དེ་ལ་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་པ་རེད ། ང་རང་གི་ལྟ་ཚུལ་ལྟར་ན་འདི་ནི་ཆོས་ལུགས་རིག་གནས་ཀྱིས་ཐོན་པའི་ནུས་པ་དང་མི་རིགས་འདིས་མིའི་རིགས་ལ་ཕུལ་པའི་ཆེས་རླབས་ཆེན་གྱི་ལེགས་སྐྱེས་ཤིག་ཡིན་པར་འདོད།
     གཉིས་ནི་རི་ཆུའི་རིག་གནས་ཏེ། རང་རེའི་བོད་པ་ཚོས་དུས་སྔ་མོ་ཞིག་ནས་རི་ཚང་མ་ནི་ལྷ་རི་དང་བླ་རི་ཡིན་པར་འདོད་པས་རི་སྐྱེས་རྩི་ཤིང་དང་སྐྱེ་ཁམས་ལ་གནོད་པ་མི་བྱེད་པ་དང་། མཚོ་དང་མཚེའུ་ཐམས་ཅད་ལ་མཚོ་དང་ཀླུ་མཚོ་རུ་ངོས་བཟུང་སྟེ་མཚོ་དང་མཚེའུ་ཡི་ནང་དུ་གང་བྱུང་དུ་ལུས་བཀྲུ་བ་དང་གད་སྙིགས་ལྡུག་པ་སོགས་ཀྱི་ལས་བྱེད་པར་ཧ་ཅང་འཛེམས་པ་ཡིན། གཞན་ཡང་བླ་གྲྭ་ཚོས་ལོ་རེ་བཞིན་ཆུ་མིག་བརྒྱ་རྩ་བརྒྱད་དུ་ཕེབས་ནས་ཆུ་མགོར་གཙང་སྦྲ་དང་། སྨོན་ལམ་འདེབས་པ། གཏེར་འབུལ་མཆོད་བཀུར་སོགས་ཀྱི་ལས་ལ་རྩེ་གཅིག་ཡིད་ཀྱིས་གཞོལ་བ་དང་། ཐ་ན་ཉ་དང་འབུ་སྲིན་གྱི་རིགས་སྣ་ཚོགས་ཚེ་ཐར་དུ་བཏང་ནས་སྲུང་སྐྱོབ་བྱེད་པ་དེས་བོད་མི་རིགས་ནི་བྱམས་དང་སྙིང་རྗེའི་བདག་པོ་ཡིན་པ་མཚོན་ཡོད། ད་དུང་བོད་ཁམས་ཡོངས་སུ་རྟ་ལོར་གངས་བསྐོར་དང་། ལུག་ལོར་མཚོ་བསྐོར་དུ་འགྲོ་བ། སྤྲེལ་ལོར་སྤྲེལ་རི་སོགས་སུ་གནས་བསྐོར་བྱེད་པའི་དད་མོས་དང་འབྲེལ་ནས་རི་ཆུ་ལ་སྲུང་སྐྱོང་དང་མཆོད་བཀུར་བྱེད་པའི་གོམས་གཤིས་བཟང་པོ་ཞིག་ཆགས་ཡོད།
     གསུམ་ནི་འབྲོག་པའི་རིག་གནས་ཏེ། མཚོ་བོད་མཐོ་སྒང་གི་འབྲོག་མི་ཡོངས་ཀྱིས་རྩྭ་ཐང་གི་ཁོར་ཡུག་སྲུང་སྐྱོབ་ཀྱི་ཆེད་དུ། གདོད་མ་ནས་ད་ལྟའི་བར་དུ་དབྱར་དགུན་སྟོན་དཔྱིད་མེད་པར་ཁ་ཆར་བུ་ཡུག་གྲོགས་སུ་སྦྲན་ནས། མགོ་ལ་སྦྲ་ནག་བཟུང་ནས་ནོར་ནག་དེད་དེ་གནས་གཅིག་ཏུ་གཏན་སྡོད་མི་བྱེད་ཅིང་། རྩྭ་ཆུའི་གནས་ཚུལ་ལ་གཞིགས་ནས་རུ་སྤོར་གནས་འགྲིམ་གྱི་འཁོར་སྐྱོད་ཀྱི་འཚོ་བ་རོལ་བཞིན་ཡོད། དུས་རྒྱུན་ནགས་ཚལ་སྟུག་པོའི་འདབས་རོལ་དུ་འཚོ་བ་རོལ་ནའང་ས་རྡོ་ཤིང་གསུམ་ལས་གྲུབ་པའི་ཁང་བ་མི་ཕུབ་པ་དང་། ཤིང་སྡོང་གཅིག་ཀྱང་མི་གཅོད་པར་རྩིད་པའི་སྦྲ་ནག་ཏུ་སྔར་བཞིན་སྡོད་པ་སོགས་ནི་ང་ཚོའི་ཕ་མེས་ཡང་མེས་ཀྱིས་རྩྭ་ཐང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་བྱེད་པའི་བྱ་སྤྱོད་དངོས་མཚོན་པ་དོན་ལ་གནས་ཤིང་། འདི་ལས་ང་ཚོས་རྟོགས་ཐུབ་པ་ནི། མཚོ་བོད་མཐོ་སྒང་འདི་འཇིག་རྟེན་འདིའི་ཆེས་མཐའ་མའི་དག་ཞིང་ཞིག་ཏུ་གྱུར་དོན་ཡང་། ང་ཚོའི་ཕ་མེས་ཡང་མེས་རྣམས་གོང་གསལ་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཁོ་ནར་བརྟེན་པའི་གྲུབ་འབྲས་རླབས་ཆེན་ལས་བྱུང་བ་ཡིན། གལ་ཏེ་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་མི་བྱེད་པ་དང་། ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་ལ་སྲུང་སྐྱོབ་མ་བྱས་ཚེ། རི་མཐོ་ས་གཙང་གི་མཐའ་མའི་དག་ཞིང་འདིའང་ཉམས་དམས་སུ་འགྱུར་བས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྱད་ཆོས་ལྡན་པའི་རིག་གནས་སྲུང་སྐྱོང་བྱེད་དགོས་ཞེས་པའི་རླབས་ཆེན་གྱི་དོན་སྙིང་ཡང་འདི་ན་གནས་པར་སེམས།
     ད་ལྟའི་བར་ཏུ་གཟི་བྱིན་གྱི་འོད་སྟོང་ལྷམ་མེར་འབར་བཞིན་པའི་བོད་ཀྱི་རིག་གནས་ནི་བོད་མི་རིགས་ཀྱི་རྣམ་ཤེས་དང་ཁྲག་རྒྱུན་ཡིན་ཞིང་། བོད་མི་རིགས་འཚོ་གནས་དང་རྒྱུན་མཐུད་འཕེལ་རྒྱས་འགྲོ་བའི་སྐྱེས་སྟོབས་དང་གསོན་ཤུགས་ཀྱང་ཡིན་ལ་འདུས་སྡོད་ཀྱི་སྲོག་སྙིང་ཡང་ཡིན། གོང་དུ་བཏོན་པའི་རྒྱུ་རྐྱེན་གསུམ་ལས་མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དེ་རང་རྒྱལ་ཙམ་དུ་མ་ཟད་འཛམ་གླིང་ཧྲིལ་བོར་མཚོན་ནའང་གལ་འགངས་ཆེ་བ་གསལ་བར་བསྟན་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་“ཐེངས་འདིའི་ཚན་རིག་རྟོག་ཞིབ་ཞིབ་འཇུག་གི་ལས་དོན་འདི་སྤེལ་ནས། མཚོ་བོད་མཐོ་སྒང་གི་རང་བྱུང་ཁོར་ཡུག་དོ་མི་སྙོམ་པའི་གནོད་སྐྱོན་ལ་འགྱུར་ལྡོག་འབྱུང་བའི་རྒྱུ་རྐྱེན་གསལ་སྟོན་དང་། སྐྱེ་ཁམས་བདེ་འཇགས་སྲུང་སྐྱོང་གི་ཐབས་ལམ་མ་ལག་འཐུས་ཚང་སྒོས། མཚོ་བོད་མཐོ་སྒང་རྒྱུན་སྲིང་འཕེལ་རྒྱས་ཡོང་བར་སྐུལ་འདེད་དང་། རྒྱལ་ཁབ་ཀྱི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་བྱེད་པར་སྐུལ་སྤེལ། གོ་ལ་ཧྲིལ་པོའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བཅས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་རྐྱེན་གལ་ཆེན་ཐེབས་ངེས་རེད་”⑩ ཅེས་བསྟན་ཡོད་པ་དང་། རང་རྒྱལ་གྱི་ཚན་རིག་ཞིབ་འཇུག་པ་ཚོས་“ཆུ་དང་གཙང་བོ། སྐྱེ་ཁམས། མིའི་རིགས་ཀྱི་བྱ་སྤྱོད་བཅས་ལ་སྔར་ལས་དོ་སྣང་བྱས་ཏེ། མཚོ་བོད་མཐོ་སྒང་གི་ཐོན་ཁུངས་དང་ཁོར་ཡུག་གི་ཐེག་ཤུགས། གནོད་འཚེ་ཚབས་ཆེན་གྱི་ཉེན་ཁ། ལྗང་མདོག་འཕེལ་རྒྱས་ཀྱི་ཐབས་ལམ་སོགས་ཀྱི་གནད་དོན་ཐག་གཅོད་ཧུར་ཐག་བྱས་ཏེ། འཛམ་གླིང་ཐོག་གི་མིའི་རིགས་ཀྱི་རིན་ཐང་བྲལ་བའི་སྤྱི་ནོར་དུ་གྱུར་བའི་དག་ཞིང་མཐའ་མ་དེ་སྲུང་སྐྱོང་གང་ལེགས་བྱས་ནས་མཛེས་སྡུག་ལྡན་པའི་མཚོ་བོད་མཐོ་སྒང་འཛུགས་སྐྲུན་དང་། སྐྱེ་ཁམས་ཁོར་ཡུག་གཏན་འཇགས་ཡོང་བར་བྱས་རྗེས་གསར་བ་བཞག་སྟེ། མཚོ་བོད་མཐོ་སྒང་དུ་འཚོ་སྡོད་བྱས་པའི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བ་སྔར་ལས་བདེ་སྐྱིད་དང་ཁམས་བདེ་ཡོང་བར་བྱ་རྒྱུའི་འདུན་པ་ཡོད།”11སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱི་མཆན་འགོད་མཛུབ་སྟོན་གལ་ཆེན་དེས། ང་ཚོར་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་བྱེད་པར་སྐུལ་འདེད་དང་། མཛེས་སྡུག་ལྡན་པའི་བོད་ཁམས་འཛུགས་སྐྲུན་བྱེད་པར་བྱ་སྤྱོད་ཀྱི་ཐོག་ནས་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་ཐོག་ནས་སྲུང་བྱ་མཁོ་འདོན་གནང་ཡོད། མཇུག་མཐར་ང་ཚོས་སླར་ཡང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གྱི་འབོད་སྐུལ་རླབས་པོ་ཆེ་དང་དུ་བླངས་ནས། ངེས་པར་ཏུ་རང་མི་རིགས་ཀྱི་སྲོལ་རྒྱུན་རིག་གནས་དང་། རང་བྱུང་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཇེ་བརྟན་དུ་བཏང་ནས། འཛམ་གླིང་གི་དག་ཞིང་མཐའ་མ་འདི་ལ་ཁ་ཞེ་གཉིས་མེད་ཀྱི་བདག་སྐྱོང་དང་གཅེས་སྤྲས་བྱས་ཏེ། མཛེས་ཤིང་ལྟ་ན་སྡུག་པའི་མཚོ་བོད་མཐོ་སྒང་གི་རང་བྱུང་གི་བཀོད་པ་དང་། ངོ་མཚར་རྨད་དུ་བྱུང་བའི་ཡུལ་ལྗོངས་མཐའ་དག་ལེགས་པོར་བསྐྲུན་པར་འབད་པ་ལྷོད་མེད་བྱེད་དོ།།
མཆན།
① ③④⑤⑥⑦⑧⑩11 2017ལོའི་ཟླ་8པའི་ཚེས་21-24བར་གྱི་བོད་ལྗོངས་ཉིན་རེའི་ཚགས་པར།
⑨ཀྲུང་དབྱང་གི་སྐབས་དྲུག་པའི་བོད་ལྗོངས་བྱ་བའི་གྲོས་མོལ་ཚོགས་འདུའི་སྟེང་གི་གཏམ་བཤད། 2015.8.24-25


འབྲེལ་ཡོད་འོས་སྦྱོར།