logo

འཛམ་གླིང་ཐོག་ཆེས་དཀོན་པའི་གནའ་བ་སྟེ་བཙལ་བ་ཚེར་གནའ་ལ་དཔྱད་པ།

རྩོམ་པ་པོ།:འབའ་བ་བློ་བཟང་མགོན་པོ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2014-05-22 ཀློག་གྲངས།:

     འཛམ་གླིང་ཐོག་ཆེས་དཀོན་བའི་གནའ་བ་སྟེ་ བཙལ་བ་ཚེར་གནའ་ལ་དཔྱད་པ། བཙལ་བ་ཚེར་གནའ་ཡི་ངོ་སྤྲོད། ཚེར་གནའ་ནི་གནའ་བའི་རིགས་ཞིག་ཡིན། བོད་གངས་ཅན་ལྗོངས་སུ་གནའ་བ་ལ་རིགས་གཉིས་དབྱེ་ཆོག་པ་སྟེ་གངས་གནའ་དང་ཚེར་གནའ་གཉིས་ཡིན། ཚེར་གནའ་ལ་རྒྱ་སྐད་དུ་ཨེ་ཡན་ཡངས(矮岩羊)ཞེས་འབོད། དབྱིན་སྐད་དུ་སྒྲོག་ཧྥུ་བི་ལུག་ཤི་ཕོ(Dwarf Blue Sheep)ཞེས་འབོད། ཚེར་གནའ་ནི་འོ་འཐུང་རི་དྭགས་ཀྱི་ཁོངས་སུ་གཏོགས་ཤིང༌། སི་ཁྲོན་ཞིང་ཆེན་དཀར་མཛེས་བོད་རང་སྐྱོང་ཁུལ་འབའ་ཐང་རྫོང་གྲུ་བ་ལུང་ཤང་བཙལ་བ་གྲོང་སྡེ་ལ་འཚོ་གནས་གཙོ་བོ་བྱེད་བཞིན་ཡོད། ཚེར་གནའ་ཞེས་པའི་མིང་དེ་བྱུང་ཚུལ་རག་ཙམ་བརྗོད་ན། བཙལ་བ་གྲོང་སྡེའི་ས་ཆགས་ཡུལ་དེ་རོང་ས་ཡིན་པས་ཚེར་མ་སྡོམ་པོ་ཧ་ཅང་མང་པོ་ཡོད། ཚེར་གནའ་ཞེས་པ་དེ་ཚེར་མ་སྡོམ་པོ་འོག་ཏུ་ངལ་གསོ་དང་ཉལ་རྒྱུ་དགའ་བ་ལས་མིང་ཐོགས་པ་རེད་ཅེས་བཤད་སྲོལ་ཡོད། ཚེར་གནའ་ཡི་ཟས་གཙོ་བོ་ནི་ཚེར་མགོ་དང་རྩི་ཤིང་། རྩྭ་ལྡུམ་སོགས་སྔོ་ཟས་རིགས་ཁོ་ནར་རེད། ཚེར་གནའ་དེ་གཡང་གཟར་རམ་བྲག་རོང་སོགས་སུ་འཚོ་བ་བྱེད་རྒྱུ་ལ་གོམས་གཤིས་ཆགས་ཡོད། བྲག་ལ་འཛེགས་དུས་ཧ་ཅང་མགྱོགས་པ་དང་སྤྱང་གྲུང་ལྡན་པ་ཞིག་རེད། ཚེར་གནའ་ཡི་ལུས་ཀྱི་རིང་ཚད་ལ་མི་ཊར༡ལྷག་ཙམ་དང༌། མཐོ་ཚད་ལ་སན་ཊི་མི་ཊར༣༠ལྷག་ཡོད་པ། སྤྱིར་ལྗིད་ཚད་ལ་སྤྱི་རྒྱ༢༠ནས༥༠བར་ཡོད་པ་རེད། ཕོ་གནའ་དང་མོ་གནའ་གཉིས་ཀའི་མགོ་ལ་རྭ་ཅོ་ཡོད། ཕོའི་རྭ་ལས་མོ་རྭ་ཅུང་ཐུང་། རྭ་ཡི་བཟོ་དབྱིབས་ནི་ཕྱི་གཅུས་བརྒྱབ་ཡོད། ཚེར་གནའ་དུས་རྒྱུན་དུ་ཁྱུ་བྱས་ཏེ་འཚོ་གནས་བྱེད་ཅིང༌། ཁྱུ་ཚོགས་ཉུང་བ་ལ་ཚེར་གནའ་གྲངས་འབོར༥ནས༡༠བཅུ་ཙམ་འདུས། ཁྱུ་ཚོགས་མང་བ་ལ་ཚེར་གནའ༢༠ནས༥༠ཙམ་འདུས་ཐུབ། ཚེར་གནའ་ཡི་ཆགས་འཕེལ་ནི་དགུན་དུས་ཡིན་ཞིང༌། ཕལ་ཆེར་ཟླ་བ་བཅུ་གཅིག་དུས་ཀྱི་ཡས་མས་ཡིན། མངལ་སྦྲུམ་གྱི་དུས་ཡུན་ཟླ༥ལྷག་ཙམ་ཡིན། སྐྱེ་འཕེལ་ཐེངས་གཅིག་ལ་ཕྲུ་གུ་གཅིག་ལས་མི་སྐྱེ། ཕྲུ་གུ་དེ་ཕལ་ཆེར་ཟླ་བ་ལྔ་པའི་ཟླ་མགོ་དང་དྲུག་པའི་ཟླ་མཇུག་ལ་སྐྱེས། ཚེར་གནའ་ཡི་ཚེ་ཚད་ནི་ལོ༡༥ཙམ་དང༌། འཛམ་གླིང་ཐོག་ཚེར་གནའ་ཡི་གྲངས་འབོར་ལ་ཚོད་དཔག་བྱེད་ན༥༠༠་ཙམ་མ་གཏོགས་མེད། མང་ཆེ་ཤོས་བཙལ་བ་གྲོང་སྡེའི་རི་ལ་གནས་ཡོད། ཚེར་གནའ་ཡི་གྲངས་འབོར་འདི་རྒྱལ་ཁབ་རིམ་པའི་སྲུང་སྐྱོབ་བྱེད་པའི་སྲོག་ཆགས་དོམ་ཁྲ་ལས་ཀྱང་དཀོན་བ་རེད་ཞེས་གསུངས་མཁན་འདུག དེ་ཡིན་པའི་རྐྱེན་གྱིས་བོད་གངས་ཅན་ལྗོངས་ཀྱི་རྩ་ཆེའི་སྲོག་ཆགས་ཞིག་ཡང་ཡིན། རྒྱལ་ཕྱི་ནང་གི་ཆེད་མཁས་རྣམས་ཀྱིས་ཚེར་གནའ་དེ་སྲོག་ཆགས་རྩ་ཆེན་ཡིན་པའི་ར་སྤྲོད་གནང་། ༡༩༣༦ལོར། ནུབ་ཕྱོགས་རྒྱལ་ཁབ་ནས་ཕེབས་བའི་སི་ཁོ་རུས་ཐེ(斯科瑞特)ཞེས་པའི་རྟོགས་ཞིབ་འགྲུལ་བཞུད་བ་ཞིག་གིས་འབའ་ཐང་རྫོང་བཙལ་བ་གྲོང་སྡེའི་རི་ལ་ཐེངས་དང་པོར་ཚེར་གནའ་རིག་སོང་། ཁོང་གིས་དེ་དུས་ཞིབ་མོར་བལྟ་དུས་ཚེར་གནའ་དང་གངས་གནའ་གཉིས་ཀྱི་བར་ཁྱད་པར་ཧ་ཅང་ཆེན་པོ་ཡོད་པ་རྟོགས་སོང་། ཁོ་རང་ཕ་ཡུལ་ལ་ལོག་དུས་ཚེར་གནའ་་དངོས་དཔེ་བདུན་འཁྱེར་སོང་བ་རེད་ཞེས་འབྲེལ་ཡོད་ཀྱི་ལོ་རྒྱུས་ཡིག་ཆ་ཁ་ཤས་ནང་དུ་དེ་འདྲ་བཀོད་འདུག ད་ལྟ་ཡང་དངོས་དཔེ་དེ་ཚོ་ཨ་རིའི་ཧྥེ་ལི་སྒྲེན་ཧྥུ་ཡའི(Philadelphia 美国费城)འགྲེམ་སྟོན་ཁང་དུ་ཉར་ཚགས་བྱེད་འདུག་ཟེར། ཚེར་གནའ་དེ་ནུབ་ཕྱོགས་རྒྱལ་ཁབ་ལ་དངོས་སུ་ངོ་སྤྲོད་བྱེད་པ་ནས་བཟུང་། སྐྱེ་ཁམས་རིག་པའི་ཆེད་མཁས་མང་པོས་རི་དྭགས་ཁྱད་པར་ཅན་འདིར་ཞིབ་འཇུག་མི་ཉུང་བ་བྱས་དང་བྱེད་བཞིན་འདུག དུས་རབས་སྔོན་མའི་ལོ་རབས་བདུན་བཅུ་ལ་ཚེར་གནའ་ནི་སྐྱེ་དངོས་རིགས་གསར་པ་ཞིག་ཡིན་པ་དངོས་སུ་ར་སྤྲོད་གནང་། ར་སྤྲོད་གནང་མཁན་ནི་ཨོ་སུ་ཁྲོ་རུ་ཡའི(Australian)སྐྱེ་དངོས་རིག་པའི་ཆེད་མཁས་ཀོ་རུས་སི(格瑞斯)རེད། ཀོ་རུས་སི་ཡིས་ཨ་རིའི་ཧྥེ་ལི་སྒྲེན་ཧྥུ་ཡའི་འགྲེམ་སྟོན་ཁང་དུ་ཉར་ཚགས་བྱེད་པའི་བཙལ་བ་ཚེར་གནའ་ཡི་དངོས་དཔེ་ལ་ཞིབ་འཇུག་ལོ་མང་བྱས་རྗེས་ཚིག་ཐག་འདི་འདྲ་ཞིག་གཅོད་པ་རེད། རྒྱལ་ཁབ་མང་པོའི་སྐྱེ་དངོས་རིག་པ་ཆེད་མཁས་རྣམས་ཀྱིས་བཙལ་བ་ཚེར་གནའ་ཡི་སྐོར་གྱི་ཆོད་གཏམ་དེ་ལ་སྤྲོ་བ་ཆེན་པོ་ལྡན། ཨ་རིའི་རྒྱལ་སྤྱི་རྔོན་ཆེན་དམ་ཁབ་ཁེ་སི(当.考克斯)ཡིས་རྒྱལ་ཁབ་ནགས་ལས་པུའུ་ལ་ཚེར་གནའ་རྔོན་ཆོག་པའི་རེ་ཞུ་ཡི་གེ་འཕུལ་བས་རྒྱལ་ཁབ་ནགས་ལས་པུའུ་ཡིས་བརྟག་དཔྱད་ཞིབ་འཇུག་བྱས་རྗེས་ཁོང་ལ་ཕོ་གནའ་གཅིག་བསད་ཆོག་པའི་ཆོག་མཆན་གནང་། ༡༩༩༤ལོའི་ཟླ་བ་༤་ནས་༧་བར་དམ་ཁབ་ཁེ་སི་འབའ་ཐང་རྫོང་གྲུ་བ་ལུང་ཤང་བཙལ་བ་གྲོང་སྡེའི་ཟབ་ཕུགས་ལུང་པ་ལ་ཐེངས་གསུམ་བསྐྱོད། སྤྱི་ཟླ་བདུན་པ་ནང་ཁོང་གིས་ཕོ་གནའ་ཞིག་རྔོན་རྨས་བཏང་ནས་དེའི་དངོས་དཔེ་ཨ་རི་ལ་འཁུར་སོང་བ་རེད། ལོ་དེའི་ཟླ་བ་བཅུ་པ་ནང་བཙལ་བ་ཚེར་གནའ་དངོས་དཔེ་དེ་ཨ་རིའི་རུས་ལོག(瑞洛)རྒྱལ་སྤྱི་རྔོན་ཟས་འགྲེམ་སྟོན་ཁང་ནང་དུ་བཤམས། སྐབས་དེར་རྒྱལ་སྤྱིའི་རྔོན་ཆེན་དང་སྲོག་ཆགས་རིག་པ་ཆེད་མཁས་མང་པོ་ལ་བག་ཆགས་ཟབ་མོ་འཇོག རྒྱལ་ཁབ་མང་པོ་ཞིག་གིས་མཐོང་ཆེན་གནང་། ཨ་མི་རེ་ཁ་དང་འཇའ་མན། ཨེ་རམ་གཙོས་པའི་རྒྱལ་ཁབ་མང་པའི་ཆེད་མཁས་རྣམས་གཅིག་རྗེས་གཉིས་མཐུད་ཀྱིས་འབའ་ཐང་རྫོང་བཙལ་བ་གྲོང་སྡེའི་ཟབ་ཕུགས་ལ་བསྐྱོད་ནས་ཞིབ་འཇུག་ཐེངས་མང་བྱས། བཙལ་བ་ཚེར་གནའ་ལ་ཞིབ་འཇུག་ལོ་མང་བྱས་ཚར་རྗེས་ཚང་མས་བཙལ་བ་ཚེར་གནའ་ནི་སྐྱེ་དངོས་རིགས་གསར་པ་ཞིག་ཡིན་པ་དངོས་སུ་ར་སྤྲོད་གནང་། སི་ཁྲོན་ནིས་ཅང(内江)དགེ་ཐོན་སློབ་གླིང་གི་སློབ་དཔོན་ཆེན་མོ་ལྦང་ལགས་ཀྱིས་ཀྱང་འབའ་ཐང་བཙལ་བ་གྲོང་སྡེའི་ཟབ་ཕུགས་ལུང་པ་ལ་ཕེབས་ནས་ཚེར་གནའ་ལ་ཞིབ་འཇུག་ཐེངས་གཉིས་ཙམ་བྱས། མཐར་སློབ་དཔོན་ལྦང་ལགས་ཀྱིས་གསུངས་དོན། ༡༩༨༨ནས༡༩༩༩བར་འབའ་ཐང་ལ་ཐེངས་གཉིས་ཞིབ་འཇུག་བྱས་རྗེས་འབའ་ཐང་རྫོང་གི་མངའ་ཁོངས་སུ་ཚེ་གནའ་ཡི་གྲངས་འབོར་༢༠༠་ལས་བརྒལ་མེད་ཅེས་ཟེར། ཁོང་རང་གིས་ཚེར་གནའ་ལ་ད་ལྟ་སྲུང་སྐྱོབ་མ་བྱེད་ན་རྗེས་མ་མེད་པ་འགྲོ་བའི་ཉེན་ཁ་ཆེན་པོ་འདུག་ཞེས་གསུངས། བཙལ་བ་ཚེར་གནའ་སྲུང་སྐྱོབ་སྐོར། བཙལ་བ་ཚེར་གནའ་ནི་ད་ཆར་རྒྱལ་སྤྱིའི་ནང་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཀྱི་གྲས་སུ་ཡོད། བཙལ་བ་ཚེར་གནའ་ནི་རྒྱལ་སྤྱིའི་རང་བྱུང་སྲུང་སྐྱོབ་མཉམ་འབྲེལ་ལྷན་ཚོགས་ཀྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ཛ་དྲག་གི་ཟིན་ཐོ་དམར་པོར་འཁོད་ཡོད་པ་དང༌། དེ་བཞིན་རྒྱལ་ནང་རིམ་པ་གཉིས་པའི་སྲུང་སྐྱོབ་ཀྱི་གྲས་སུ་ཚུད་པ་རེད། ཞིང་ཆེན་རིམ་པའི་གལ་ཆེན་སྲོང་སྐྱོབ་པའི་རི་དྭགས་དང་ང་ཚོ་རྒྱལ་ཁབ་ཀྱི་སྐྱེ་དངོས་དམིགས་བསལ་བ་ནང་དུ་བཀོད་འདུག ད་ལྟ་རྒྱལ་ཁབ་རིམ་པ་དང་པོའི་སྲུང་སྐྱོབ་བྱེད་པའི་རི་དྭགས་ཀྱི་གྲས་སུ་འཇོག་རྒྱུའི་རེ་ཞུ་འབུལ་བཞིན་འདུག དམངས་ཁྲོད་དུ་ཡང་རི་དྭགས་སྲུང་སྐྱོབ་སྐོར་གྱི་བྱ་འགུལ་སྤེལ་དང་སྤེལ་བཞིན་པ་རེད། བཙལ་བ་གྲོང་སྡེའི་མི་སེར་ཚང་མས་རྔོན་དང་སྲོག་གཅོད་སྤོངས་ཚར་བ་རེད། འོན་ཀྱང་། མི་སེར་རྣམས་ཀྱི་བཙལ་བ་ཚེར་གནའ་དེ་འཛམ་གླིང་ཐོག་འདི་འདྲ་རྩ་ཆེན་ཞིག་ཡིན་པ་ད་དུང་གསལ་པོ་ཞིག་ཤེས་ཀྱིན་མི་འདུག དེའི་སྐོར་ལ་རྗེས་མ་སློབ་གསོ་དང་དྲིལ་བསྒྲགས་ཡག་པོ་བྱེད་ན་བཙལ་བ་ཚེར་གནའ་ཡི་སྲུང་སྐྱོང་དང་སྲོག་ཆགས་འདིའི་གྲངས་འབོར་ཇེ་མང་དང་ཇེ་མང་འགྲོ་བ་སྨྲ་ཅི་དགོས།


འབྲེལ་ཡོད་འོས་སྦྱོར།