གླིང་སྒྲུང་ལས་བྱུང་བའི་སྐྱེ་ཁམས་སྐོར།
བོད་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་གླིང་སྒྲུང་ནི།གནའ་བོའི་བོད་མི་རིགས་ཀྱི་སྤྱི་ཚོགས་འཚོ་བ་དང་ཡུལ་སྲོལ་གོམས་གཤིས། ཆབ་སྲིད་བསམ་བློ། འཇིག་རྟེན་ལྟ་ཚུལ་སོགས་མཚོན་པའི་མེ་ལོང་ལྟ་བུ་ཞིག་ཡིན་པས། ང་ཚོས་དེ་ལས་མདོ་དབུས་མཐོ་སྒང་དུ་འཚོ་བའི་སྐབས་དེའི་བོད་མི་རིགས་ཀྱི་སྐྱེ་ཁམས་གནས་སྟངས་ལའང་རྒྱུས་ལོན་བྱེད་ཐུབ། སྤྱིར་སྐྱེ་ཁམས་ཞེས་པའི་ཐ་སྙད་འདིའི་གོ་དོན་དུས་དང་བསྟུན་ནས་འགྱུར་བ་བྱུང་ཡོད་ནའང་། གླིང་སྒྲུང་ལས་བསྟན་པའི་གནའ་བོའི་བོད་མི་འཚོ་སྡོད་བྱེད་སའི་སྐྱེ་ཁམས་ཁོར་ཡུག་དེ་དང་ད་ལྟ་ཀུན་གྱིས་དོ་སྣང་དང་སེམས་འཁྲལ་བྱ་ཡུལ་དུ་གྱུར་བའི་སྐྱེ་ཁམས་གཉིས་དོན་གྱིས་གཅིག་མཐུན་དུ་སྣང་སྟེ། དེ་ནི་ཕྱི་སྣོད་ཀྱི་འཇིག་རྟེན་དང་ནང་བཅུད་ཀྱི་སེམས་ཅན་གྱིས་བསྡུས་པའི་སྐྱེ་འགྲོ་ཐམས་ཅད་དང་དེ་དག་གི་འབྲེལ་བར་ངོས་འཛིན་དགོས། མི་ཡང་སྐྱེ་ཁམས་དེའི་གྲས་ལས་འདས་མེད་ནའང་། མི་ནི་ཆེས་དམིགས་བསལ་བ་ཞིག་ཡིན་པས་མིས་བརྟན་གཡོའི་དངོས་པོ་བར་དང་བཅུད་ཀྱི་སེམས་ཅན་བར་གྱི་འབྲེལ་འདྲིས་ཁྲོད་དྲང་ལྡོག་གང་རུང་ནས་ཐུན་མོང་མ་ཡིན་པའི་ནུས་པ་ཐོན་གྱོ་ཡོད་པས། ང་ཚོས་ད་ལྟའི་སྐྱེ་ཁམས་སྲུང་སྐྱོབ་ཀྱི་ལྟ་སྟངས་སྤྱད་ནས་གླིང་སྒྲུང་ལས་ཐོན་པའི་བོད་སྔ་རབས་པ་དང་སྐྱེ་ཁམས་བར་གྱི་འབྲེལ་བརབརྟག་རྒྱུའང་གལ་ཆེ་བར་མཐོང་ངོ།
གཅིག གླིང་སྒྲུང་གི་སྐྱེ་ཁམས་འདུ་ཤེས་ཀྱི་ཚད་གཞི།
མི་ནི་རང་བྱུང་ཁམས་ཆེན་པོར་བརྟེན་ནས་འཚོ་གཞེས་བྱེད་ཅིང་། མིའི་རང་གི་འཚོ་སྡོད་ཀྱི་དགོས་མཁོར་དམིགས་ནས་རང་བྱུང་ཁམས་ལ་འདུལ་སྦྱོང་བྱེད་པའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ཁྲོད། མི་དང་རང་བྱུང་སྐྱེ་ཁམས་བར་ལ་རྟེན་དང་བརྟེན་པའི་འབྲེལ་བ་ཞིག་ཆགས་ཡོད་པའི་ཆོས་ཉིད་ལ་ཤེས་རྟོགས་ལོན་པ་དང་། བརྟེན་པ་མི་དང་མིའི་བར་གྱི་སྤྱི་ཚོགས་ཁེ་ཕན་འབྲེལ་བ་དང་། མི་དང་འགྲོ་བ་གཞན་དག་བར་ལ་མཐུན་འཇུག་བྱེད་དགོས་པའི་འདུ་ཤེས་ཤིག་ཀྱང་རིམ་གྱིས་ཆགས་ཡོད་པ་ལས། དུས་སྐབས་མི་འདྲ་བའི་ནང་མི་རྣམས་ཀྱི་སྐྱེ་ཁམས་འདུ་ཤེས་ཀྱི་ཚད་གཞི་ཡང་ཇི་འདྲ་ཡིན་པ་ཚོད་པ་དཔག་བྱེད་ཐུབ། “བོད་མི་རིགས་ཀྱི་བསམ་པའི་དཔེ་མཚོན་འགྲེམ་སྟོན་ཁང་”དུ་གྱུར་བའི་གླིང་སྒྲུང་ལས་ཀྱང་གནའ་བོའི་བོད་ཀྱི་སྐྱེ་ཁམས་འདུ་ཤེས་རྒྱུས་ལོན་བྱེད་ཐུབ་སྟེ། གླིང་སེང་ཆེན་བདུད་ཡུལ་ལ་ཕེབས་སྐབས་གླིང་བ་སྤྱི་ལ་གདམས་པར་“དོན་མེད་པར་གཞན་ལ་དམག་མི་དྲངས། །ཕྱི་དགྲ་བོས་བཙན་འཛུལ་བྱས་ཉིན་ལ། དཔའ་རྒོད་པོའི་ངར་ལ་ཕྱིར་ཟློག་མེད། །”〖1〗ཅེས་པ་ནི་སྐབས་དེའི་ཚོ་ཁག་དང་ཚོ་ཁག་བར་འཁྲུག་རྩོད་ལ་ཚོད་འཛིན་བྱེད་པའི་ཀུན་སྤྱོད་ཚད་གཞི་ལྟ་བུ་སྟེ། སྐྱེ་ཁམས་ཀྱི་ཕྱོགས་ནས་བལྟས་ན་མི་དང་མིའི་བར་གྱི་སྐྱེ་ཁམས་འདུ་ཤེས་ཀྱི་ཚད་ཤིང་ཞིག་རེད། དེ་བཞིན་དུ་“ང་ཕྱོགས་བཞིའི་དགྲ་ཡི་གཉེན་པོ་ཡིན། །བདུད་ཀླུ་བཙན་མགོ་ཡི་ཐོ་བ་ཡིན། །ཕོ་བཙན་པོའི་སྟེང་གེ་གཉའ་གནོན་ཡིན། འབངས་གཉོམ་ཆུང་མཐའ་ནས་སྐྱོང་མི་ཡིན། །གླིང་ལྷ་སྡེ་དཀར་པོའི་བྱུས་སྲུང་ཡིན།”〖2〗ཞེས་པ་ཡང་གླིང་སྒྲུང་ལས་མཐོང་ཐུབ་པའི་བོད་མིས་འགྲོ་བ་མིའི་བར་ལ་བཟུང་བའི་སྐྱེ་ཁམས་ཀྱི་བླང་བྱར་བལྟས་ཆོག 《དམྱལ་གླིང་མུན་པ་རང་གསལ》དུ་ཨ་སྟག་ལྷ་མོས་བོད་མིའི་སྐྱེ་ཁམས་འདུ་ཤེས་ཚད་གཞེ་རྩིས་མེད་དུ་བཏང་སྟེ། “འཇིག་རྟེན་མི་ཡུལ་གསོན་པོར་འདུག་པའི་དུས། །ཉེས་མེད་རི་དྭགས་མང་པོ་མདའ་ཡིས་བསད། རྐུན་ཇག་བྱས་ནས་མི་རྟ་མང་པོ་བསད། །བྱ་ཚང་བྱིའུ་ཚང་སྒོ་ང་རྡོ་ལ་བརྒྱབ། །གཡུ་སྦྱང་ཝ་མོ་དར་མ་མང་པོ་བསད།། འཕྱི་བ་རི་བོང་ཤ་རྐྱང་མདའ་ཡིས་བསད། ། ན་ཁའི་སྦལ་བ་ཚྭ་ཆུ་བཏབ་ནས་བསད། ས་འོག་དུག་སྦྲུལ་གླ་རྩི་དུག་གིས་བསད། །”〖2〗ཅེས་སོགས་སྡིག་ཉེས་མང་པོ་བསགས་པས་མཐར་དིའི་ངན་འབྲས་འཁོར་ནས་དམྱལ་བར་ལྷུང་ཞིང་། དེ་ལས་ང་ཚོས་ཤེས་ཐུབ་པ་ནི། རི་སྐྱེས་སྲོག་ཆགས་ཀྱི་སྐོར་དང་བྱ་བྱེའུ་འདབ་ཆགས་ཀྱི་རིགས། གྲོག་སྦུར་འབུ་སྲིན་དང་བཅས་པའི་འགྲོ་བ་མཐའ་དག་ལ་གནོད་པའི་ལས་མི་བགྱི་བ་ནི་གླིང་སྒྲུང་ལས་བསྟན་པའི་སྐྱེ་ཁམས་འདུ་ཤེས་ཀྱི་ཚད་གཞིའམ་བོད་མི་སྤྱིའི་སྐུན་སྤྱོད་ལེགས་ཉེས་ཀྱི་རྩ་དོན་ཞིག་རེད། རྩ་དོན་དེ་དེར་འགལ་བའི་ལས་བགྱིས་ན། ཐོབ་གོ་ས་དང་ལོ་ན་སོ་ཡི་དབྱེ་བ་མེད་པར། རྒྱུ་ཉེས་པ་ཅི་བསགས་ན་དེའི་འབྲས་བུའི་སྡུག་བསྔལ་ཚེ་འདི་ཕྱི་གང་རུང་ནས་མྱོང་དགོས་པ་དེ་ཨ་སྟག་ལྷ་མོའི་ལུས་སྟེང་ནས་མཚོན་པར་བྱས་པའོ།།
གཉིས། གླིང་སྒྲུང་དུ་བྱུང་བའི་དམག་འཁྲུག་དང་སྐྱེ་ཁམས།
གླིང་སྒྲུང་ནི་དཔའ་བོའི་ལོ་རྒྱུས་སྙན་རྩོམ་ཡིན་ལ། དམག་འཁྲུག་གི་སྙན་རྩོམ་ཞིག་ཀྱང་ཡིན་པས། གླིང་སྒྲུང་དང་སྐྱེ་ཁམས་བར་གྱི་འབྲེལ་བ་ནི་དམག་འཁྲུག་དང་སྐྱེ་ཁམས་ཀྱི་འབྲེལ་བ་རེད་ཅེས་བརྗོད་ཆོག དེའི་མཚོན་བྱ་གཙོ་བོའང་བོད་གནས་རབས་ཀྱི་ཚོ་ཁག་དང་ཚོ་ཁག་བར་གྱི་དམག་འཁྲུག་དང་། ཚོ་ཁག་དང་མཐའ་འཁོར་རྒྱལ་ཕྲན་བར་གྱི་དམག་འཁྲུག་ཅིག་རེད། སྤྱིར་དམག་འཁྲུག་གིས་རང་བྱུང་ཁོར་ཡུག་ལ་གནོད་སྐྱོན་དང་སྐྱེ་འགྲོ་ཐམས་ཅད་ལ་སྡུག་བསྔལ་བཟོ་ངེས་པས། གླིང་སྒྲུང་ལས་བྱུང་བའི་དམག་འཁྲུག་གིས་ཀྱང་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་ངེས་ཅན་བཟོས་མྱོང་བ་ལྟ་བུར་སྣང་ཡང་། འོན་ཏེ་དེང་རབས་ཀྱི་རྫས་འགྱུར་གྱི་ལག་ཆ་སྣ་ཚོགས་སྤྱོད་པའི་གཡུལ་འགྱེད་རྣམས་དང་བསྡུར་ན་དེར་སྐྱེ་ཁམས་སྲུང་སྐྱོབ་འདུ་ཤེས་ཀྱི་རྨང་གཞི་མཐུག་པའི་དབང་གིས་ཁོར་ཡུག་ལ་ཉམས་དམས་ཆེན་པོ་མ་བཟོས་པར་འདོད། རྒྱུ་མཚན་གང་ཞེ་ན།
ཀ གླིང་སྒྲུང་དུ་སྐྱེ་ཁམས་སྲུང་སྐྱོབ་བྱས་པའི་ཚུལ།
གླིང་སྒྲུང་དུ་བྱུང་བའི་དམག་འཁྲུག་སོགས་བརྗོད་བྱ་སྤྱི་ལ་གཅིག་མཐུན་གྱི་ཁྱད་ཆོས་ཤིག་ལྡན་པ་ནི། བརྗོད་དོན་ཕལ་ཆེར་སྐྱེ་ཁམས་སྲུང་སྐྱོང་དང་སྐྱེ་ཁམས་བདེ་སྙོམ་ཀྱི་གནས་ཚུལ་ཤ་སྟག་རེད། 《ལྷ་གླིང་གབ་རྩེ་དགུ་སྐོར》དུ་“བདུད་སྡེས་ཀླུ་མཚོར་དུག་གིས་མནོལ། །ཀླུ་བུས་ཧ་ཤ་ལྷ་ཡུལ་མངགས། །ཕྱོགས་གསུམ་གྲོས་རྗེས་བུ་ཏོག་དཀར། མི་ཡུལ་བདུད་སྡེ་འཇོམས་པར་མངགས། །”〖4〗ཞེས་ནག་ཕྱོགས་བདུད་ཀྱིས་ཀླུ་མཚོར་དུག་རྫས་དང་ཤ་རུས་མང་པོ་བཏབ་ནས་ཀླུ་ཡུལ་མནོལ་དུ་བཅུག་པས་ལྷ་ཡུལ་ནས་ལྷའི་བུ་ཏོག་དཀར་མངགས་ནས་བདུད་རྣམས་བཏུལ་བར་བརྗོད་པ་དེ་ནི། དོན་གྱིས་འཇིག་རྟེན་སྐྱེ་འགྲོ་ཀུན་གྱི་སྲོག་རྟེན་དུ་གྱུ་བའི་བཏུང་ཆུ་དང་མཚོ་མཚེའུ་སོགས་མི་གཙང་འབག་བཙོག་ཏུ་བཟོ་བ་དང་། དེར་གནས་པའི་འགྲོ་བ་དག་ལ་གནོད་སྐྱོད་བཟོ་མཁན་དེ་ནི་མ་རུང་བདུད་དུ་བརྩི་ཞིང་། དེ་དག་འཇོམས་པར་བྱེད་པའི་བསམ་སྦྱོར་ལས། གནས་སྐབས་དེའི་བོད་མིས་སྐྱེ་ཁམས་སྲུང་སྐྱོབ་ཇི་ལྟར་ཡོད་པ་དེ་མཐོང་ཐུབ། 《འཁྲུངས་སྐོར་དཔྱིད་ཀྱི་མེ་ཏོག》ཏུ་ཇོ་རུས་རྨ་སྨད་ནས་ཨ་བྲ་ཚར་གཅོད་བྱས་པ་དེ་ཡང་ཉམ་ཆུང་འགྲོ་བའི་རིགས་ཀྱི་ཚེ་སྲོག་ལ་རྩིས་མཐོང་མ་བྱས་པ་ཞིག་གཏན་ནས་མ་ཡིན་པར། དེ་ནི“རྨ་སྨད་མཁན་ལུམ་རི་དྲུག་དེ་བསེ་རག་ཨ་བྲས་མཚེར་བཟུང་སྟེ། རི་རྩེའི་ས་ནག་བསློགས། རི་སྐེད་ཀྱི་འཇག་མ་བཅད། ཐང་ཆེན་ལྡུམ་བུའི་རྩྭ་ཟོས་ཤིང་། མོ་སོང་ན་ཐལ་རླུང་གིས་བཏུམས་ལེ། ནོར་སོང་ན་ལྟོགས་གྲིར་འཆི་ལེ་ཞིག་བྱས་ནས་ཡོད་པར། ཇོ་རུས་བསེ་རག་ཨ་བདུད་བསྒྲལ་བའི་དུས་ལ་བབས་པར་དགོངས་ནས།”〖5〗གནམ་ལྕགས་ཐོག་གི་འུར་རྡོ་འཕངས་པས་ཨབ་ཀྱི་རྒྱལ་བོ་ཁ་ཆེ་དང་། བྲ་བ་མིག་མང་། ཨབ་བློན་བྲ་བ་རྣ་སྔོན་གསུམ་སྔོན་ལ་བསད་རྗེས། བྲ་བ་གཞན་ཐམས་ཅད་སྨོན་ལམ་གྱི་མཐུ་ལས་ཤི་བས་ཨ་བྲ་ཚར་བཅད་དེ་རྨ་ཡུལ་རྩྭ་ཐང་གི་རྩི་ཤིང་སླར་གསོ་བྱས་པ་དེ་ཡང་། རང་བྱུང་ཁོར་ཡུག་གི་སྐྱེ་ཁམས་བདེ་སྙོམ་ལ་དོ་གཟབ་བྱས་པ་ཞིག་ཡིན་པར་མ་ཟད། དོན་དག་དེ་ནི་གལ་ཆེན་ནང་གི་འགངས་ཆེན་དུ་བརྩི་བའི་སེམས་གཤིས་ཤིག་ཏུ་གྱུར་ཏེ། སྐབས་དེའི་བོད་མི་སྤྱིའི་བློ་ལ་ཆགས་ཡོད་ལ། དེ་ཡང་འབངས་ཕལ་བའི་གྲས་སུ་གཏོགས་པའི་བུ་ཆུང་ཇོ་རུའི་བྱ་སྤྱོད་ལས་ཕྱིར་མངོན་ཅིང་། དེ་ལས་ང་ཚོས་མཐོང་ཐུབ་པ་ནི་དུས་སྐབས་དེའི་བོད་མི་རྒན་དར་གཞོན་གསུམ་དང་། རྗེ་བློན་འབངས་ཐམས་ཅད་ཀྱི་ཞེ་རྒྱུད་ན་ཡོད་པའི་སྐྱེ་ཁམས་འདུ་ཤེས་ཀྱི་ཚད་ཀྱང་དཔག་ཐུབ་བོ།
ཁ། གླིང་སྒྲུང་གི་ཚོ་ཁག་དམག་འཁྲུག་གིས་སྐྱེ་ཁམས་ལ་གནོད་པ་ཐེབས་པའི་ཚད།
གླིང་སྒྲུང་དུ་བཀོད་པའི་ཚོ་ཁག་དམག་འཁྲུག་དག་གིས་སྐྱེ་ཁམས་ལ་ཐེབས་པའི་གནོད་ཚད་དེ་དམག་འཁྲུག་གི་རྣམ་པས་ཐག་གཅོད་ཀྱི་ཡོད། “དམག་འཁྲུག་གི་རྣམ་པ་ནི་མཚོན་ཆ་གཙོ་བོ་དང་དམག་དཔུང་སྒྲིག་གཞི། དམག་འཐབ་བསམ་བློ། དམག་འཐབ་ཐབས་སོགས་ཀྱིས་གྲུབ་པའི་དམག་འཁྲུག་སྤྱི་ལ་ཟེར་ཞིང་། དེ་དག་ལས་དམག་བཀོལ་མཚོན་ཆས་དམག་དཔུང་སྒྲིག་གཞི་དང་དམག་འཐབ་བསམ་བློ། དམག་བྱེད་ཐབས་ཀྱི་འགྱུར་ལྡོག་ཐག་གཅོད་བྱེད། དེའི་ཕྱིར་དམག་འཁྲུག་གི་རྣམ་པ་ཡང་མི་འདྲ་བ་བྱུང་གི་ཡོད། དམག་བཀོལ་མཚོན་ཆ་ནི་དམག་འཐབ་རྣམ་པའི་ཆེས་མངོན་གསལ་དང་ཆེས་གལ་ཆེན་གྱི་མཚོན་རྟགས་ཤེག་རེད། དམག་འཁྲུག་གིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་པ་དེ་ཡང་དམག་བཀོལ་མཚོན་ཆའི་སྟེང་ནས་མངོན་གྱི་ཡོད་པས།”【6】སྐབས་དེའི་ཚོ་ཁག་དམག་འཁྲུག་ལ་མཚོན་ན། བཀོལ་སྤྱོད་པའི་མཚོན་ཆ་གཙོ་བོར་མདའ་གྲི་མདུང་གསུམ་སོགས་ལས་མེད་ཅིང་། དེ་ལྟ་བུའི་མཚོན་ཆ་ཐོགས་པའི་དམག་འཁྲུག་གིས་ཁོར་ཡུག་ལ་གནོད་སྐྱོན་ཐེབས་མི་སྲིད་ཅེས་སྨྲས་ཀྱང་ཆོག དམག་འཁྲུག་རྒྱག་སྐབས་གླིང་དམག་རྣམས་རུ་གཡས་ཤོག་དང་གཡོན་ཤོག་མདུན་ཤོག་བཅས་སུ་བགོས་ཡོད་ལ། གཡུལ་ངོའི་འགྱུར་ལྡོག་ལྟར་གདོང་ལེན་རུ་ཤོག་དང་རྟིང་གནོན་རུ་ཤོག་གི་བགོ་སྟངས་ཀྱང་ཡོད་པ་དེ་ནི་གླིང་སྒྲུང་ནང་གི་དམག་ཐབས་རྒྱུགས་ཆེ་བ་ཞིག་རེད། གླིང་གི་དམག་དཔུང་སྒྲིག་གཞི་ཡང་ཧོར་གླིང་གཡུལ་འགྱེད་དུ་བཀོད་པ་ལྟར། གླིང་གེ་སར་གཙོས་གླིང་གི་དཔའ་ཐུལ་སུམ་ཅུ་དང་གསེར་བའི་གསེར་འཕྲུ་ཅན་གྱི་དམག་བརྒྱད་བརྒྱ། འོམ་བུའི་དངུལ་འཕྲུ་ཅན་གྱི་དམག་དྲུག་བརྒྱ། རྨུ་སྤྱང་དུང་འཕྲུ་ཅན་གྱི་དམག་བཞི་བརྒྱ། འབུམ་པའི་གཡུ་འཕྲུ་ཅན་གྱི་དམག་དགུ་བརྒྱ། གླིང་དཀར་ཆེ་འབྲིང་ཆུང་གསུམ་གྱི་དཔའ་བོ་བཞི་བརྒྱ་བཅས་འདུ་བའི་དཔུང་སྡེ་ཞིག་རེད། དེ་དག་ལས་སྟོབས་རྩལ་འགྲན་ཟླ་བྲལ་བ་དག་གི་ཁྱད་ཆོས་འདི་ལྟར་ངོ་སྤྲོད་བྱས་ཡོད་དེ། “གྲི་གཡུག་ན་རྒྱ་ཚའི་སྟོང་ཆོད་རྔམས། མདའ་འཕང་ན་འདན་མའི་ཐོག་ལྩེ་མྱུར་། མདུང་བསྙུག་ན་དར་འཕེན་མདུང་རྩེ་རྣོ། རྟ་རྒྱུག་ན་སྟོང་རིའི་བང་རྩལ་མགྱོགས། ཤེས་འགྲན་ན་ཉི་འབུམ་དཔུང་བ་རྒོད། ཐོད་གཏུག་ན་སེང་སྟག་དཔའ་རྔམས་ཆེ། སྒྱོག་འཕང་ན་སྒ་བདེའི་འཕྲུལ་འཁོར་འཐུག །”〖7〗ཅེས་བཀོད་པ་འདི་ལས་ང་ཚོས་ཤེས་ཐུབ་པ་ནི། གནའ་བོའི་ཐོན་སྐྱེད་ནུས་ཤུགས་ཞན་པས་སྐབས་དེའི་དམག་བཀོལ་མཚོན་ཆའང་མདུང་དང་མདའ། གྲི སྒྱིགས་རྡོ། གློ་གྲི་སོགས་ལས་མེད་ལ། གཡུལ་ངོ་ཁ་ལོ་སྒྱུར་མཁན་གྱི་དཔའ་ཐུལ་རྣམས་ཀྱི་གཡུལ་འཐབ་བྱེད་ཐབས་ལ་དཔའ་ཁེར་རྒྱུག་དང་ཁེར་འཐབ་ཀྱི་རྣམ་པའང་མི་ཉུང་སྟེ། “ཧོར་སྟོབས་ཆེན་གླང་བོ་ཁྲ་འབར་དང་། །ཐང་རྩེ་གཡུ་འབྲུག་ཁ་ཡ་ལ། འབུམ་པའི་རྒྱ་ཚ་ང་རང་ལངས། །རྩལ་ཆེན་ནམ་མཁའ་སྦར་ཟིན་དང་། །འབལ་ཆེན་གྲུ་གུའི་འཛིང་ཡ་ལ། འབྲུ་དགའ་བདེ་ཆོས་སྐྱོང་བེར་ནག་ལོངས། སྡིག་གཅོད་ཤན་པ་རྨེ་རུ་དང་། །རི་བའི་ཅོག་དམར་འཐབ་ཡ་ལ། །བློན་ཆེན་འདན་མ་བྱང་ཁྲ་ལོངས། ”〖8〗ཞེས་པས་མཚོན་པའི་དམག་འཐབ་བསྟངས་ནི་གླིང་སྒྲུང་གི་ཐོག་མཐའ་བར་གསུམ་དུ་མཐོང་ཐུབ་ཅིང་། དེ་ལྟ་བུའི་དམག་འཐབ་ཀྱིས་ཕན་ཚུན་གྱི་དམག་མི་མང་བོར་ཆག་འཇིག་པོ་བཟོ་མི་སྲིད་ལ། ཁོར་ཡུག་སྐྱེ་ཁམས་ལའང་གནོད་པ་ཆུང་བས་གླིང་སྒྲུང་ནང་གི་དམག་འཁྲུག་གིས་སྐྱེ་ཁམས་ཁོར་ཡུག་ལ་གནོད་སྐྱོན་བཟོ་བར་སྣང་དོགས་དེ་འདྲ་བྱེད་མི་དགོས་སོ།།
སྤྱིར་བཏང་དུ། དམག་འཁྲུག་གིས་སྐྱེ་ཁམས་ལ་གནོད་པ་ལས་ཕན་པ་འབྱུང་མི་སྲིད་ན་ཡང་། གླིང་སྒྲུང་ནང་གི་ཚོ་ཁག་བར་གྱི་དམག་འཁྲུག་དེ་དེང་རབས་ཅན་གྱི་དམག་འཁྲུག་དང་བསྡུར་ཚེ། སྐྱེ་ཁམས་ལ་གནོད་སྐྱོན་ཐེབས་ཚད་ནི་གླང་ཆེན་ལ་ཁབ་གཙག་བྱས་པ་ལྟ་བུ་ལས་མེད་པ་ཤེས་ཐུབ། མདོར་ན། སྐྱེ་ཁམས་རིག་པའི་ཐད་ནས་བལྟས་ཚེ། གླིང་སྒྲུང་ནང་གི་དམག་འཁྲུག་དང་སྐྱེ་ཁམས་བར་གྱི་འབྲེལ་བ་ནི། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆེད་དུ་དམག་འཁྲུག་བསླངས་པ་ཤས་ཆེ་བས། སྐྱེ་ཁམས་མ་ལག་སྤྱི་ལ་མཐུན་སྡེབ་བཟོས་ཡོད་པ་ཞིག་ཏུ་མངོན་ནོ།
ཆུ་སྲོ་ཆས་སོགས་ཀྱི་སྒྲིག་ཆས་བཙུགས་ཡོད།