མདོ་དབུས་མཐོ་སྒང་གི་རྩྭ་ཐང་ཉམས་དམས་སུ་འགྱུར་བ།
མདོ་དབུས་མཐོ་སྒང་གི་ཡངས་ཤིང་མུ་མཐའ་བྲལ་བའི་རྩྭ་ཐང་ནི་བོད་མི་རིགས་ཀྱིས་འཚོ་བ་སྟེན་པའི་ཁྱིམ་གཞི་དང་ཤ་མར་ཐུད་གསུམ་དང༌། དྲི་ཞིམ་འོ་ཞོ།པགས་རིགས། རྩི་ཤིང་སྨན་རྩྭ་སོགས་ཀྱི་འབྱུང་གནས་ཡིན། དེར་ད་དུང་བྱེ་རླུང་འགོག་པ་དང་ས་ཆུ་སྲུང་འཛིན། ས་གཤིས་ལེགས་འགྱུར། མཁའ་དབུགས་གཙང་འགྱུར། ཁོར་ཡུག་མཛེས་འགྱུར་སོགས་ཀྱི་དགེ་མཚན་ཅི་རིགས་ལྡན་པའོ།།
སྤྱིར་མདོ་དབུས་མཐོ་སྒང་དུ་རྩྭ་ས་མུའུ་དུང་ཕྱུར་ཉེར་གཅིག་ལྷག་མཆིས་མོད་ཀྱང་ཉེ་བའི་ལོ་འགའི་རིང་ལ་སའི་གོ་ལ་ཧྲིལ་བོའི་གནམ་གཤིས་ཇེ་དྲོར་སོང་བར་བསྟུན་མཚོ་མཚེའུ་བྲི་བ་དང་ཆུ་མིག་མང་པོ་བསྐམས་པ། ཆར་ཆུ་དཀོན་པ། གཞན་ཡང་མི་མི་ཉུང་བ་ཞིག་གིས་རྩྭ་ཐང་ནི་རྒྱ་ཆེ་ཞིང་འཛད་མཐའ་མེད་པ་ཞིག་ཡིན་པར་འདོད་ནས་གང་སར་ཕྱུགས་ར་སྐོར་བ་དང་རྩྭ་ས་རྨོ་ཞིང་དུ་བསྒྱུར་བ། གཏེར་སྔོག་པ། སྨན་རྩྭ་རྐོ་བ་སོགས་མི་ལས་དགུ་ལས་བྱས་པའི་དབང་གིས་མདོ་དབུས་མཐོ་སྒང་གི་རྩྭ་ས་ཞན་འགྱུར་དང་བྱེ་འགྱུར། ཐང་རྒོད། མྱ་ངམ་ཐང་དུ་འགྱུར་བཞིན་པའི་གོམ་འགྲོས་སྔར་ལས་ཇེ་མགྱོགས་རེད། མདོ་དབུས་མཐོ་སྒང་གི་རྩྭ་ཐང་གི་སྟོབས་བཅུད་ཤོར་བ་དང་ཉིན་རེ་བཞིན་ཉམས་ཞན་དུ་འགྱུར་བའི་རྒྱུ་རྐྱེན་གཙོ་བོ་གང་ཡིན་ཟེར་ན།གཅིག་ནི་མིའི་རིགས་ཀྱིས་འགོག་ཐབས་མེད་པའི་རང་བྱུང་ཁམས་ཀྱི་འགྱུར་ལྡོག་ལས་བྱུང་བའི་ཐན་པ་སོགས་དང༌། གཉིས་ནི་མིའི་རིགས་རང་ཉིད་ཀྱིས་གཏོར་རླག་བྱས་པ་དེ་ཡིན། བྱེ་བྲག་ཏུ་བརྗོད་ན།
དང་པོ་རང་བྱུང་གི་གནོད་པ་སྟེ། (1)མདོ་དབུས་མཐོ་སྒང་ནི་རྒྱ་མཚོ་ངོས་ལས་ཆ་སྙོམས་ཀྱིས་སྨི3000ནས5000ལས་མཐོ། ས་བབ་མཐོ་ཞིང་གྲང་ངར་ཆེ་ལ་དབྱང་དབུགས་སྲབ།བྱེ་རླུང་འཚུབ་ཅིང་དྲོད་ཚད་དམའ། ཉིན་མཚན་གྱི་དྲོ་གྲང་ལ་ཁྱད་པར་ཆེ་ཞིང་དུས་བཞིའི་འགྱུར་ལྡོག་མི་གསལ། ནམ་ཟླ་འཁྱགས་ཤིང་དབྱར་དུས་ཐུང༌།རྩྭ་ཡི་སྐྱེ་སྟོབས་ཞན་ཞིང་སྐྱེ་ཡུན་ཐུང་ལ་དལ། རྩྭ་རྩི་ཤིང་གི་ཚེ་སྲོག་གི་ཉག་ཕྲ་ཞིང་གཉོམ་པས་མེད་པར་གཏོང་སླ་ལ་ཡོད་པར་གཏོང་དཀའ། གཏོར་རླག་བྱེད་སླ་ལ་སླར་གསོ་བྱེད་དཀའ། (2)ཨ་བྲ་དང་བྱི་ལོང་སོགས་ཀྱིས་རྩྭ་ཐང་ལ་གནོད་པ་ཆེན་པོ་བཏང་བས་མདོ་དབུས་མཐོ་སྒང་གི་རྩྭ་ཐང་ལ་ནག་ཐིག་བཏོད་ཅིང་རྩྭ་ཐང་མང་པོ་ས་ནག་ཐང་དུ་གྱུར། མཚོ་སྔོན་ཞིང་ཆེན་ལ་མཚོན་ན་མིག་སྔར་ས་ནག་ཐང་དུ་གྱུར་པའི་རྩྭ་ས་མུའུ་ཁྲི5000ལྷག་ཡོད། དེའི་ནང་མུའུ་ཁྲི3000ལྷག་ཨ་བྲ་དང་བྱི་ལོང་གི་གནོད་པ་ལས་བྱུང་བ་ཡིན། ས་ནག་ཐང་དུ་གྱུར་པའི་རྩྭ་ས་མང་ཆེ་བ་རྨ་ཆུའི་མགོ་ཁུངས་དང་འབྲི་ཆུའི་སྟོད་རྒྱུད་ཡིན། གནས་ཚུལ་དེ་ཡང་འཁོར་སྐར་གྱིས་པར་བླངས་པའི་འདྲ་རིས་ལས་གསལ་བོར་མཐོང་ཐུབ། མདོ་དབུས་མཐོ་སྒང་གི་མུ་མཐའ་བྲལ་བའི་རྩྭ་ཐང་ལ་ཨ་བྲ་དང་བྱི་ལོང༌། ཨབ་ཅག་སོགས་ཀྱིས་གནོད་འཚེ་བཏང་བ་དང་ནང་སྒོས་སུ་ཨ་བྲའི་གནོད་པ་ཧ་ཅང་ཚབས་ཆེ། རྩྭ་ཐང་ས་འབུར་གྱིས་ཁེངས་ཤིང་ས་འབུར་དེ་དག་གིས་མཛེས་སྡུག་ཡིད་དུ་འོང་བའི་རྩྭ་ཐང་གི་ལྗང་མདོག་ཁྱུར་མིད་དུ་གཏོང་བཞིན་ཡོད། ཉེ་བའི་ལོ་འགའི་རིང་མཚོ་སྔོན་ཞིང་ཆེན་གྱི་རྩྭ་ས་མུའུ་དུང་ཕྱུར་གཅིག་ལྷག་ལ་ཨ་བྲ་དང་བྱི་ལོང་སོགས་ཀྱི་གནོད་པ་ཕོག ད་སྔ་མཚོ་སྔོན་ཞིང་ཆེན་རྨ་ལྷོ་ཁུལ་རྩེ་ཁོག་རྫོང་ནས་བསྡོམས་རྩིས་ལྟར་ན། རྩྭ་ས་མུའུ་གཅིག་གི་ཐོག་ཏུ་ཨ་བྲའི་ཁུང་བུ270ལྷག་དང་ཁུང་བུ་ཁ་ཤས་སུ་ཨ་བྲ་ཉི་ཤུ་ལྷག་ཡོད། མདོ་དབུས་མཐོ་སྒང་གི་རྩྭ་ཐང་ལ་གནོད་འཚེ་གཏོང་མཁན་ནི་ཨ་བྲ་དང་བྱི་ལོང་ཕུད་ད་དུང་འབུ་ཐོང་བ་དང་ཆ་ག་པ། འབུ་ནག་སོགས་ཡོད། ཁོ་ཚོ་དང་སྲོག་ཆགས་གཞན་དག་གིས་རྩྭ་མགོ་གཅོད་པ་དང་ཨ་བྲས་ཕྱོགས་གང་སར་ཁུང་བུ་འབྲུ་བ་དང༌། བྱི་ལོང་གིས་ས་འོག་ནས་རྩྭ་དང་གྲོ་མ་སོགས་ཀྱི་རྩད་པ་ཟོས་ཏེ་ས་སྟེང་ས་ནག་ཐང་དུ་བཏང༌། ཐ་ན་ཐང་བདེ་ས་ཕུད་རི་མགོ་རྫ་རྐེད་ཀྱང་ས་འབུར་གྱིས་བཀང་བའི་སྣང་ཚུལ་མཐོང་རྒྱུ་མང༌། དེ་ལས་གཞན་ས་ཆུ་ཤོར་བ་དང་རྩྭ་ཐང་བྱེ་མར་གྱུར་པ་ལས་རྩྭ་ཐང་ལ་གནོད་པ་ཚབས་ཆེན་ཕོག
གཉིས་པ་མིས་བཟོས་གནོད་སྐྱོན། གཅིག་ནི་གང་བྱུང་དུ་ས་རྒོད་བསློགས་པ། ཉེ་བའི་ལོ་དུ་མའི་རིང་མདོ་དབུས་མཐོ་སྒང་གི་རྩྭ་ཐང་མང་པོ་ས་རྒོད་བསློགས་པས་མཐོ་སྒང་གི་རྩྭ་སའི་སྐྱེ་ཁམས་ལ་གཏོར་རླག་ཚབས་ཆེན་བྱས་ཡོད། ནང་སྒོས་སུ་དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུ་བའི་ཚུན་ནས་ནམ་ཟླ་དྲོ་གྲང་འོས་འཚམ་དང་ཁོད་ཡངས་ཤིང་བདེ་སྙོམས་ཡིན་ལ་ལོ་ཏོག་འདེབས་པའི་ཆ་རྐྱེན་འཛོམས་ས་ཕལ་ཆེར་ས་རྒོད་བསློགས་ནས་ལོ་ཏོག་ཅི་རིགས་བཏབ། མཐའ་ཡས་པའི་རྩྭ་ཐང་ལ་འདྲུད་འཐེན་འཁོར་ལོ་དང་ལྕགས་གཤོལ་ཁ་མང་ཅན་གྱིས་བསློགས་པས་སྤང་ཁ་རྟིང་བསློགས་འོག་ནས་རྨོ་ཞིང་བྱས། རྨོ་ཞིང་དེ་དག་ལ་ལར་གྲོ་ནས་སྲན་གསུམ་སོགས་འབྲུ་རིགས་བཏབ་ཀྱང་རྩྭ་རྒོད་སྐྱེས་པ་ལས་ལོ་ཏོག་མི་སྐྱེ། ལ་ལ་བསློགས་ཚར་རྗེས་དེ་གར་བདག་མེད་དུ་སྐྱུར་བ་དང་ལོ་མང་པོའི་རིང་ལྡུམ་བུས་གང་བ་ལས་ཕྱུགས་རྩྭ་མི་སྐྱེ། སྐྱ