ཆུ་བོ་ལྕི་ཟླ་འབྲི་གསུམ་གྱི་ཁུངས་མདོར་གླེང་།
མདོ་ཁམས་མཐོ་སྒང་འཛིན་མའི་རྒྱལ་མཚན་རྩེར། །
སྤུག་གི་རྫ་དེའུ་ནོར་བུའི་མཛེས་ཏོག་ལས། །
འདོད་རྒུའི་རྒྱུན་འབབ་ལྕི་ཟླ་འབྲི་གསུམ་སོགས། །
གཙང་ཆེན་རྣམས་ཀྱི་བྱུང་ཁུངས་མདོ་ཙམ་གླེང་། །
དེ་ཡང་རབ་དཀར་གངས་རིའི་འདབ་ཕྲེང་གིས་མཛེས་པར་བསྐོར་བ་བསིལ་ལྡན་བོད་ཆེན་པོའི་ལྗོངས་འདིར། འཛམ་གླིང་དགོས་འདོད་བྱེ་བའི་འབྱུང་ཁུངས་མཚོ་མ་དྲོས་པའི་ཕྱོགས་བཞི་ལས་ཁ་འབབ་ཀྱི་ཆུ་བོ་ཆེན་པོ་བཞིས་རིན་པོ་ཆེ་སྣ་བཞི་ཕྱོགས་བཞི་ཐ་དད་དུ་འདྲེན་ཅིང་འབབ་པས། ཁ་འབབ་རང་རང་གི་རྟེན་འབྲེལ་གྱི་བྱེད་ལས་དང་མཐུན་པར། གང་དུ་འབབ་པའི་ཡུལ་གནས་ཐམས་ཅད་དུ་སོ་སོའི་ཡོན་ཏན་གྱི་དཔལ་ཡོན་དུ་མས་བྱིན་ཆགས་པར་གྱུར་པ་དང་ཆོས་མཚུངས་པར། མདོ་ཁམས་སྒང་དྲུག་ཏུ་གྲགས་པའི་ཡུལ་ལྗོངས་འདིར་ཡང་དགོས་འདོད་ཡོན་ཏན་དུ་མའི་འབྱུང་ཁུངས་སུ་གྱུར་པ་མདོ་ཁམས་ཆུ་བོ་ཆེན་པོ་བཞི་ཞེས་ཡོངས་སུ་གྲགས་པ་ལས། འདིར་ཆུ་བོ་དེ་དག་གི་མིང་དང་ཁུངས་ལ་སྤྱིས་དཔྱད་པ། བྱེ་བྲག་ཏུ་ཆུ་བོ་ལྕི་ཟླ་འབྲི་གསུམ་གྱི་གྲོལ་ཕུགས་དངོས་གང་ལ་ཐུག་པའི་ཁུངས་དང་འབབ་པའི་འགྲོས་སོགས། གདོད་ནས་གྲུབ་པའི་བཀོད་པ་ཇི་བཞིན་མ་བཅོས་དྲང་གསལ་དུ་བརྗོད་པར་སྤྲོའོ། །
དེ་ལ་ཐོག་མར་མདོ་ཁམས་གཙང་ཆེན་བཞི་ནི། འབྲི་ཆུ་ཕྱུག་མོ། རྨ་ཆུ་ཁམ་པ། རྒྱལ་མོ་རྔུལ་ཆུའམ་ཡང་ན་ཆུ་བོ་གསེར་ལྡན་ཏེ་འབྲི་ཆུ་ཕྱུག་མོ། མཚལ་ལྡན་ཏེ་རྨ་ཆུ་ཁམ་པ། དངུལ་ལྡན་ཏེ་རྒྱལ་མོ་རྔུལ་ཆུ། གཡུ་ལྡན་ཏེ་ཟླ་ཆུ་སྔོན་མོ་བཞིན་ངོས་འཛིན་པ་ཤས་ཆེ་ལ། སྒང་དྲུག་གི་ཆོད་མཚམས་ལྟ་བུའི་ཐ་སྙད་ཡོད་པ་སོགས་ཀྱིས་དེ་ལྟར་གྲགས་ཆེ་བར་མངོན་ནོ། ། འོན་ཀྱང་སྒང་དྲུག་ཅེས་པའི་དོན་དང་ཐ་སྙད་ཁོ་ནར་མ་ངེས་པར། སྔ་མའི་དུས་མདོ་ཁམས་སྒང་གསུམ་དུའང་གྲགས་ཆེ་སྟེ། བསྟན་བཅོས་མིའུ་འདྲ་ཆགས་ལས། སྨད་ཀྱི་མདོ་ཁམས་སྒང་གསུམ་ཞིང་དང་འདྲ། བྱང་གི་ལ་དགུ་སྒང་དང་གཅིག ལྷོ་སྐྱེ་བ་ཤིང་གི་སྒང་དང་གཉིས། ནུབ་མོན་པ་ལྕགས་ཀྱི་སྒང་དང་གསུམ། ཞེས་དང་། བཤད་མཛོད་ཡིད་བཞིན་ནོར་བུ་ལས། ཚ་བ་སྒང་དང་མར་སྒང་པུན་མོ་སྒང་། ཞེས་སོགས་བཤད་པའི་ངོས་འཛིན་ཡང་། མདོ་སྨད་ཆོས་འབྱུང་ལས། ཡང་སྒང་གསུམ་ལ་བྱེད་ཚེ། མདོ་ཁམས་ལ་སྨར་ཁམས་བཏགས་པ་ཁམས་གཅིག མདོ་སྨད་ལ་གཡེར་མོ་ཐང་བཏགས་པ་ཁམས་གཅིག ཙོང་ཁ་ལ་ཇི་ཐང་བཏགས་པ་ཁམས་གཅིག་ཅེས་སྒང་གསུམ་དུ་བཞེད། སྒང་དྲུག་ལ་ཡང་རྔུལ་ཟླ་བྱིས་མོ་སྒང་། འབྲི་ཟླ་ཟལ་མོ་སྒང་། རྨ་རྫ་བྱེ་མའི་སྒང་། སྤོ་འབོར་སྒང་། མེ་ཉག་རབ་སྒང་། སྨར་ཁམས་ཁོ་ལ་སྒང་སྟེ་སྒང་དྲུག་ཅེས་ངོས་འཛིན་ཚུལ་གཅིག་དང་། ཁ་གཅིག་གིས། ཚ་བ་སྒང་། དབྲ་བ་སྒང་། ཤར་ཟླ་སྒང་། ཤར་སྨད་བླ་སྒང་། ལྷོ་ཟླ་སྒང་། ཟལ་མོ་སྒང་སོགས་བཤད་སྲོལ་འདྲ་མིན་མཆིས། དེས་ན་ཆུ་བཞི་སྒང་དྲུག་ཅེས་པ་ཡང་། སྒང་དྲུག་གི་བར་དུ་ཆུ་བཞི་འབབ་པ་ཡིན་མོད། ཆུ་བཞིའི་བར་དུ་སྒང་དྲུག་ཆུད་པ་ལྟ་བུ་ཞིག་ནི་མ་ཡིན་པར་མངོན་ལ། གཙང་ཆེན་གཉིས་གཉིས་ཀྱིས་ཆོད་པའི་མཚན་གཞི་ཆགས་པ་དཔེར་མཚོན་ན། རྔུ་ཆུ་དང་ཟླ་ཆུ་གཉིས་ཀྱི་ཆོད་པའི་བར་སྒང་ལ་འབྲི་ཟླ་ཟལ་མོ་སྒང་དང་། ལྷོ་སྨད་ཚ་བ་སྒང་། སྨར་ཁམས་ཁོ་ལ་སྒང་། མེ་ཉག་ར་བ་སྒང་སྟེ་གསུམ་ནི་ཆུ་བོས་ཆོད་མཚམས་ཀྱི་ཐ་སྙད་མེད་པ་སྨད་ཀྱི་སྒང་གསུམ་ལྟ་བུར་ཆགས་ཡོད་པར་མངོན། གཞན་དུ་ཡུལ་ཕྱོགས་རང་རང་གིས་གནས་དང་ཆུ་བོ་གྲགས་ཅན་གྱི་མིང་ནས་དྲས་པའི་ཆུ་བཞི་དང་སྒང་དྲུག་གི་ངོས་འཛིན་ཅི་རིགས་མཆིས་པ་དཔེར་མཚོན་ན། མདོ་ཁམས་ཤར་ཤུབ་ཀྱི་རྫ་ཆུ་གཉིས་ཆུ་བཞིའི་གྲས་སུ་ཡུལ་གནས་དབང་གིས་སོ་སོར་བགྲང་སྲོལ་ཅུང་ཟད་མི་འདྲ་བ་ལྟ་བུ་སོགས་ཡོད་ཀྱང་། རྨ་འབྲི་དང་རྔུལ་ཟླ་སྟེ་ཡོངས་གྲགས་ཀྱི་མདོ་ཁམས་ཆུ་བཞིའི་གྲས་ཀྱི་ཟླ་ཆུ་ནི་དེང་དུས་གཙང་གསུམ་ཞེས་པའི་ནང་གི་རྫ་ཆུ་འདི་ཉིད་ཡིན་ལ། འདི་ནི་ཆུ་བཞི་དང་གཙང་གསུམ་ཙམ་དུ་མ་ཟད། འཛམ་གླིང་ཆུ་ཆེན་གསུམ་གྱི་ནང་ཚན་གཅིག་ཡིན་པས་གྲགས་ཆེའོ། །
དེ་ལྟ་མདོ་ཁམས་ཆུ་བཞིའི་མགོ་ཁུངས་ཀྱི་ངོས་འཛིན་དེང་སང་གི་བཤད་སྲོལ་སྤྱིར་སྟངས་ལྟར་ན། ཐོག་མར་འབྲི་ཆུ་ནི། རང་རེའི་རྒྱལ་ཁབ་ཀྱི་ནང་ཁུལ་དུ་འབབ་པའི་ཆུ་བོ་ཆེན་པོ་ཨང་དང་པོ་དང་། འཛམ་གླིང་ན་སྐད་གྲགས་ཆེ་བའི་ཆུ་བོ་ཞིག་ཀྱང་ཡིན། གཙང་ཆེན་འདིའི་ཆུ་མགོ་ནས་ཆུ་གཞུག་ཤར་