༄༅།།སྨར་ཁོག་ནགས་ཁུལ་དུ་རི་སྐྱེས་སྲོག་ཆགས་རིགས25ལྷག་ཤེས་རྟོགས་བྱུང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:ཀྲུང་གོ་བོད་ཀྱི་དྲ་བ།
དུས་ཚོད།:2021-01-29
ཀློག་གྲངས།:
མིག་སྔར། མཚོ་སྔོན་ཞིང་ཆེན་སྨར་ཁོག་ནགས་ལས་ཅུའུ་ཡིས་ཀྲུང་གོའི་ཚན་རིག་གླིང་ནུབ་བྱང་མཐོ་སྒང་སྐྱེ་དངོས་ཞིབ་འཇུག་གླིང་དང་། མཚོ་སྔོན་དགེ་འོས་སློབ་ཆེན་དང་ཟི་ལིང་རི་སྐྱེས་སྲོག་ཆགས་གླིང་གའི་འབྲེལ་ཡོད་ཆེད་མཁས་པ་རྩ་འཛུགས་བྱས་ཏེ། སྨར་ཁོག་ནགས་ཁུལ་གྱི་སྟོངས་ལ་ཉེ་བའི་རི་སྐྱེས་སྲོག་ཆགས་ཀྱི་འགུལ་རྣམ་ལ་བརྟག་དཔྱད་ཚད་ལེན་དང་སྲུང་སྐྱོང་ལས་གཞི་ལ་ཕྱོགས་བསྡུས་གྲོས་ཞིབ་བྱས་པ་མ་ཟད་ཞིབ་བཤེར་རྩིས་ལེན་ལ་གྲོས་འཆམ་བྱུང་། ཐེངས་འདིའི་ཞིབ་བཤེར་རྩིས་ལེན་ལ་སྨར་ཁོག་ནགས་ཁུལ་གྱི་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་ཐོག་མར་མ་ལག་རང་བཞིན་གྱི་ཞིབ་བཤེར་དང་བརྟག་དཔྱད་བྱས་པ་རེད།
དུས་སྐབས་སྔོན་མར་ཞིབ་བཤེར་བྱས་པ་ལྟར་ན། ནགས་ཁུལ་གྱི་ས་བབ་མཐོ་ཚད་ཀྱི་ཁྱད་པར་ལྟར་རི་དྭགས་འཚོ་གནས་དང་། ཆུ་འཐུང་གནས། བརྒྱུད་ལམ་སོགས་ཀྱི་གཙོ་གནད་ས་ཁུལ་དུ་དམར་ཕྱིའི་པར་ཆས400བཙུགས་ནས་རི་སྐྱེས་སྲོག་ཆགས་ཀྱི་རིགས25པར་དུ་བླངས་པ་དང་། དེའི་ནང་གསའ་དང་། གླ། གླག་སོགས་རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་རིགས7དང་། གཡི། ཨོག་དཀར། ཤ་རྒྱ་སོགས་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་གཙོ་གནད་སྲུང་སྐྱོང་རི་དྭགས་རིགས18འདུས་ཡོད། དུས་མཚུངས་སུ་མཉམ་ལས་ལས་ཁུངས་ཀྱིས་ཀྲུང་གོའི་ཚད་འཇལ་སློབ་ཆེན་གྱི་ཆེད་ལས་པར་ལེན་རུ་ཁག་རྩ་འཛུགས་བྱས་ནས་ནགས་ཁུལ་དང་སྐམ་མཚོ་གཉིས་འཚོའི་རིགས་ཀྱི་སྲོག་ཆགས་ལ་ལོ་གཉིས་རིང་རྗེས་འདེད་པར་ལེན་དང་། དེ་བཞིན་ཁྱུ་ཚོགས་ལ་བརྟག་དཔྱད་བྱས་པ་བརྒྱུད། རྩ་ཆེའི་སྟོངས་ལ་ཉེ་བའི་རི་དྭགས་ཀྱི་རིགས་དང་། གྲངས་འབོར། ཁྱབ་ཚུལ། འགུལ་སྐྱོད་ཆོས་ཉིད་བཅས་གཞི་རྩའི་ཆ་ནས་ཁོང་དུ་ཆུད་པ་དང་། སྨར་ཁོག་ནགས་ཁུལ་གྱི་རི་དྭགས་ཀྱི་རྩ་བའི་ཐོན་ཁུངས་ཤེས་རྟོགས་བྱུང་ནས། མ་འོངས་པར་ཐོན་ཁུངས་སྲུང་སྐྱོང་དང་འཛུགས་སྐྲུན་ལས་དོན་ལ་བློ་གཏད་ཆོག་པའི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
སྨར་ཁོག་ནགས་ཁུལ་ནི་མཚོ་སྔོན་གྱི་འབྲི་ཆུ་འབབ་རྒྱུད་ཀྱི་རྒྱལ་མོ་རྔུལ་ཆུའི་འགོ་ཁུངས་ཀྱི་རྒྱ་ཁྱོན་ཆེས་ཆེ་བ་དང་། ཁྱབ་སྟངས་ཆེས་གཅིག་བསྡུ་ཡིན་པ། ས་བབ་ཆེས་མཐོ་བའི་རང་བྱུང་གི་གདོད་མའི་ནགས་ཁུལ་ཞིག་ཡིན། ནགས་ཁུལ་དུ་རྒྱལ་ཁབ་རིམ་པའི་སྲུང་སྐྱོང་རི་སྐྱེས་སྲོག་ཆགས་ཁྱབ་སྟངས་ཅུང་རྒྱ་ཆེ་ལ་རིགས་ཅུང་མང་བས། རྒྱལ་ཡོངས་ཀྱི་གཙོ་ནུས་ཁུལ་གྱི་འཆར་འགོད་ཁྲོད་རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ18ནང་གི་སྲུང་སྐྱོང་ཁུལ་གཅིག་ཡིན་པ་གཏན་འཁེལ་བྱས་ཡོད། །
འབྲེལ་ཡོད་འོས་སྦྱོར།