༄༅།།གཙོད་ཁྱུ་གནས་སྤོ་བའི་གསང་བ།
རྩོམ་པ་པོ།:མི་གསལ།
ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།
དུས་ཚོད།:2021-04-28
ཀློག་གྲངས།:
གཙོད་གནས་མཚོ་ཡི་ཕྱོགས་སུ་སྐྱོད་པའི་གཙོད་ཁྱུ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
ཉེ་ཆར། གཙོད་ཁྱུ་མང་པོ་ཨ་ཆེན་གངས་རྒྱབ་ཀྱི་སྨུག་པ་ལ་སྒང་ཕྱོགས་སུ་འདུས་ནས་གནས་སྤོ་བའི་ལམ་དུ་ཞུགས་ཡོད།རི་དྭགས་གཙོད་ནི་རང་རྒྱལ་གྱི་རིམ་པ་དང་པོའི་སྲུང་སྐྱོབ་སྲོག་ཆགས་ཡིན་ཞིང་། འཚོ་གནས་ས་ཆ་ནི་ས་བབ་ཀྱི་མཐོ་ཚད་ལ་སྨི3700ནས5500ཡོད་པའི་མདོ་དབུས་མཐོ་སྒང(མཚོ་སྔོན་དང་བོད་ལྗོངས། ཞིན་ཅང་བཅས་འདུས།)ཡིན་སྟབས། མིང་ལ་མཐོ་སྒང་གི་བླ་སྲོག་ཅེས་ཀྱང་ཟེར། མིའི་བློ་ཡུལ་ལས་དཔག་དཀའ་བ་ཞིག་ལ། གཙོད་ནི་ལོ་རེ་ལ་གནས་སྤོ་ཐེངས་རེ་བྱེད་པ་དང་། གནས་སྤོ་བྱ་ཡུལ་ནས་ཕལ་ཆེར་ཉིན་བཅུ་ཕྲག་འགའ་ལ་བསྡད་རྗེས། ཡང་བསྐྱར་སྔར་གྱི་གནས་སྤོ་ལམ་ཐིག་བརྒྱུད་ནས་ཕྱིར་ལོག་པ་རེད།
གཙོད་གནས་མཚོ་ཡི་ཕྱོགས་སུ་སྐྱོད་པའི་གཙོད་ཁྱུ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
གཙོད་ཀྱི་གནས་སྤོ་དང་ཧྥེ་གླིང་གི་རྟ་མ་ནོར(非洲角马)གྱི་གནས་སྤོ། བྱང་སྣེའི་ཤྭ་བ(北极驯鹿)ཡི་གནས་སྤོ་བཅས་ནི་འཛམ་གླིང་གི་ཆེས་རྔམ་བརྗིད་ལྡན་པའི་རྨིག་ཐོགས་སྲོག་ཆགས་གསུམ་གྱི་གནས་སྤོ་ཆེན་མོ་ཡིན། ཡིན་ནའང་། ཚན་རིག་པས་ཞིབ་འཇུག་བྱས་ན། དེ་གསུམ་ལ་མི་འདྲ་ས་ཆེན་པོ་ཡོད་པ་རེད། ཧྥེ་གླིང་གི་རྟ་མ་ནོར་དང་བྱང་སྣེའི་ཤྭ་བ་གཉིས་ཀྱི་གནས་སྤོ་ནི་བཟའ་མི་ཡོངས་ཀྱི་གནས་སྤོ་ཡིན་ལ། དེ་ནི་འཚོ་གནས་ལ་འཚམ་པའི་ཁོར་ཡུག་བཟང་པོ་ཞིག་འཚོལ་རྒྱུའི་ཆེད་ཡིན་པ་དང་། གཙོད་ཀྱི་གནས་སྤོ་ནི་གཙོད་ཕྲུག་རྩེབ་པའི་དོན་ཁོ་ནར་ཡིན་པ་རེད།
ཧྥེ་གླིང་གི་རྟ་མ་ནོར(གཡོན།)དང་བྱང་སྣེའི་ཤྭ་བ།(གཡས།) པར་རིས་པའེ་ཏུའུ་པའེ་ཁོ་ལས་དྲངས།
གཙོད་མ་རྣམས་ས་ཐག་རིང་པོ་ནས་གནས་སྤོ་བྱ་ཡུལ་དུ་ཡོང་ནས་གཙོད་ཕྲུག་རྩེབ་པ་དང་། འདུག་ཡུན་ཉིན་བཅུ་ཙམ་ལས་མི་བརྒལ་བ་རེད། གཙོད་ཕྲུག་རྩེབ་ཡུན་ནི་སྐར་མ40ཙམ་ཡིན་ཞིང་། གཙོད་ཕྲུག་གི་མགོ་ཕྱིར་ཐོན་པ་ན། གཙོད་མ་ཡར་མར་འགུལ་ཙམ་བྱས་ཏེ་གཙོད་ཕྲུག་བདེ་བླག་ངང་རྩེབ་པར་བྱེད་ཅིང་། གཙོད་ཕྲུག་གི་ལུས་ཡོངས་ཕྱིར་ཐོན་པའི་སྐབས། ཡང་བསྐྱར་ས་ལ་ཉལ་ནས་གཙོད་ཕྲུག་བདེ་འཇགས་ངང་མར་ལྷུང་དུ་འཇུག་པར་བྱེད་པ་རེད། གཙོད་ཕྲུག་ཀྱང་རྩེབས་རྗེས་ཀྱི་སྐར་མ30ཙམ་གྱི་ནང་ལ། འདར་འདར་ངང་ཡར་ལངས་པ་དང་། རིམ་པར་དལ་གྱིས་རྒྱུག་པ་རེད། དུས་ཡུན་དེའི་ནང་ལ། གཙོད་མ་ནི་གཙོད་ཕྲུག་གི་ཉེ་ལོགས་ནས་འདུག་པ་དང་། གཙོད་ཕྲུག་རྩེབས་པའི་རྗེས་ལ། གཙོད་མ་རེའི་རྗེས་ན་གཙོད་ཕྲུག་རེ་ཡོད་པ་རེད།
ཟླ་བདུན་པའི་དུས་ཀྱི་གཙོད་གནས་མཚོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
གཙོད་ནི་ལོ་རེའི་ཟླ12པར་རྒྱུད་སྤེལ་བྱེད་ལ། ལོ་རྗེས་མའི་ཟླ་5པ་ནས་བཟུང་། གཙོད་ཕྲུག་ཡོད་པའི་གཙོད་མ་རྣམས་བསྟུད་མར་ལེ་དབར་བརྒྱ་ཕྲག་གམ་སྟོང་ཕྲག་ཙམ་ཡོད་པའི་གཙོད་ཕྲུག་རྩེབ་ཡུལ་ཏེ་གཙོད་གནས་མཚོ(卓乃湖)དང་མཚོ་མོ་གུ་གུ་ཤལ(可可西里湖)སོགས་སུ་བསྐྱོད་དེ་གཙོད་ཕྲུག་རྩེབ་པ་དང་། དེ་ནས་ཟླ7པའི་སྐབས་གཙོད་ཕྲུག་རྣམས་ཁྲིད་ནས་ཕྱིར་འཚོ་གནས་ས་ཆར་ལོག་པ་རེད།
གཙོད་ཁྱུ་རྗེས་ཀྱི་ཝ་མོ། པར་རིས་ཞིན་ཧྭ་དྲ་བ་ལས་དྲངས།
གཙོད་མ་རྣམས་ཅིའི་ཕྱིར་སྨུག་པ་ལ་སྒང་ཕྱོགས་སུ་འདུས་པ་དང་། དེ་ནས་རི་ལུང་མང་པོ་བརྒལ་ཏེ་ཨ་ཆེན་གངས་རྒྱབ་དང་ཁུ་ནུ་རི་རྒྱུད་བར་གྱི་གཙོད་གནས་མཚོ་སོགས་སུ་ཡོང་ནས་གཙོད་ཕྲུག་རྩེབ་དོན་ཅི་ཡིན་ནམ་ཞེ་ན། གཙོད་ཀྱི་གནས་སྤོ་སྣང་ཚུལ་འདི་ལ་དུས་ད་ལྟར་ཡང་རྒྱུ་མཚན་གནད་ལ་ཁེལ་བ་ཞིག་མེད། སྲོག་ཆགས་རིག་པའི་སྡེ་ནས་བཤད་ཚུལ་མི་འདྲ་བ་འགའ་བཏོན་ཡོད། གཅིག གཞི་རྒྱུ་སྨྲ་བ་ལྟར་ན། གང་ལ་འཚམ་པ་དེ་ཉིད་གསོན་པ་ཡིན་ཞེས་པ་ནང་བཞིན། གནས་སྤོ་ཆེན་མོ་འདི་བརྒྱུད་ནས་རྒས་ཁོག་སྐྱོན་ཅན་གྱི་རིགས་མེད་པར་བྱེད་པ་དང་། ཐ་མར་གསོན་ཡོད་པ་རྣམས་ནི་ཆེས་ལེགས་པ་དང་བཟང་བོ་ཡིན་པས། རིགས་རྒྱུད་སྤེལ་བ་དང་གཞི་རྒྱུ་བརྒྱུད་སྤེལ་བྱེད་པ་ལ་ཕན། ད་དུང་། གཙོད་ཕྲུག་མཉམ་དུ་རྩེབས་རྗེས། རིགས་རྒྱུད་གཞན་དང་མཉམ་འདྲེས་བྱེད་ཆོག་ལ། དེ་ལྟར་བྱས་ན་གཞི་རྒྱུ་ཕན་ཚུན་བར་གྱི་སྤེལ་རེས་ལ་ཕན་པར་མ་ཟད། རིགས་རྒྱུད་ཀྱི་རྒྱུད་འཛིན་སྣ་མང་ཅན་དུའང་གཏོང་ཐུབ་པར་འདོད་པ་རེད།
གཉིས། གནམ་གཤིས་སྨྲ་བ་ལྟར་ན། འཚོ་གནས་ས་ཆ་དང་བསྡུར་ན། གཙོད་ཕྲུག་རྩེབ་ཡུལ་གྱི་ས་བབ་ཅུང་དམའ་ཞིང་གནམ་གཤིས་ཁོར་ཡུག་ཅུང་ལེགས་པ་རེད། གཙོད་མ་ཡིས་ཁོར་ཡུག་བཟང་བའི་ས་ཆ་ཞིག་ནས་གཙོད་ཕྲུག་རྩེབ་པའི་ཆེད་དུ་ཡིན་པར་འདོད་པ་རེད། ཡིན་ནའང་། ཡུལ་དངོས་ནས་ལྟ་ཞིབ་ཚད་འཇལ་བྱས་ན། གཙོད་གནས་མཚོ་ལྟ་བུའི་གཙོད་ཕྲུག་རྩེབ་ཡུལ་གྱི་ཟླ་6པ་དང་7པའི་དུས་ཀྱི་གནམ་གཤིས་ཁོར་ཡུག་དང་འཚོ་གནས་ས་ཆའི་གནས་ཚུལ་གཉིས་བསྡུར་ན། བཟང་ཆ་མངོན་གསལ་མེད་པ་རེད།
གསུམ། ཁ་ཟས་སྨྲ་བ་ལྟར་ན། གཙོད་ཕྲུག་རྩེབ་ཡུལ་གྱི་རྩྭ་ཆུ་འཛོམས་པོ་ཡིན་སྟབས། གཙོད་མ་ཡིས་གཙོད་ཕྲུག་རྩེབ་པ་དང་གཙོད་ཕྲུག་འཚར་ལོངས་འབྱུང་བ་ལ་ཕན་པ་ཡོད་ཅེས་བཤད་མྱོང་། ཡིན་ནའང་། ཚན་རིག་པས་ཡུལ་དངོས་བརྟག་དཔྱད་བྱས་ན། གཙོད་གནས་མཚོ་ཡི་འགྲམ་དུ་རྩྭ་མང་པོ་མེད་པར་མ་ཟད། ད་དུང་དེའི་ཉེ་འཁོར་དུའང་སྐྱེ་དངོས་ཧ་ཅང་ཉུང་བས། རྩྭ་འཛོམས་པོ་མེད་པ་རེད། དེའི་རྗེས་ལ། གཙོད་གནས་སྤོ་བྱེད་པ་ནི་གཙོད་གནས་མཚོ་སོགས་ས་ཆའི་ཆུ་ལ་འབྲེལ་བ་ཡོད་པ་དང་། དེའི་ཆུ་ཡིས་གཙོད་ཕྲུག་རྩེབ་པར་ཕན་པ་ཡོད་ཅེས་བཤད་པ་རེད། ཡིན་ནའང་། ཚན་རིག་པས་བརྟག་དཔྱད་བྱས་ན། ཨ་ཆེན་གངས་རྒྱབ་ཀྱི་ཆུ་ཡི་ནང་དུ་དམིགས་བསལ་གྱི་དངོས་པོ་ཅི་ཡང་མེད་པ་རེད།
བཞི། གཉེན་པོ་སྨྲ་བ་ལྟར་ན། གཙོད་ཕྲུག་རྩེབ་ཡུལ་དུ་གཙོད་ཀྱི་གཉེན་པོའི་ཁ་གྲངས་ཉུང་སྟབས། གཙོད་ཕྲུག་རྩེབ་པར་ཕན་ཞེས་འདོད་པ་རེད། ཡིན་ནའང་། རྗེས་ཀྱི་ཞིབ་འཇུག་བྱས་པ་ལྟར་ན། སྤྱང་ཀི་དང་དྲེད་མོང་སོགས་ཀྱི་གཉེན་པོ་རྣམས་གནས་སྤོ་བྱེད་པའི་གཙོད་ཁྱུའི་རྗེས་ལ་དེད་ནས་ཁ་ཟས་འཚོ་བཞིན་ཡོད་སྟབས། གཙོད་ཕྲུག་རྩེབ་ཡུལ་དུའང་བདེ་འཇགས་མིན་པ་རེད།
འབྲེལ་ཡོད་འོས་སྦྱོར།