logo

ཀྲུང་གོའི་བརླན་ས་དང་པོ་སྟེ། མཚོ་སྔོན་གྱི་བརླན་ས།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2022-11-11 ཀློག་གྲངས།:
        མཚོ་སྔོན་ནི་མདོ་དབུས་མཐོ་སྒང་གི་ལྟེ་བ་ན་ཡོད་ཅིང་། རྨ་ཆུ་དང་འབྲི་ཆུ། རྫ་ཆུ་གསུམ་གྱི་མགོ་ཁུངས་ས་ཆ་ཡིན་སྟབས། “ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཅེས་འབོད་བཞིན་ཡོད་པ་དང་། རང་རྒྱལ་གྱི་སྐྱེ་ཁམས་བདེ་འཇགས་འཐབ་ཇུས་ནང་དུ་དམིགས་བསལ་གོ་གནས་བཟུང་ཡོད་པས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་ཡོལ་གྱི་གྲུབ་ཆ་གལ་ཆེན་ཞིག་ཡིན།
        མཚོ་སྔོན་གྱི་བརླན་སའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི510.12ཡོད་པ་དང་། དེ་ཡིས་རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་ལས21.86%ཟིན་ཞིང་། དེ་རུ་ནགས་ཚལ་ན་འདམ་དང་ན་འདམ་རྩྭ་ས། སྐམ་སའི་གྲམ་ཐང་། ན་འདམ་བཅས་རིགས་བཞི་ཡོད། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་། བརླན་ས་ལ་སྲུང་སྐྱོབ་བྱས་ཚད64.32%ཟིན་ཡོད་པས། མཚོ་སྔོན་གྱི་བརླན་ས་ནི་འཛམ་གླིང་ལ་ཤུགས་རྐྱེན་ཐེབས་ཚད་ཆེས་ཆེ་བའི་སྐྱེ་ཁམས་སྙོམ་སྦྱོར་ཁུལ་ཞིག་ཏུ་གྱུར་ཡོད།
        མཚོ་སྔོན་གྱི་བརླན་ས་ལ་ཁྱད་ཆོས་འབུར་དུ་ཐོན་པ་བཞི་ཡོད་དེ། གཅིག་ནི“ཆེ་བ”སྟེ། མཚོ་སྔོན་གྱི་དམིགས་བསལ་སྐྱེ་ཁམས་ཁོར་ཡུག་གིས་འཛམ་གླིང་ཐོག་གི་མཚོ་འཕགས་མཐོ་བའི་ཁུལ་གྱི་གཞི་རྒྱ་ཆེ་བའི་བརླན་སའི་སྐྱེ་ཁམས་མ་ལག་ཅིག་གྲུབ་ཡོད། གཉིས་ནི“མང་བ”སྟེ། མཚོ་སྔོན་གྱི་བརླན་ས་ནི་འཛམ་གླིང་གི་མཚོ་འཕགས་མཐོ་བའི་ས་ཁུལ་གྱི་སྐྱེ་དངོས་སྣ་མང་རང་བཞིན་དང་རིགས་རྒྱུད་སྣ་མང་རང་བཞིན། གཞི་རྒྱུ་སྣ་མང་རང་བཞིན། རྒྱུད་འཛིན་སྣ་མང་རང་བཞིན་བཅས་ཆེས་གཅིག་བསྡུས་ཀྱི་ས་ཁུལ་ཞིག་ཡིན། གསུམ་ནི“མཐོ་བ”སྟེ། མཚོ་སྔོན་གྱི་བརླན་ས་ནི་མཐོ་གྲང་སྐྱེ་དངོས་ཀྱི་རང་བྱུང་རིགས་རྒྱུད་ཀྱི་ཐོན་ཁུངས་མཛོད་ཅིག་ཡིན་ཞིང་། དེ་ཡིས་རྒྱལ་ཁབ་དང་ཐ་ན་སའི་གོ་ལའི་ཕྱེད་བྱང་མའི་སྐྱེ་ཁམས་བདེ་འཇགས་ཀྱི་འགན་འཁྲི་རླབས་ཆེན་ཁུར་ཡོད། བཞི་ནི“གལ་ཆེ་བ”སྟེ། མཚོ་སྔོན་གྱི་བརླན་སའི་གོ་གནས་གལ་ཆེ་ཞིང་དམིགས་བསལ་ཡིན་པ་དང་། དེ་ནི“ཀྲུང་ཧྭའི་ཆུ་གསོག་མཐོ་ལྕོག”ཡིན་པའི་ཆ་ནས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་དང་ཡུན་རིང་འཕེལ་རྒྱས་ལ་འབྲེལ་བ་དམ་པོ་ཡོད།
        ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ནས་བཟུང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་མགོ་ཁྲིད་སྲ་བརྟན་བྱས་པའི་འོག སྔ་གཞུག་ཏུ«མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་སྲུང་སྐྱོབ་སྲོལ་ཡིག»དང«བརླན་སའི་སྲུང་སྐྱོབ་དང་ཞིག་གསོའི་ཇུས་གཞི་ལག་བསྟར་དོན་འཁྱོལ་སྐོར་གྱི་བསམ་འཆར» «མཚོ་སྔོན་ཞིང་ཆེན་གྱི་བརླན་སའི་ས་མིང་དོ་དམ་བྱེད་ཐབས» «མཚོ་སྔོན་ཞིང་ཆེན་གྱི་གལ་ཆེའི་བརླན་ས་བཟུང་སྤྱོད་ཀྱི་དོ་དམ་བྱེད་ཐབས»(ཚོད་ལྟའི་ལག་བསྟར་བྱེད་པ)སོགས་འགྲེམས་སྤེལ་བྱས་ཡོད།
        མཚོ་སྔོན་དུ་ད་སྐབས་རྒྱལ་སྤྱིའི་བརླན་ས་གལ་ཆེན་གསུམ་སྟེ་མཚོ་སྔོན་པོའི་མཚེར་བ་རི་དང་མཚོ་སྐྱ་རེངས། མཚོ་སྔོ་རེངས་བཅས་ཡོད་ཅིང་། ཁ་ཆད་ལག་བསྟར་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི18.4ཡིན། བརླན་སའི་རྣམ་པ་ཡི་རང་བྱུང་སྲུང་སྐྱོབ་ཁུལ8ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི2126ཡོད་པ་དང་། རྒྱལ་ཁབ་བརླན་སའི་སྤྱི་གླིང19ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི32.5ཡོད་པ། ཞིང་ཆེན་རིམ་པའི་བརླན་ས་གལ་ཆེན32ཡོད་ཅིང་། སྤྱིའི་རྒྱ་ཁྱོན་ལ་སྤྱི་ཆིང་ཁྲི215ཡོད།
        མཚོ་སྔོན་པོའི་མཚེར་བ་རི་ནི1992ལོར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཐོ་རུ་ཚུད་ཅིང་། ཁ་ཆད་ལག་བསྟར་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི5.36ཡིན་པ་དང་། དེ་ནི་ཨེ་ཤ་ཡ་དབུས་ནས་རྒྱ་གར་དང་ཨེ་ཤ་ཡ་ཤར་ནས་ཨོ་སི་ཁྲུ་ལི་ཡའི་བར་གྱི་རྒྱལ་སྤྱིའི་ཆུ་བྱ་གནས་སྤོ་ཡི་འབྲེལ་ཚིགས་གཙོ་བོ་དང་མདོ་དབུས་མཐོ་སྒང་གི་ཆུ་བྱའི་དགུན་སྒྲོལ་ས་ཆ་གལ་ཆེན་ཞིག་ཡིན།
        མཚོ་སྔོ་རེངས་ནི2005ལོར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཐོ་རུ་ཚུད་ཅིང་། ཁ་ཆད་ལག་བསྟར་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི6.59ཡིན་པ་དང་། དེ་རུ་བྱ་རིགས་མང་བོ་ཡོད་ཅིང་། གཙོ་བོ་ནི་ཁྲུང་ཁྲུང་དང་སོ་བྱ། ཆུ་སྐྱར་སོགས་ཡིན།
        མཚོ་སྐྱ་རེངས་ནི2005ལོར་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་མིང་ཐོ་རུ་ཚུད་ཅིང་། ཁ་ཆད་ལག་བསྟར་གྱི་རྒྱ་ཁྱོན་སྤྱི་ཆིང་ཁྲི6.49ཡིན་པ་དང་། མཚོ་སྐྱ་རེངས་ཀྱི་ཤར་ནུབ་རིང་ཞིང་ལྷོ་བྱང་ཐུང་བ་ཡིན།
འབྲེལ་ཡོད་འོས་སྦྱོར།