logo

བོད་མིའི་ཤེས་རིག་ཁྲོད་ཀྱི་སྐྱེ་ཁམས་རིན་ཐང་ལྟ་བ།

རྩོམ་པ་པོ།:སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བ ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2023-01-18 ཀློག་གྲངས།:
བོད་མིའི་ཤེས་རིག་ཁྲོད་ཀྱི་སྐྱེ་ཁམས་རིན་ཐང་ལྟ་བ།
སྡེ་རོང་ཚེ་རིང་དོན་གྲུབ་ཀྱིས་བརྩམས། ཁྱུང་གཤོག་གི་བསྒྱུར།
 
དང་པོ། བོད་པའི་སྐྱེ་ཁམས་རིག་གནས་གྲུབ་ཚུལ་ཀྱི་བརྒྱུད་རིམ།
       བོད་མི་རིགས་ཀྱི་སྐྱེ་ཁམས་རིག་གནས་དེ་གནའ་སྔ་མོའི་དུས་ནས་དར་ཡོད་པ་དང་སྤྱི་ལོའི་སྔོན་གྱི་དུས་རབས༢༠པ་ནས་དུས་རབས༨པའི་བར་གྲུབ་ཟིན་ཡོད། རང་བྱུང་ཁམས་ལ་གུས་ཞེད་དང་དད་གུས་བྱེད་པ་ནས་རང་བྱུང་ཁམས་ལ་ངོས་འཛིན་དང་བརྩི་འཇོག་བྱེད་པ། དེ་ནས་རང་བྱུང་ཁམས་ལ་གཅེས་སྤྲས་དང་སྲུབ་སྐྱོང་བྱེད་པའི་རྗེས་དཔག་གི་ཤེས་པ་ནས་མངོན་སུམ་གྱི་ཤེས་པ། དེ་རྗེས་སླར་ཡང་ལག་ལེན་གྱི་ཤེས་པའི་བརྒྱུད་རིམ་ཞིག་བརྒྱུད་ཡོད།
       གནའ་སྔ་མོའི་དུས་སུ་མི་རྣམས་ཀྱིས་རང་བྱུང་ཁམས་ཆེན་མོར་ངོས་འཛིན་བྱས་པ་ཤིན་ཏུ་ཉུང་ཞིང་། རང་བྱུང་ཁམས་ཆེན་མོའི་སྣང་ཚུལ་སྣ་ཚོགས་ལ་ཚན་རིག་དང་མཐུན་པའི་འགྲེལ་བཤད་བྱེད་ཐབས་བྲལ་ཡོད། དེའི་རྐྱེན་གྱིས། རང་བྱུང་ཁམས་ལས་འདས་པའི་སྟོབས་ཤུགས་གཞན་ཞིག་ཡོད་པར་འདོད་པ་དེ་ནི་ལྷ་ཡིན། མི་རྣམས་ཀྱིས་རྒྱུན་པར་ལྷ་ཟེར་བ་དེས་རང་བྱུང་ཁམས་ཆེན་མོའི་ཡོད་ཚད་ལ་ཁ་ལོ་བསྒྱུར་བཞིན་ཡོད་པར་སྙམ་པ་མ་ཟད། ལྷ་ཡིས་མིའི་རིགས་ལ་བདེ་སྡུག་བཟང་ངན་སྦྱིན་པར་འདོད་པའི་ལྟ་ཚུལ་བྱུང་བ་ནས་ལྷ་ལ་བཀུར་ཞིང་སྐྲག་པའི་འདུ་ཤེས་ཟབ་མོ་ཞིག་བྱུང་། མི་རྣམས་ཀྱིས་ཕྱུགས་ཟོག་དང་། གསེར་དངུལ། མར་ཕྱུར། ཟས་རིགས། འབྲུ་རིགས་སྣ་ལྔ། བསུང་རྫས་སོགས་རང་བྱུང་ཁམས་ཀྱི་ལྷ་ཚོགས་ལ་ཕུལ་ཏེ་དགའ་རུ་འཇུག དེ་ལྟར་བྱས་ན་མི་ཕྱུགས་དར་རྒྱས་དང་འབྲུ་རིགས་སྣ་ལྔ་དར་ནས་ལོ་ལེགས་འབྱུང་སྲིད་པར་འདོད། རང་བྱུང་ཁམས་ལ་གུས་ཤིང་སྐྲག་པའི་བསམ་བློ་བྱུང་བས། གདོད་མའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་རིག་གནས་སེམས་ཁམས་དེ་ཡང་རིམ་གྱིས་གྲུབ་པ་རེད།
       ཞིང་ལས་དུས་རབས་སུ་སླེབས་རྗེས་མི་རྣམས་སྔར་བཞིན་རང་བྱུང་ཁམས་ལ་བརྟེན་གྱི་ཡོད། སྐབས་དེར་ཡང་བདེ་ཐང་དང་། གྲོག་རོང་། ས་རྡོ། གངས་རི། རྩྭ་ཐང་། གཙང་པོ། མཚེའུ། གཅན་གཟན། འདབ་ཆགས་མང་པོ་དང་མིའི་རིགས་བར་གྱི་འབྲེལ་བ་དམ་ཟབ་ཡིན། མི་དང་རང་བྱུང་ཁམས་བར་མཉམ་འཚོ་མཉམ་གནས་ཀྱི་འབྲེལ་བ་འཛུགས་པའི་ཆེད་དུ། སྤྱང་གྲུང་འཛོམས་པའི་བོད་ཀྱི་མེས་པོ་དག་གིས་རང་བྱུང་ཁམས་ཀྱི་དངོས་པོ་ཀུན་ལ་ལྐོག་གྱུར་གྱི་སྟོབས་ཤུགས་ཤིག་སྦྱིན་ཡོད། ལྷ་རི་དང་། ལྷ་ཆུ། ལྷ་རྡོ། ལྷ་ཤིང་། ལྷ་མཚོ། ལྷ་བྱ་སོགས་ལ་དད་གུས་བྱེད་པའི་གོམས་སྲོལ་ཤིག་ཀྱང་རིམ་བཞིན་དུ་ཆགས་པས། མི་རྣམས་ཀྱིས་གང་འདོད་དུ་གནས་རི་ལ་གཏོར་བཤིག་མི་གཏོང་བ་དང་། ལྷ་མཚོ་ལ་སྦགས་བཙོག་མི་བཟོ་བ། ལྷ་གཡག་སོགས་རི་དྭགས་མི་གསོད་པ། ལྷ་ཤིང་མི་གཅོད་པ། ལྷ་རྡོ(གཏེར་ཁ)སྔོག་འདོན་མི་བྱེད་པ་བཅས་ཀྱི་གོམས་སྲོལ་བྱུང་བ་རེད། རྒྱུ་མཚན་ནི་མིའི་རིགས་བདེ་སྡོད་ལས་བརྩོན་བྱ་རྒྱུ་དེ་རང་བྱུང་ཁམས་ཀྱིས་གསོལ་རས་སུ་གནང་བ་ཞིག་ཡིན་པར་འདོད་པས་རེད། མི་རྣམས་ཀྱིས་རང་བྱུང་ཁམས་ལ་སྲུང་སྐྱོབ་བྱ་རྒྱུ་དེ་ནི་ཁོང་ཚོས་མི་ཕྱུགས་དར་རྒྱས་དང་འབྲུ་རིགས་སྣ་ལྔ་ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་ཆེད་ཡིན་པས། རིགས་པའི་གཞུང་ལུགས་དེར་ཡིད་ཆེས་ཟབ་མོ་བཅངས་ནས་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཀྱིན་ཡོད།
       བོད་རང་སའི་གདོད་མའི་ཆོས་ལུགས་ཏེ་བོན་ཆོས་ཀྱིས་འཇིག་རྟེན་འདི་ཐོག་མར་སྒོ་ང་ལས་བྱུང་བར་སྨྲ་བ་དང་སྒོང་སྐྱེས་རིག་པའི་ལྟ་བ་བཏོན། འཇིག་རྟེན་ནི་དངོས་པོའི་འཇིག་རྟེན་ལས་གྲུབ་པ་དང་། མིའི་རིགས་ནི་དངོས་པོའི་འཇིག་རྟེན་གྱི་ཐོན་དངོས་ཡིན་པ། འཇིག་རྟེན་གྱི་དངོས་པོ་ཐམས་ཅད་ལ་ཚེ་སྲོག་དང་རྣམ་ཤེས་ཡོད་པ་བཅས་ཀྱི་ངོས་འཛིན་བྱེད་ཀྱི་ཡོད། མི་ཡུལ་གྱི་སྒྲིག་སྲོལ་ཇི་སྙེད་པ་ནི་མཐུ་སྟོབས་དོ་ཟླ་མེད་པའི་ལྷ་ཚོགས་ཀྱིས་ཁ་ལོ་བསྒྱུར་བཞིན་ཡོད་པ་སྟེ། དེ་དག་གིས་རང་རང་གི་ལས་བགོས་ལྟར། འགྲོ་བ་མིའི་རིགས་ཀྱི་སྐྱེ་རྒ་ན་འཆི་དང་། བསྐལ་པའི་ཆགས་གནས་འཇིག་སྟོང་། འཁོར་བའི་ནད་མུག་འཁྲུག་རྩོད། འབྱུང་བའི་ཁམས་ཀྱི་རི་འགུལ་ས་གཡོ་དང་ཁ་ཆར་སེར་གསུམ་བཅས་ལ་བདག་དོམ་བྱེད་ཀྱིན་ཡོད་ཅིང་། མིའི་རིགས་དང་རང་བྱུང་ཁམས་ཆེན་མོའི་སྒྲིག་སྲོལ་ཡོད་ཚད་ལྷའི་ཐུགས་དགྱེས་མིན་ལྟར་བཀོད་སྒྲིག་བྱེད་ཀྱིན་མཆིས། ལྷ་ནི་ལྷའི་ཁམས་དང་། མིའི་ཁམས། དམྱལ་ཁམས་བཅས་ཁམས་གསུམ་དུ་གནས་པ་དང་། རང་བྱུང་ཁམས་ཀྱི་བྱ་དངོས་ཡོད་ཚད་དེ་ལ་བརྟེན་ནས་འཚོ་བར་འདོད་པ་ནི་བོན་པོའི་སྐྱེ་ཁམས་རིག་གནས་ཀྱི་གོ་དོན་དང་། རིག་གནས་ཀྱི་རྨང་གཞིའི་འབྱུང་ཁུངས་ཡིན། བོད་མི་རིགས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་དེ་ཡང་ནང་ཆོས་གངས་ལྗོངས་ས་མཐོར་དར་རྗེས་འགྲོ་བ་ཀུན་ལ་ཕན་པ་དང་། སྙིང་རྗེ་དགེ་སྒྲུབ། ཚེ་སྲོག་ལ་གཅེས་སྤྲས་བྱེད་པའི་བསམ་བློར་བོད་མི་རིགས་ཀྱིས་གོང་བཀུར་དང་ཡིད་ཆེས། མོས་སེམས་བཅས་བཅངས་ནས་རང་བྱུང་ཁམས་ལ་སྲུང་སྐྱོབ་དང་བརྩི་འཇོག ཚེ་སྲོག་ཐམས་ཅད་ལ་གཅེས་སྤྲས་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱིས་སྐྱེ་ཁམས་རིག་གནས་ཀྱི་རིན་ཐང་ལྟ་བ་མིའི་སེམས་གཏིང་དུ་ཐིམ་པར་བྱས་ཏེ་རང་རྟོགས་ངང་བོད་མི་རིགས་ཀྱི་འཚོ་གནས་ཀྱི་འདུ་ཤེས་ཤིག་ཏུ་གྱུར་ཡོད།
གཉིས་པ། བོད་མི་རིགས་ཀྱི་སྐྱེ་ཁམས་རིན་ཐང་ལྟ་བ།
       གངས་རིའི་ལྗོངས་སུ་མཐོར་འཚོ་གནས་བྱེད་པའི་བོད་མི་རིགས་ཀྱིས་ཁྱིམ་གཞིས་དང་སྐྱེ་ཁམས་ཁོར་ཡུག་གི་ཉམས་ཞན་རང་བཞིན་དང་རང་བྱུང་ཐོན་ཁུངས་ཀྱི་རྩ་ཆེའི་རང་བཞིན་ལ་མྱོང་ཚོར་ཟབ་མོ་དང་ཚན་རིག་དང་མཐུན་པའི་ངོས་འཛིན་བྱས་ནས་རང་བྱུང་ཁམས་ལ་སྲུང་སྐྱོབ་དང་བརྩི་འཇོག སྐྱེ་དངོས་མཐའ་དག་ལ་གཅེས་སྤྲས་བཅས་བྱས་ཏེ་མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་བྱ་རྒྱུ་ནི་བོད་རིགས་ཀྱི་སྐྱེ་ཁམས་རིག་གནས་ཀྱི་རིན་ཐང་ལྟ་བའི་ནང་དོན་གཙོ་བོ་ཞིག་ཡིན་ལ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་མཐུན་སྦྱོར་བྱེད་པ་ནི་སྐྱེ་ཁམས་རིན་ཐང་ལྟ་བའི་རྩ་བའི་ཁ་ཕྱོགས་ཡིན།
གསུམ་པ། བོད་མི་རིགས་ཀྱི་སྐྱེ་ཁམས་རིག་གནས་ཀྱི་རིན་ཐང་ལྟ་ཚུལ་ལ།
       གཅིག མི་དང་རང་བྱུང་ཁམས་གཞི་གཅིག་ཏུ་འདྲེས་པར་སྨྲ་བ།
       བོད་ཀྱི་མཚན་ཉིད་རིག་པ་བ་དང་། སྐྱེ་དངོས་རིག་པ་བ། ཆོས་ལུགས་པ། བསམ་བློ་པ་བཅས་ཀྱིས་རང་མི་རིགས་ཀྱི་འཇིག་རྟེན་ལྟ་བ་གསལ་བཤད་བྱས་ཡོད་དེ། འཇིག་རྟེན་འདི་ཆེས་ཐོག་མར་སྟོང་པ་ཉིད་ཡིན། དེའི་རྗེས་སུ་རིམ་གྱིས་རང་བྱུང་ཁོར་ཡུག་གྲུབ་པ་དང་། སྐྱེ་དངོས་ཐམས་ཅད་དང་མིའི་རིགས་ལྷན་ཏུ་བྱུང་ཞིང་། སྐྱེ་དངོས་ཐམས་ཅད་ཀྱི་སྟེང་དུ་རྣམ་ཤེས་ཡོད་པ་མ་ཟད། ཕྱི་སྣོད་ཀྱི་འཇིག་རྟེན(རང་བྱུང་ཁོར་ཡུག)དང་ནང་བཅུད་ཀྱི་སེམས་ཅན(སྐྱེ་དངོས)མཉམ་འདུས་ཀྱིས་ས་བླ(ལྷའི་ཁམས)དང་ས་སྟེང(མིའི་ཁམས།)། ས་འོག(ཀླུའི་ཁམས)བཅས་གོང་འོག་བར་གསུམ་གྱི་ཁམས་གསུམ་འཇིག་རྟེན་གྲུབ་ཚུལ་གྱི་སྒྲོམ་གཞི་གྲུབ་པ་དང་། བང་རིམ་རེ་རེར་བབ་མཐུན་གྱི་སྐྱེ་དངོས་དང་རྣམ་ཤེས་གནས་ཡོད། རིགས་པའི་གཞུང་ལུགས་འདིས་རང་བྱུང་ཁོར་ཡུག་དང་། ཚེ་སྲོག མིའི་རིགས་དང་མིས་གསར་སྐྲུན་བྱས་པའི་བྱ་དངོས་སོ་སོའི་མ་ལག་གྲུབ་པ་དང་། ཁོ་ཚོའི་བར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་ནུས་པ་འདོན་རེས། ཕན་ཚུན་འབྲལ་ཐབས་མེད་པ་བཅས་ཀྱི་གཅིག་གྱུར་ཕུང་པོའི་འབྲེལ་བ་ཆགས་ཡོད་པ་ནན་བཤད་བྱས་ཡོད།
       གཉིས། མི་དང་རང་བྱུང་ཁམས་ཕན་ཚུན་འཚམ་པའི་གཏན་ཚིགས་གྲུབ་པ།
       བོད་མི་རིགས་ཀྱིས་དངོས་ཡོད་སྤྱི་ཚོགས་འཕེལ་རྒྱས་དང་མིའི་རིགས་ཀྱི་འཚོ་བའི་འཛད་སྤྱོད་ལ་ཚོད་འཛིན་གྲོན་ཆུང་དང་འདོད་ཆུང་ཆོག་ཤེས་ཀྱི་འདུ་ཤེས་འཛིན་གྱི་ཡོད། རང་བྱུང་ཐོན་ཁུངས་གསར་སྤེལ་དང་རང་བྱུང་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་པའི་འབྲེལ་བའི་ཐད་གཙོ་བོ་སྲུང་སྐྱོབ་བྱེད་རྒྱུ་དེ་ཡིན། དེ་གྲུབ་བྱེད་ཀྱི་བདེན་ལུགས་ལ་གསུམ་ཡོད་དེ། གཅིག་ནི་མིའི་གཞི་རྩའི་འཚོ་བའི་དགོས་མཁོ་རྒྱུན་འཁྱོངས་བྱེད་རྒྱུ་དམིགས་ཡུལ་དུ་བཟུང་སྟེ། རྒྱུ་ནོར་གྱི་འབྱུང་ཁུངས་རྒྱ་བསྐྱེད་དང་ཚོད་འཛིན་མེད་པའི་འཛད་སྤྱོད་མཐོ་བའི་འཚོ་བ་སྐྱེལ་སྟངས་དར་སྤེལ་མི་བྱེད་པ་དང་བསྔགས་སྐུལ་མི་བྱེད་པ་དེ་ཡིན། གཉིས་ནི་རྒྱུ་ནོར་རྣམས་མི་རབས་ཕྱི་མར་འཇོག་པ་ནི་སྤྲོ་སྣང་བླ་ན་མེད་པ་ཞིག་ཡིན་ཞིང་། མི་ཚེ་འདིའི་བདེ་སྐྱིད་ཁོ་ནར་བསམ་བློ་གཏོང་བ་དང་རྗེས་རབས་པའི་བདེ་སྐྱིད་ལ་བསམ་བློ་མི་གཏོང་བའི་བྱེད་སྟངས་ལ་ངོ་རྒོལ་བྱ་དགོས་པ་སྟེ། ཐོན་ཁུངས་དང་རྒྱུ་ནོར་དག་མི་རབས་ཕྱི་མ་དང་ཡང་ན་མི་གཞན་ལ་བཞག་པའི་ཁེ་ཕན་གྱི་རིན་ཐང་ལྟ་བ་འཛིན་དགོས་པའི་འདོད་ཚུལ་འཛིན་དགོས། གསུམ་ནི་དེང་གི་མི་རྣམས་ཀྱིས་གནས་སྐབས་ཕྱུག་པོར་འགྱུར་རྒྱུ་ཁོ་ནར་བསམ་བློ་བཏང་ནས་ཉེ་འགྲམ་གྱི་ཐོན་ཁུངས་དང་རྒྱུ་ནོར་ཡོད་ཚད་སྤྱད་དེ་མི་རབས་རྗེས་མར་གོད་ཆག་དང་དབུལ་ཕོངས་བཟོ་བའི་ཀུན་སྤྱོད་དང་མི་མཐུན་པའི་བྱ་སྤྱོད་ལ་ངོ་རྒོལ་བྱེད་པ་དེ་ཡིན།
གསུམ། མི་དང་རང་བྱུང་ཁམས་ཀྱི་འབྲེལ་བ་ནི་མཛའ་མཐུན་གྱི་འབྲེལ་བ་ཡིན།
       བོད་མིའི་འཇིག་རྟེན་ནང་། མི་དང་རང་བྱུང་ཁམས་ནི་འཆམ་མཐུན་དང་མཛའ་གྲོགས་ཀྱི་འབྲེལ་བ་ཡོད་པ་ལས། སུས་སུ་བསྒྱུར་བཀོད་བྱེད་པ་དང་། སུ་ཞིག་སུ་ལས་རྣམ་པར་རྒྱལ་བ། སུ་ཞིག་གིས་སུ་དབང་དུ་བསྡུ་བ་བཅས་ཀྱི་ཁ་གཏད་དུ་ལངས་པའི་འབྲེལ་བ་མིན། དེར་བརྟེན་མིའི་བྱ་སྤྱོད་དེ་རང་བྱུང་ཁམས་ཀྱི་ཐབས་ལམ་ལ་བསྟུན་དགོས་པ་ལས་ཚད་ལས་བརྒལ་མི་རུང་བ་དང་། མིས་རང་བྱུང་ཁམས་ལ་བརྩི་འཇོག་དང་བྱམས་སྐྱོང་བྱ་དགོས་པ་ལས་རང་སྣང་གང་ཤར་གྱིས་རྡོག་རོལ་དུ་གཏོང་བ་དང་གཏོར་བརླག་གཏོང་མི་རུང་། མིའི་རིགས་ཀྱིས་ཚོད་འཛིན་ཡོད་པའི་སྒོ་ནས་རང་བྱུང་ཐོན་ཁུངས་སྔོག་འདོན་བྱེད་དགོས་པ་ལས་འདོད་རྔམ་ཚད་མེད་བྱེད་མི་རུང་། མིའི་རིགས་ཀྱིས་རང་བྱུང་ཁམས་ལ་བྱམས་བརྩེའི་ངང་གཅེས་སྐྱོང་དང་། བརྩི་འཇོག གུས་བཀུར་བཅས་བྱེད་ཐུབ་ཚེ་རང་བྱུང་ཁམས་ཀྱིས་ཀྱང་ཕྱིར་མིའི་རིགས་ལ་ལོ་ཆུ་ལམ་ལྷོང་ཡོང་དུ་འཇུག་ངེས། གལ་ཏེ་མིའི་རིགས་ཀྱི་འདོད་རྔམ་ལ་ཚོད་འཛིན་མེད་པར་རང་བྱུང་ཁམས་ལ་གཏོར་བརླག་ཚད་བརྒལ་བྱས་ཏེ་ཁོང་ཁྲོ་བསླངས་ནས་ཕོག་ཐུག་བཏང་བ་ཡིན་ན། ཕྱིར་མིའི་རིགས་ལ་འགོག་ཐབས་མེད་པ་དང་སྔོན་དཔག་བྱེད་དཀའ་བའི་འཁོན་ལན་སྤྲོད་ངེས། བོད་མི་རིགས་ཀྱིས་དུས་ནམ་ཡང་རྒྱུ་འབྲས་ལ་བརྩི་སྲུང་ཞུ་ཞོར་མི་རབས་ནས་མི་རབས་བར་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་བཞིན་ཡོད་དེ།
       བོད་མིར་རང་བྱུང་ཁམས་ལ་གཅེས་སེམས་དང་བྱམས་སྐྱོང་བྱེད་པའི་མྱོང་ཚོར་བྱུང་བའི་དབང་གིས་གངས་ལྗོངས་ས་མཐོར་ཐོན་ཁུངས་ཕུན་སུམ་ཚོགས་ལ་མཛེས་སྡུག་རྣམ་པར་བཀྲ་བ་རེད། བོད་མིས་རང་བྱུང་ཁམས་དང་ཚེ་སྲོག་ལ་གཅེས་སྤྲས་བྱས་པའི་རྐྱེན་གྱིས། གནས་རི་དང་ལྷ་མཚོ། ལྷ་འདྲེ་ལྷ་བྱ། ལྷ་ཆུ་གནས་མཆོག ལྷ་ཤིང་ལྷ་རྡོ་བཅས་ཀྱིས་མི་ཡུལ་གྱི་མཛེས་ལྗོངས་གྲུབ། བོད་མིར་རང་བྱུང་སྐྱེ་ཁམས་ལ་བཅངས་པའི་གཅེས་སེམས་ཡོད་སྟབས་གངས་ལྗོངས་ས་མཐོ་ནི་སྐྱེ་དངོས་ཐམས་ཅད་སྐྱེ་འཚར་ཐུབ་པའི་ཞིང་ས་གཤིན་པོ་ཞིག་ཏུ་གྲུབ་ཡོད། བོད་མི་རྣམས་ཀྱིས་རང་བྱུང་ཁམས་ཀྱི་ལྷ་ལ་དད་གུས་བྱེད་པའི་རྐྱེན་གྱིས་ལེ་དབར་སྟོང་གི་གནས་མཇལ་ལམ་གྱི་གོམ་པ་རེ་རེ་ཡང་དེ་འདྲའི་བླ་ན་མེད་པ་དང་ཁོད་སྙོམས་པ་ཞིག་ཡིན། བོད་མིས་རང་བྱུང་ཁམས་དང་ཚེ་སྲོག་ལ་སྲུང་སྐྱོབ་བྱེད་པའི་དབང་གིས་གངས་ལྗོངས་ས་མཐོ་འདི་ཉིད་འཛམ་གླིང་གི་དག་ཞིང་ཞིག་ཏུ་གྱུར་ཡོད།
བཞི་བ། རི་མོ་ཞིག་གི་ལམ་ནས་མི་དང་རང་བྱུང་ཁམས་བར་གྱི་འབྲེལ་བ་གསལ་བཤད་བྱེད་པ།
       བོད་མི་རིགས་ཀྱིས་འཇིག་རྟེན་ཁམས་ཀྱི་སྐྱེ་དངོས་ཐམས་ཅད་དང་འཚོ་གནས་བྱེད་སའི་ཁོར་ཡུག་ཚང་མ་ནི་ཆ་ཚང་ཞིང་འབྲེལ་བ་ཡོད་པའི་གཅིག་འདུའི་ཕུང་པོ་ཞིག་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད། ཁོ་ཚོའི་བར་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་། ཕན་ཚུན་འབྲེལ་བ། ཕན་ཚུན་ཆ་རྐྱེན་དུ་འགྱུར་བའི་རྒྱུ་འབྲས་ཀྱི་འབྲེལ་བ་ཞིག་གྲུབ་ཡོད། རང་བྱུང་ཁམས་ཀྱི་སྐྱེ་དངོས་ཡོད་ཚད་མིའི་རིགས་དང་མ་ལག་གཅིག་གི་ཚེ་སྲོག་གི་མུ་ཁྱུད་ནང་གནས་ཡོད། ཚེ་རིང་བ་ནི་མིའི་རིགས་ཀྱི་འདུན་པ་ཆེ་ཤོས་དང་སྨོན་འདུན་བཟང་ཤོས་ཤིག་ཡིན་རུང་དེ་མིའི་རིགས་ཀྱི་འཚོ་གནས་དང་འཚོ་བ་སྐྱེལ་སའི་རང་བྱུང་ཁོར་ཡུག་གི་ཚེ་ཐག་རིང་བར་བརྟེན་དགོས་པར་འདོད་མཁན་ཤིན་ཏུ་ཉུང་། འོན་ཀྱང་བོད་མི་རིགས་ཁོ་ནས་མིའི་རིགས་ཚེ་རིང་ནད་མེད་དང་བདེ་ཐང་ཡོང་དགོས་ན་ངེས་པར་དུ་རི་ཆུ་ནགས་གསུམ་དང་འདབ་ཆགས་རི་དྭགས་བཅས་ལ་བརྟེན་དགོས་པར་འདོད་ཀྱི་ཡོད། དེའི་རྐྱེན་གྱིས་རི་ཆུ་ནགས་གསུམ་དང་འདབ་ཆགས་རི་དྭགས་བཅས་ཀྱིས་གྲུབ་པའི«ཚེ་རིང་རྣམ་དྲུག»དང«མཐུན་པ་སྤུན་བཞིའི»རི་མོ་ལྷན་སྒྲིག་བྱས་ནས་སྒོ་ཁྱམས་སུ་བཀལ་ཡོད། དེ་ནི་བོད་མི་རིགས་ཁོ་ནར་མངའ་བའི་མི་དང་རང་བྱུང་ཁམས་མཉམ་འདྲེས་བྱས་ནས་ཕན་ཚུན་མཉམ་གནས་མཉམ་འདུག་བྱ་རྒྱུར་བསམ་གཞིག་བྱེད་པའི་གནས་ལུགས་ཤིག་ཡིན་པ་དང་། སྟབས་བདེ་ལ་ཁ་གསལ་བའི་རི་མོ་ཞིག་མི་ཚང་མའི་ནང་སེམས་དུ་བརྟན་པོར་ངེས་པར་བྱས་ནས་རང་ཉིད་ཀྱི་ཁྱིམ་གཞིས་སྲུང་སྐྱོབ་བྱས་ཏེ་དེང་སྐབས་འཛམ་གླིང་ཐོག་གི་སྐྱེ་དངོས་སྣ་མང་རང་བཞིན་དང་ཕུན་སུམ་ཚོགས་ཤོས་ཀྱི་ས་ཁུལ་ཞིག་ཏུ་བཏང་ཡོད།
རབ་བྱུང་བཅུ་བདུན་པའི་ཆུ་སྟག་སྤྱི་ལོ༢༠༢༢ལོའི་ཟླ་གསུམ་པའི་ཚེས་བཅོ་བརྒྱད་ཉིན་གྲོང་ཁྱེར་ཁྲིན་ཏུའུ་རུ་བྲིས།
འབྲེལ་ཡོད་འོས་སྦྱོར།