logo

མཚོ་སྔོན་པོའི་མཚོ་དར་ཞུ་བ་ལ“ཞི་བ”དང“དྲག་པོ”གཉིས་ཡོད་པ་ཅི་ཡིན་ནམ།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2023-04-03 ཀློག་གྲངས།:
       མདོ་དབུས་མཐོ་སྒང་གི་བྱང་ཤར་རྒྱུད་དུ་ཡོད་པའི་མཚོ་སྔོན་པོ་ནི་རང་རྒྱལ་གྱི་ཆེས་ཆེ་བའི་མཚེའུ་ཡིན་པར་མ་ཟད། ད་དུང་ཆེས་ཆེ་བའི་ཚྭ་ལྡན་མཚེའུ་ཡང་ཡིན། ལོ་རེའི་དཔྱིད་ཀར། མཚོ་སྔོན་པོའི་མཚོ་དར་ཞུ་བ་ལ་ཚང་མས་དོ་ཁུར་ཆེན་པོ་བྱེད་བཞིན་ཡོད།
       ལོ་རེའི་དགུན་ཉི་ལྡོག་གི་སྔ་གཞུག་ལ། མཐོན་མཐིང་དུ་གནས་པའི་མཚོ་སྔོན་པོ་ལ་རིམ་བཞིན་མཚོ་དར་ཆགས་པ་དང་། དེ་ནས་དུས་ཡུན་ཟླ་བ་ལྔའི་རིང་ལ་འཁྱགས་པས་བསྡམས་པའི་དུས་སྐབས་ཤིག་ཏུ་གནས་པ་ཡིན། ཕྱི་ལོའི་ཟླ་བཞི་པའི་ཡས་མས་ལ། དཔྱིད་ཀྱི་དྲོད་རླུང་ལྡང་བ་དང་བསྟུན་ནས། མཚོ་དར་རིམ་བཞིན་ཞུ་མགོ་ཚུགས་པ་དང་། འཁྱགས་པས་བསྡམས་པའི་མཚོ་སྔོན་པོ་ཡང“སྲིན་གོང་ལས་ཐར་ཏེ་ཡང་བསྐྱར་གསོན་ཤུགས་རྒྱས་པ”ནང་བཞིན། མུ་མེད་རླབས་ཕྲེང་དགུང་ལ་འཕྱོ་བའི་སྒེག་ཉམས་སྟོན་པ་ཡིན། མི་ཚང་མས་རང་བྱུང་གི་སྣང་ཚུལ་འདི་ལ“མཚོ་ཁ་འབྱེད་པ”ཞེས་འབོད་བཞིན་ཡོད།
       མཚོ་སྔོན་པོའི“མཚོ་ཁ་འབྱེད་པ”ལ“ཞི་བ”དང“དྲག་པོ”གཉིས་ཡོད་ཅིང་། “ཞི་བའི་ངང་འབྱེད་པ”ཞེས་པ་ནི་ནམ་ཟླ་ཇེ་དྲོ་ལ་ཕྱིན་པ་དང་བསྟུན་ནས། མཚོ་དར་རིམ་བཞིན་ཞུ་བའི་གོ་རིམ་ལ་ཟེར་བ་ཡིན། སྐབས་འདིར། མཚོ་དར་ནི་ཤེས་མེད་ཚོར་མེད་ངང་རིམ་བཞིན་ཞུ་ནས་མེད་པར་འགྲོ་བ་དང་། དེ་ནས་མཚོ་མོའི་མཛེས་ལྗོངས་ཡང་བསྐྱར་མཐོང་བ་ན། མི་སེམས་ལ་ཧ་ལས་པ་དང་ངོ་མཚར་བའི་ཚོར་བ་ཞིག་སྟེར་བ་ཡིན། “དྲག་པོའི་ངང་འབྱེད”སྐབས། གས་ཆག་ཤོར་བའི་མཚོ་དར་རྣམས་རླུང་ཆེན་མོའི་ཤུགས་རྐྱེན་འོག ཕན་ཚུན་རྡུང་ཐུག་བརྒྱབ་ཅིང་བཙིར་བརྡར་བྱས་པ་ལས་བྱུང་བའི་སྒྲ་ཆེན་པོ་ནི་ཐོག་ཆེན་པོས་གནམ་ས་བཀད་པའམ་ཡང་ན་རྟ་མཆོག་མང་བོ་མཉམ་དུ་རྒྱུག་པ་ལྟར་སྣང་བ་ཡིན།
       མཚོ་ཁ་འབྱེད་སྟངས“ཞི་བ”འམ་ཡང་ན“དྲག་པོ”གང་ཞིག་ཡིན་ནའང་། མཚོ་སྔོན་པོའི་བཞུར་ཁོངས་ཀྱི་གནམ་གཤིས་རྒྱུ་རྐྱེན་ལ་འབྲེལ་བ་དམ་ཟབ་ཡོད་ཅིང་། ཡུན་ཚད་ཅུང་རིང་བའི་དུས་ཚོད་ཀྱི་ཐིག་ཚད་ལས་བལྟས་ན། ཤན་ཤུགས་ཐེབས་པའི་རྒྱུ་རྐྱེན་གཙོ་བོ་ནི་ནམ་ཟླའི་དྲོད་ཚད་ཡིན་པ་དང་། རླུང་ཤུགས་ཀྱིས་ཀྱང་ནུས་པ་གལ་ཆེན་ཐོན་བཞིན་ཡོད། བྱེ་བྲག་ཏུ་བཤད་ན། མཚོ་དར་ཞུ་བའི་གོ་རིམ་ནང་དུ། ནམ་ཟླའི་དྲོད་ཚད་ཇེ་མཐོ་ལ་སོང་བ་དང་བསྟུན་ནས། མཚོ་དར་ཞུ་བའི་འགྲོས་ཚད་ཀྱང་ཇེ་མགྱོགས་ལ་འགྲོ་བ་ཡིན། སྐབས་འདིར། གལ་ཏེ་རླུང་ཤུགས་ཅུང་ཆུང་བ་དང་མཚོ་དར་རིམ་བཞིན་ཞུ་བ་ཡིན་ན། དེ་ལ“ཞི་བའི་ངང་འབྱེད་པ”ཞེས་ཟེར་བ་དང་། གལ་ཏེ་རླུང་ཤུགས་ཇེ་ཆེར་གྱུར་པ་ཡིན་ན། རླུང་ཤུགས་ཀྱིས་མཚོ་དར་ལ་གས་སྲུབས་དང་ཆག་དུམ་ཤོར་དུ་བཅུག་ནས་དུམ་བུ་མང་བོར་བཏང་སྟེ་མཚོ་དར་ཞུ་བའི་འགྲོས་ཚད་ཇེ་མགྱོགས་སུ་གཏོང་བ་ལ“དྲག་པོའི་ངང་འབྱེད་པ”ཞེས་ཟེར་བ་ཡིན།
       མཐོ་སྒང་གི་ནམ་ཟླ་འཁྱགས་པའི་དབང་གིས། དཔྱིད་ཀྱི་དྲོད་རླུང་ལྡང་བའི་གོམ་སྟབས་ཅུང་དལ་ནའང་། མཐའ་འཁོར་ཚང་མ་སྔར་བཞིན་རྔམ་བརྗིད་ཆེ་ཞིང་མཛེས་སྡུག་ལྡན་པ་ཞིག་ཡིན། ནམ་ཟླ་ཇེ་དྲོར་གྱུར་པ་དང་བསྟུན་ནས། དགུན་ཁ་ཧྲིལ་བོ་ལ་མཚོ་ཁ་ཟུམ་ཡོད་པའི“མཐོ་སྒང་གི་ཨིནྡྲ་ནི་ལ”འདི་ཡང་འཕྲལ་མར་ལོ་རེ་ལ་ཐེངས་རེ་ཡི་མཚོ་དར་ཞུ་བའི་དུས་ཚིགས་སུ་བསླེབ་རྒྱུ་ཡིན་པས། ང་ཚོས་མཉམ་དུ“གཉིད་ལས་སད་རྗེས”ཀྱི་མཚོ་སྔོན་པོའི་ལྗང་མདོག་གི་རླབས་ཕྲེང་དགུང་ལ་འཕྱོ་བ་དང་ཆུ་བྱ་མང་བོས་ལྡིང་སྐོར་བྱེད་པའི་རབ་མཛེས་རྣམ་པ་དེ་ཉིད་མཐོང་བ་ལ་རེ་སྒུག་བྱེད་ལགས།
འབྲེལ་ཡོད་འོས་སྦྱོར།