logo

༄༅། །སྟག་ལྷ་སྐུ་ཤུག་གི་བྱུང་བ་བརྗོད་པ།

རྩོམ་པ་པོ།: ཡོང་ཁུངས།:ཉིང་ཁྲིའི་བོད་སྐད་ཡིག་ལས་དོན་ཨུ་ལྷན། དུས་ཚོད།:2023-09-20 ཀློག་གྲངས།:
       ཉིང་ཁྲིའི་བྲག་ཡིབ་གྲོང་ཁྱེར་ནས་སྤྱི་ལེ་བཞི་ཙམ་གྱི་སར་ཡོད་པའི་སྟག་ལྷ་སྐུ་ཤུག་དེ་ནི་ད་ཕན་མིག་གི་མཐོང་ཆོས་སུ་ཡོད་པའི་ཤུག་སྡོང་ཆེ་ཤོས་དེ་ཡིན་པས། དེར་འཛམ་གླིང་ཤུག་སྡོང་ཆེན་མོའམ་ཤུག་པའི་རྒྱལ་པོའང་ཟེར་སྲོལ་ཡོད། ཤུག་སྡོང་དེ་དག་ལ་དམངས་ཁྲོད་དུ་ཤོད་རྒྱུན་མི་འདྲ་བ་སྣ་ཚོགས་ཡོད་དེ། ཤུག་པའི་གླིང་འདི་ནི། སྔ་མོའི་དུས་སུ་སྟོན་པ་གཤེན་རབ་མི་བོ་ཆེ་དང་བདུད་ཁྱབ་པ་ལག་རིང་གཉིས་མཐུ་རྩལ་འགྲན་སྐབས། སོ་སོའི་སྐྲ་ས་སྟེང་དུ་གཏོར་ཏེ་ཉིན་གཉིས་པར་འགྱུར་བ་ཇི་ལྟར་བྱུང་ཡོད་མེད་ལ་བལྟས། ཕྱི་ཉིན་དེར་སྟོན་པ་གཤེན་རབ་མི་བོ་ཆེའི་དབུ་སྐྲ་རྣམས་ཤུག་སྡོང་ཆེན་མོར་འགྱུར་བ་དང་། བདུད་ཁྱབ་པ་ལག་རིང་གི་སྐྲ་རྣམས་མྱུ་གུ་འབུས་ཙམ་ལས་མེད་པའི་ཤོད་སྲོལ་ཡོད། ཤོད་སྲོལ་གཞན་ཞིག་ལ། སྔོན་ཆད་སོག་པོ་ཧོ་ཤོད་ཀྱིས་བོད་ལ་དམག་དྲངས་སྐབས། ཀོང་པོ་བྲག་ཕྱིའི་ཕྱུག་བདག་གི་སྲས་ཀྱང་དམག་ལ་འགྲོ་དགོས་ཐུག དམག་ལ་ཐོན་ཁར་ཡུལ་ལྷ་སྟག་ལྷ་སྐུ་ཤུག་གསོལ་བའི་སྐབས། ལག་ཏུ་ཤུག་པའི་འབྲས་བུ་དགུ་མིག་གཅིག་བྱུང་བ་དེ་དར་གྱིས་བཏུམས་ནས་སྐེ་ལ་བཏགས་པས། དགྲ་དང་འཛིང་དུས་མཚོན་ཆས་ཅི་ཡང་གནོད་མ་ཐུབ་པ་བྱུང་ཞིང་། དེ་ནས་བཟུང་ཤུག་སྡོང་གི་རྨེན་བུས་མཚོན་སྲུང་བྱེད་སྲོལ་ཡོད།
སྟག་ལྷ་སྐུ་ཤུ་གམ་ཤུག་སྡོང་ཆེན་མོ།
       ལོ་རྒྱུས་ཀྱི་ཡིག་ཚང་ནང་དུའང་སྟག་ལྷ་སྐུ་ཤུག་གི་སྐོར་འཁོད་ཡོད་པ་ནི། «བོན་རིའི་དཀར་ཆག»ནང་བོན་གྱི་སྟོན་པ་གཤེན་རབ་ཀོང་པོར་བྱོན་པའི་སྐོར་གླེང་སྐབས།
ཉང་ཆུ་བརྒྱུད་ནས་ཀོང་ཡུལ་གནས་སུ་གཤེགས། །
བདུད་ཀྱི་དམག་ཚོགས་རི་གསུམ་འདུས་མགོར་བསགས། །
སྟོན་པ་ཀོང་པོ་བྲག་ཕྱི་ལ་ཁར་ཕེབས། །
བར་ཆད་བདུད་འདུལ་སྟོན་པའི་བྱིན་རླབས་གནས། །
རི་ཡི་རྒྱལ་པོ་རི་རྒྱལ་རིན་ཆེན་སྤུངས། །
ཆུ་བོའི་རྒྱལ་པོ་ཡན་ལག་བརྒྱད་ལྡན་བབས། །
སྟོན་པའི་ཐུགས་རྗེས་ལྷ་དམག་གསས་དམག་བསྐུལ། །
ཤིང་གི་རྒྱལ་པོ་གསང་བའི་ཤུག་པ་འཁྲུངས། །
ཞེས་དང་།
སྟག་ལྷ་སྐུ་ཤུ་གམ་ཤུག་སྡོང་ཆེན་མོ།
       ཡང«བོན་གྱི་དཀར་ཆག»གི་ནང་གསེས་སྟག་ལྷ་སྐུ་ཤུག་གི་དཀར་ཆག་སྲིད་རྒྱལ་གྱི་ལུང་བསྟན་བཞུགས་སོ་ཞེས་པའི་ནང་།
ཉང་ཆུའི་རྒྱུད་དུ་བདུད་ཀྱི་དམངས་ཚོགས་གུམ། །
གཤེན་རབ་ཐུགས་ལ་འོད་ཟེར་ཟླ་གང་འཕྲོད། །
གསང་བའི་ཤུག་པ་ངོ་མཚར་གསུམ་ལྡན་འཁྲུངས། །
དབྱིབས་ནི་ཁྲོ་རྒྱལ་སྟག་ལ་རྔམས་བརྗིད་ཚུལ། །
གཡས་གཡོན་སྤུ་གྲི་དཀར་ནག་ལྷ་ཚོགས་དང་། །
ལས་མཁན་ཁྲག་གདོང་སྟག་གདོང་དངོས་སུ་གསལ། །
མི་མིན་འགོང་པོའི་སྡེ་རྣམས་ཧྲེང་ཞིང་བརྒྱལ། །
རྫུ་འཕྲུལ་གསལ་བའི་ངོ་མཚར་ཤུག་སྡོང་ལ། །
སྟོན་པ་འཁོར་བཅས་གཡས་བསྐོར་གསུམ་དུ་ཕེབས། །
ཕྱོགས་བཞིར་ཞབས་རྗེས་ངོ་མཚར་གསལ་ལ་ཡོད། །
མདུན་དུ་རྡོ་ནག་གཡང་བཞི་བཏིང་འདྲ་ལ། །
སྟོན་པའི་ཕྱག་བྲིས་བསོ་ཡིག་རང་བྱོན་ཡོད། །
གཡས་ཀྱི་རི་ལ་སྤྱི་འདུལ་ལྷ་ཚོགས་ཀྱི། །
བཀོད་པ་གསལ་བའི་ཤུག་པ་རང་འཁྲུངས་ཡོད། །
གཡོན་གྱི་རི་ལ་སྟོང་ཆེན་དམུ་ཚ་ཡི། །
གྲུབ་པ་ཐོབ་པའི་ཕྱག་ཞབས་དབུ་རྗེས་ཡོད། །
ངོ་མཚར་གསལ་བའི་དབལ་བོན་སྐུ་གཟུགས་ལ། །
ལས་སྐལ་ཅན་ལ་ལྷ་ཞལ་མཇལ་ཆོག་ཡོད། །
ཤུག་སྡོང་ཆེན་མོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་འཕྲང་ལམ།
སྐོར་བ་བཅུ་ཡི་མཚམས་མེད་ཕྱང་བ་ཡིན། །
སྐོར་རྒྱ་བཞེངས་ན་ཐོད་པ་སླར་མི་ལེན། །
སྦས་པའི་གནས་མཆོག་ངོ་མཚར་གསང་བའི་ཤིང་། །
གནས་འདིར་དཀར་ཆགས་ཌཱཀྐིའི་ཞལ་གྱི་གསུང་། །
སྐལ་ལྡན་ཁྱེད་ཀྱི་དུས་བབ་བཀའ་རྒྱ་ཁྲོལ། །
དུས་མཐར་འགྲོ་དོན་དམག་མེད་ཆེ་བ་ཡིན། །
དཀར་མོ་སྲིད་རྒྱལ་བཀའ་ཡི་སྟངས་འཛིན་ཏེ། །
བསྟན་པ་རིན་ཆེན་དར་ཞིང་རྒྱས་པར་འགྱུར། །
ཞེས་སུ་རིག་གདངས་ཌཱཀྐི་མཁའ་ལ་ཡལ། །
བདག་ཀྱང་ཉམས་དགའ་སྤྲོ་བ་སྐྱེས་པར་བྱུང་། །
དུས་ཀྱི་མཐའ་མའི་འགྲོ་རྣམས་མ་ལུས་པ། །
གནས་འདིའི་ཞལ་མཇལ་འབྲེལ་ཐོབ་སྨོན་ལམ་མཐུས། །
སྒྲིབ་ཀྱང་ཚགས་རྫོགས་ཉམས་རྟོགས་མངོན་ཤར་ནས། །
སྐུ་གསུམ་བླ་མེད་གོ་འཕང་བརྙེས་པར་ཤོག །
ཅེས་འཁོད་ཡོད།
སྟག་ལྷ་སྐུ་ཤུ་གམ་ཤུག་སྡོང་ཆེན་མོ།
       1985ལོར། ཤུག་སྡོང་རང་བྱུང་སྲུང་སྐྱོང་ཁུལ་དེ་ལྗོངས་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཆོག་མཆན་གནང་། ལོ་རེའི་བོད་ཟླ5ཚེས13ཉིན། ཤུག་སྡོང་ཆེན་མོའི་ཉེ་འགྲམ་དུ་སྟག་ལྷ་གཡུ་གསོལ་ཞེས་པའི་གསོལ་མཆོད་བྱེད་པའི་གོམས་སྲོལ་ཡོད་ལ། ཡུལ་དེ་གའི་མིས་ཤུག་སྡོང་ལ་ཨུ་ཕོ་སྟག་ལ་ཞེས་པའི་མཚན་ཞིག་ཀྱང་གསོལ་ཡོད།
       སྤྱིར་ཉིང་ཁྲིའི་ཁུལ་ཏུ་ཆར་ཆུ་འབེལ་ཞིང་། ལྗོན་ཤིང་སྐྱེ་འཚར་བཟང་ཞིང་། རྩ་ཆེའི་ཤིང་སྣ་སྣ་ཚོགས་ཡོད་ཅིང་། ཤུག་སྡོང་དེ་དག་ཀྱང་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རྩི་ཤིང་གི་ཁོངས་སུ་བཅུག་ཡོད། ཤུག་སྡོང་ཆེན་མོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཤུག་སྡོང་དག་གི་ཆ་སྙོམས་དཔངས་ལ་སྨི44དང་ཞེང་ལ་སྨི1.5ལ་ཡོད་ཅིང་། དེའི་ནང་ནས་ཤུག་སྡོང་རིང་ཤོས་ཀྱི་ལོ་གྲངས་དེ་ལོ་ངོ3200ཡས་མས་ཟིན་པ་དང་། དཔངས་ལ་སྨི57དང་ཞེང་ལ་སྨི5.8ཙམ་ཟིན་གྱི་ཡོད་ལ། སྡོང་པོའི་རྩེ་མོས་ཉི་འོད་སྒྲིབ་ཚད་སྨི་ངོས་སྙོམས་གྲུ་བཞི་མ7ཟིན་གྱི་ཡོད། ཧྲང་ཧའེ་འཛམ་གླིང་ཆེ་མོའི་ཅི་ཉི་སི་སྤྱི་ཁྱབ་པུའི“འཛམ་གླིང་ཆེ་མོའི་ཅི་ཉི་སིའི་ཤུག་སྡོང་ཆེ་ཤོས”ཀྱི་དཔང་ཡིག་ཀྱང་རག་འདུག

དཔྱད་གཞིའི་ཡག་ཆ།
༡ «ཉིང་ཁྲིའི་རི་ཆུའི་གནས་བཤད»
༢ «ཉིང་ཁྲིའི་ཡུལ་སྐོར»
༣ «བོན་གྱི་དཀར་ཆག»
༤ «གསང་བའི་གནས་མཆོག་ཐུགས་སྤྲུལ་བོན་རིའི་དཀར་ཆག་ཡིད་བཞིན་ལྗོན་པའི་འཕྲེང་བ་བཞུགས་སོ»
འབྲེལ་ཡོད་འོས་སྦྱོར།