logo

སྲོག་ཆགས་རྣམ་དབྱེ་རགས་བསྡུས།

རྩོམ་པ་པོ།:ཚེ་དབང་རྣམ་རྒྱལ། ཡོང་ཁུངས།:མཚོ་སྔོན་བོད་ཡིག་གསར་འགྱུར། དུས་ཚོད།:2023-12-06 ཀློག་གྲངས།:
༈ འཇིག་རྟེན་ཁམས་ནི་སྣོད་དང་བཅུད། །
རྟེན་ཅིང་འབྲེལ་ནས་ཆགས་པ་སྟེ། །
སྣོད་ཀྱི་བཀོད་པ་ཇི་བཞིན་དུ། །
བཅུད་ཀྱི་སེམས་ཅན་ངང་གིས་འཚོ། །
སེམས་ཅན་གང་དེར་འབོད་ཚུལ་མང་། །
དུས་དང་ས་གནས་འགྱུར་བ་དང་། །
གྲུབ་མཐའ་མང་པོས་བཏགས་མིང་བྱུང་། །
གོ་བདེར་སྲོག་ཆགས་ཉིད་དུ་བཤད། །
ལུས་རྟེན་གང་ལ་སྲོག་ཞུགས་པའི། །
ཚེ་དང་ལྡན་པ་སྲོག་ཆགས་ཏེ། །
རྟེན་ལ་ཆེ་ཆུང་ཅི་རིགས་དང་། །
གཟུགས་ལ་རྣམ་པ་སྣ་ཚོགས་སྣང་། །
ཚེ་དང་སྲོག་ནི་བཤད་དཀའ་ཡང་། །
དེ་ལ་ཐུན་མོང་ཐུན་མིན་གཉིས། །
ཐུན་མོང་བ་ནི་སྤྱིར་བཏང་བའི། །
རྒྱུན་མཐོང་ལུས་རྟེན་གཅིག་ཉིད་ལ། །
སྲོག་ཅིག་སྐྱེས་འགག་ཡུན་ཚད་ཀྱིས། །
གདགས་གཞི་ཕུང་བོ་ཅན་ལ་སྟོན། །
ཐུན་མིན་པ་ནི་ལྐོག་གྱུར་ཏེ། །
གཟུགས་ཅན་གཟུགས་མེད་གླེང་མོད་ཀྱང་། །
སྐབས་སུ་བབས་པ་གཟུགས་ཅན་ཉིད། །
ལུས་ལ་གཅིག་ཏུ་མ་ངེས་ཤིང་། །
སྲོག་རྩ་གཅིག་གིས་མི་ཚད་པ། ། 
དཔེར་ན་སྲིན་འབུ་ནར་ནར་བཞིན། །
དུམ་བུར་གཏུབས་ཀྱང་སོ་སོ་བ། །
ཚལ་བར་གསེས་ཀྱང་རེ་རེ་བ། །
སྲོག་གི་སྐྱེ་འགག་མི་གཅིག་པ། །
ཡང་སོས་ཡང་སྐྱེས་བརྒྱ་འགྱུར་ཡོད། །
ཚ་གྲང་རབ་ཀྱི་རྩེར་གནས་པ། །
ཆེ་ཆུང་མིག་གིས་མཐོང་དཀའ་བ། །
རྡོ་རྗེ་དམྱལ་བ་ཇི་བཞིན་གྱི། །
ཉིང་ཕྲའི་རིགས་རྣམས་བཤད་དུ་དཀའ། །
དུས་དང་མཐུན་པའི་རིག་ཚན་དང་། །
དོན་དང་བསྟུན་པའི་རྣམ་དབྱེ་འདི། །
སྐྱེ་ཁམས་དཔལ་ཡོན་དར་མོ་ཆེ། །
མཐོ་རུ་སྒྲེང་ཆེད་ཕུལ་བ་ལགས། །

༈ སྲོག་ཆགས་རིག་པའི་རྣམ་དབྱེ་ལ། །
གཙོ་བོར་རིགས་དང་རིགས་བར་གྱི། །
ཁྲག་རྒྱུད་འབྲེལ་བ་འགལ་མེད་སྒོས། །
བྱུང་འཕེལ་འགྱུར་ལྡོག་ཞིབ་ཀྱིས་བརྟག །
སྲོག་ཆགས་ཕྱི་ཡི་གཟུགས་བྱད་དང་། །
ནང་གཟུགས་གྲུབ་ཚུལ་སྐྱེས་འཕེལ་རྒྱུད། །
ཐུན་མིན་གྲུབ་པའི་རྟགས་དང་མཚན། །
སྐྱེས་ལུགས་གོམས་སྲོལ་འཚོ་སྡོད་གནས། །
ཁོར་ཡུག་རྐྱེན་སོགས་ཕྱོགས་ཀུན་ནས། །
བརྟགས་ཤིང་དཔྱད་པས་རིགས་མཐུན་ཚོགས། །
སོ་སོར་མ་འདྲེས་འགལ་མེད་ཀྱིས། །
མིང་མཚན་བཏགས་པ་རྣམ་དབྱེའོ། །

༈ སྲོག་ཆགས་ཁམས་ཀྱི་དབྱེ་སྟངས་ལ། །
འཚོ་བའི་ཁྲོད་ཀྱི་རྒྱུན་མཐོང་རིགས། །
སྒལ་ཕྲུམ་ཅན་གྱི་སྲོག་ཆགས་དང་། །
སྒལ་རུས་མེད་པ་གཉིས་སུ་བཤད། །
སྒལ་རུས་མེད་པའི་སྲོག་ཆགས་ལ། །
ནང་ཁྲོལ་མེད་པའི་མེར་མེར་པ། །
མེར་དབྱིབས་ཅན་དང་ལེབ་གཟུགས་ཅན། །
ཐིག་སྐུད་རིགས་ཀྱི་སྐུད་དབྱིབས་ཅན། །
ལྷུ་ཚིགས་མང་བའི་ཚིགས་མང་ཅན། །
མཉེན་ལྕུག་ལྡེམ་པའི་མཉེན་གཟུགས་ཅན། །
སྒལ་ཚིགས་མེད་ཀྱང་ཚིགས་མང་བ། །
ཚིགས་མང་གཟུགས་ཅན་སོགས་སུ་འདུ། །
སྲོག་ཆགས་རིག་པར་སྦྱང་འདོད་རྣམས། །
དང་པོར་དབྱེ་འབྱེད་གནས་ལ་འཇུག །
བར་དུ་སྐྱེ་འཕེལ་འཚོ་སྡོད་བརྟག །
ཐ་མར་ཚེ་དང་རིན་ཐང་དཔྱད། །
གང་གི་གཟུགས་དང་དབྱིབས་མདོག་ཙམ། །
མཐོང་བ་ཙམ་གྱིས་ལེགས་ཉེས་དང་། །
རིན་ཐང་ཚེ་སྲོག་གླེང་བ་ནི། །
ཤེས་རྒྱ་མེད་པའི་བབ་ཅོལ་ཡིན། །
ཚེ་དང་སྲོག་གི་ཟབ་མོའི་དོན། །
ལྐོག་གྱུར་པས་ན་རྔམ་མ་བྱེད། །
ཚེ་ནི་སྲོག་གི་རྒྱུན་ཡིན་པས། །
ཚེ་ཚད་རིང་ཐུང་སྣ་ཚོགས་སྲིད། །
ཚེ་རིང་ལོ་ངོ་སྟོང་ཐུབ་དང་། །
ཚེ་ཐུང་ཉི་ཚེ་བའང་ཡོད། །
སྲོག་ནི་རྟེན་གྱི་སྒུལ་བྱེད་དེ། །
སྲོག་དང་བྲལ་བར་བེམ་པོ་ཟེར། །
ཚེ་ཚད་དབྱེ་བས་དགར་ཐབས་ནི། །
དབྱེ་མགོ་ཙམ་ལས་ངེས་པ་མེད། །
སྤྱིར་བཏང་ལུས་བོངས་ཆེ་ཆུང་གིས། །
ཚེ་ཚད་རིང་ཐུང་བཤད་པ་དང་། །
འཚར་ལོངས་སྔ་འཕྱིས་ཤོད་ཚུལ་ཡོད། །
འདྲ་འདྲ་ཙམ་ལས་ཁྱབ་པ་མེད། །
སྲོག་ནི་རྟེན་དང་བརྟེན་པ་ཡིས། །
སྐྱེ་འཕེལ་འཇིག་རྫོགས་ནུས་པའི་དབུགས། །
ཡོངས་སུ་སྒུལ་བྱེད་ཀུན་ལ་ཁྱབ། །
མངོན་པར་མི་སྣང་འབྲལ་དུ་མེད། །
སོར་སྐྱེས་མིག་གིས་མཐོང་སྣང་དང་། །
བློ་ཡིས་ཤོངས་ཚོད་ལྟར་བཤད་ན། །
སྒལ་ཚིགས་མེད་པའི་སྲོག་ཆགས་རྣམས། །
ཉམ་ང་ཆུང་ལ་ཚེ་ཚད་ཐུང་། །
ཕལ་མོ་ཆེ་ནི་ཟླ་ཚེ་ཡིན། །
རིགས་འགའ་དག་ནི་ཉི་ཚེར་སྣང་། །
འདབ་ཆགས་ཚེ་ཚད་རིང་པོ་སྟེ། །
ལོ་བརྒྱར་འཚོ་བ་ཧ་ཅང་མང་། །
བརྒྱ་ཕྲག་ཕྱེད་པ་མང་པོ་སྟེ། །
ལོ་འགར་འཚོ་བའང་འགའ་རེ་ཡོད། །
ཉ་རིགས་དབྱེ་བ་ཤིན་ཏུ་མང་། །
རྣམ་རིམ་མང་བས་སྣ་ཚོགས་ཏེ། །
ཆེ་བ་ཉ་མོ་ཡན་དུ་མེད། །
ཆུང་བ་ཉེའུ་སྲིན་མན་དུ་མེད། །
སྡོད་པ་ཉ་མོ་ཏིང་འཛིན་མཐུག །
མི་སྡོད་ཉ་མོ་བརྩོན་འགྲུས་ཆེ། །
མགྱོགས་པ་ཉ་མོའི་རྐྱལ་རྩལ་མྱུར། །
ཚེ་ཉལ་ཉ་མོའི་ནུར་སྟབས་དལ། །
ཉ་རིགས་ཚེ་ལོ་བཅུ་ཕྲག་ཙམ། །
བརྒྱ་ཕྲག་ཅན་ནི་གང་མང་མང་། །
ཁྱད་པར་རུས་སྦལ་རིགས་ཀྱི་ཉ། །
ཚེ་ལོ་སྟོང་གི་ཤོད་སྲོལ་ཡོད། །
འོ་འཐུང་རིགས་ཀྱི་ཚེ་ཚད་ལ། །
བཅུ་ཕྲག་ཡན་དང་བརྒྱ་ཕྲག་ཕྱེད། །
མང་ཤོས་སུམ་ཅུ་བཞི་བཅུ་སྟེ། །
གླང་ཆེན་བརྒྱ་དང་ཕྱེད་དུ་འཚོ། །
འོ་འཐུང་ཆུ་སྲིན་གཞི་མགོ་མ། །
བརྒྱ་ཕྲག་གཉིས་དང་ཕྱེད་དུ་གཞེས། །
གཏན་གྱིས་སྡོད་དང་མི་རྒྱུ་བ། །
ཏིང་འཛིན་ཉེའུ་སྲིན་ཚེ་ཐག་རིང་། །

༈ སྲོག་ཆགས་ངོས་འཛིན་སྟབས་བདེ་ཕྱིར། །
མི་ནོར་རྒྱ་ཡིས་ལེགས་བཅད་དེ། །
དགོས་པ་རིག་ཚན་ཁྱབ་ཁོངས་འབྱེད། །
ཉིང་དགོས་མིང་བརྡ་དག་མའི་ཆེད། །
ཁྱབ་ཁོངས་འགལ་བ་མེད་པའི་རྒྱ། །
གོ་རིམ་འཁྲུག་པ་མེད་པའི་རྒྱ། །
ཆེ་ཆུང་ནོར་བ་མེད་པའི་རྒྱ། །
སྔ་ཕྱི་ལྡོག་པ་མེད་པའི་རྒྱ། །
གཟུགས་དབྱིབས་འཁྲུལ་བ་མེད་པའི་རྒྱ། །
ནང་གསེས་འཛིངས་པ་མེད་པའི་རྒྱ། །
ཕན་ཚུན་འདྲེས་པ་མེད་པའི་རྒྱ། །
མིང་ཚན་ཉོག་པ་མེད་པའི་རྒྱ། །
འདི་དག་རྣམ་པར་དབྱེ་བའི་རྒྱ། །
ཞིབ་ཆའི་གནད་ཀྱི་འགག་རྩ་ཡིན། །
གོ་བདེའི་ཕྱིར་ན་ཆེས་ཆུང་ངུའི། །
དངོས་པོ་རིགས་ནི་དཔེ་རུ་སྟོན། །
དངོས་པོ་རིགས་ཀྱི་གོ་དོན་ལ། །
འདོད་ཚུལ་མང་ཡང་གཙོ་བོ་ནི། །
རིགས་དབྱེ་མ་ལག་རྨང་གཞིའི་ཁྲོད། །
ཆུང་མཐར་གྲུབ་པའི་དུམ་བུ་ཞིག །
གཞན་ལས་ལོགས་སུ་གྲུབ་པ་དང་། །
གཞན་དང་མི་མཚུངས་ཁྱད་ཆོས་ཅན། །
དངོས་ཡོད་རང་རྐྱ་ཐུབ་པའི་རིགས། །
གཏན་ཆགས་ངོ་བོ་ལྡན་པར་འདོད། །
ཚན་རིག་རིག་ཚན་ཕྱོགས་གཏོགས་ནི། །
དུས་དང་བསྟུན་ནས་འགྱུར་དགོས་ཤིང་། །
དོན་དང་བསྟུན་ནས་ཁ་བསྐང་པ། །
དགོས་ངེས་ལྟར་དུ་ཞིབ་བུར་བཤིགས། །
དེ་བཞིན་འདིའང་རིག་ཚན་གྱི། །
འཕེལ་ཁར་བསྟུན་ནས་རང་བྱུང་ལ། །
ཡང་བསྐྱར་ངོས་འཛིན་ཟབ་ཞུགས་ཀྱིས། །
གཏིང་ཟབ་འཐུས་ཚང་བྱེད་པའོ། །
དུས་རབས་བཅོ་བརྒྱད་དུས་སྐབས་སུ། །
གཏན་ཆགས་འགྱུར་མེད་ངོས་འཛིན་བྱས། །
འཕོ་འགྱུར་སྨྲ་ལུགས་དར་བ་ནས། །
དངོས་པོ་རིགས་ནི་ཡུན་རིང་ལ། །
རྒྱུད་འགྱུར་པ་དང་རྒྱུད་འཛིན་པ། །
རང་བྱུང་གདམ་གས་གྲུབ་པར་འདོད། །
རིགས་དང་རིགས་བར་རྒྱུན་མཐུད་ཡོད། །
འོན་ཀྱང་སྐྱེ་དངོས་རྒྱུན་མཐུད་ཀྱི། །
འཕེལ་འགྱུར་ཁྲོད་དུ་རྒྱུན་ཆད་དེ། །
དུམ་བུར་གྲུབ་པའི་རང་ཚུགས་ཅན། །
རིགས་ཉིད་འཕེལ་བའི་ཚོགས་སྤྱི་སྟེ། །
རང་རིགས་འབའ་ཞིག་རྒྱུད་སྤེལ་བྱེད། །
དངོས་པོ་རིགས་ལ་འགྱུར་མི་འགྱུར། །
རྒྱུན་མཐུད་ཆད་པ་གཉི་ག་ཡོད། །
འགྱུར་ནི་བལྟོས་མེད་ཐག་ཆོད་དེ། །
དངོས་རིགས་འཕེལ་བའི་གཞི་རྩ་ཡིན། །
མི་འགྱུར་བལྟོས་ས་བལྟོས་འཇོག་གིས། །
དངོས་རིགས་གནས་སྡོད་གཞི་རྩ་ཡིན། །
དངོས་གཟུགས་ཁྱད་ཆོས་འདྲ་བ་དང་། །
སྐྱེ་འཕེལ་མཚུངས་པ་ལོགས་སུ་བཀར། །
རྒྱུད་འདྲེས་སྡེབ་སྦྱོར་མི་ནུས་པ། །
འགྱུར་བ་མེད་ཅིང་རིགས་ཞེས་བྱའོ། །

༈ སྲོག་ཆགས་ཞེས་པའི་མཚན་ཉིད་ནི། །
སྐྱེ་ལྡན་ཟས་སུ་བཟའ་བྱེད་ཅིང་། །
ཚོར་བ་ལྡན་ལ་འགུལ་སྐྱོད་དམ། །
རང་དབང་གིས་ནི་རྒྱུ་འགུལ་དང་། །
འཁོར་སྐྱོད་ཐུབ་པའི་དངོས་རིགས་ལ། །
སྲོག་ཆགས་ཟེར་ཞིང་མིའང་འདུ། །
དེ་ཡི་སྒྲ་བཤད་འདི་སྐད་དེ། །
ཕྲ་ཕུང་རྡུལ་ཕྲ་མང་པོའི་ཚོགས། །
ལྷན་དུ་འདུས་ཤིང་གཟུགས་སུ་གྲུབ། །
སྲོག་དང་ལྡན་པའི་བདག་ཉིད་དོ། །
ཕྲ་རབ་སྲོག་ཆགས་ཧ་ཅང་ཆུང་། །
སོར་སྐྱེས་མིག་གིས་མཐོང་མི་སྲིད། །
ནང་གསེས་འབུ་ཕྲ་སྲིན་ཕྲ་དང་། །
ཉིང་ཕྲ་གསུམ་དུ་དབྱེ་བའོ། །
སྔ་མ་གཉིས་ནི་མཐོང་སླ་ཞིང་། །
ཕྱི་མ་ཕྲ་བ་མཐར་ཐུག་དང་། །
གནས་དང་ཆགས་ཚུལ་དཔོག་པར་དཀའ། །
མནར་མེད་དམྱལ་བའི་ཚ་གྲང་ངམ། །
རྡོ་རྗེ་དམྱལ་བའི་བཤད་ཚུལ་བཞིན། །
ངོས་འཛིན་ཙམ་ཡང་ཤིན་ཏུ་དཀའ། །
སྲོག་ཆགས་ལ་ནི་གཟུགས་དབྱིབས་དང་། །
ལུས་ཁམས་ངེས་ཅན་ཡོད་པ་སྟེ། །
བཟའ་བཏུང་འཇུ་བྱེད་མ་ལག་ལྡན། །
དབུགས་ལ་འབྱིན་རྔུབ་འཁོར་སྐྱོད་ཅན། །
བཤང་བ་ཚོར་མྱོང་འགུལ་སྐྱོད་དང་། །
ཚེ་སྲོག་སྐྱེ་འཕེལ་ནུས་པ་ལྡན། །
དེ་ལྟ་བས་ན་ཞིབ་འཇུག་གིས། །
གཟུགས་དབྱིབས་ལུས་ཁམས་ཆགས་གྲུབ་དང་། །
སྦྲུམ་རྟེན་འཚར་སྐྱེ་ཁྱད་ཆོས་རྟགས། །
ལུས་ཁམས་གོམས་སྲོལ་འཚོ་སྡོད་གནས། །
ཁོར་ཡུག་ཁྱད་རྟགས་གཞིར་བཟུང་ནས། །
འདྲ་མཚུངས་དབྱེ་བས་རིགས་སུ་བཀར། །
སྲོག་ཆགས་མིང་བརྡའི་གྲུབ་ཚུལ་ལ། །
རྒྱལ་སྤྱིའི་སྟེང་དུ་གཅིག་གྱུར་སྒོས། །
གཏན་ལ་ཕབ་པ་ཚན་རིག་སྟེ། །
“རིགས་ཚན་ཉིས་ལྡན”འདོགས་ཐབས་ཟེར། །
དངོས་པོ་གཅིག་ལ་མིང་གཅིག་རུང་། །
ཚན་དང་ཁག་གི་མིང་དྲས་ཏེ། །
ཚན་ཁག་མི་འགལ་རྒྱ་ཡིས་གདབ། །
ཚེག་ཁྱིམ་ཐོག་མ་ཆེ་འབྲི་དང་། །
གཞན་དག་ཡིག་ཆུང་གསེག་ནས་འབྲི། །
མིང་ཡིག་དངོས་ནི་རིགས་ཀྱི་མིང་། །
གཅིག་དྲིལ“རིགས་ཚན་ཉིས་ལྡན”གྱི། །
འཁྲུལ་མེད་མིང་བརྡ་གྲུབ་པའོ། །
དེ་ལས་ནང་གསེས་གསར་བྱུང་གི ། 
རིགས་ཕལ་ལོགས་སུ་བཀར་གྱུར་ན། །
འགལ་འཛོལ་མེད་པའི་མིང་རྟགས་ལ། །
མཁས་པ་ཉིད་ཀྱི་མཚན་སྦྱོར་རམ། །
ཡང་ན་དམིགས་བསལ་ས་གནས་མིང་། །
འདོགས་སུ་རུང་བའི་གཏན་འཁེལ་ཏེ། །
འདི་ལ“རིགས་ཚན་སུམ་ལྡན”ཟེར། །
འབྱུང་འགྱུར་དར་ཁའི་སྒོ་མོ་ཡངས། །
སྲོག་ཆགས་རིགས་དབྱེ་གསལ་འབྱེད་ཀྱི། །
མ་ལག་རྒྱུན་ཁུངས་རིགས་འདེད་ནི། །
གཟུགས་གཞི་ཁྱད་ཆོས་ཕྱོགས་གཏོགས་དང་། །
རུས་ཚིགས་ཆགས་གྲུབ་ཞིབ་བསྡུར་གྱིས། །
ཁྱད་གཤིས་འདྲ་མིན་བརྟགས་ཤིང་དཔྱད། །
མཇུག་འབྲས་མང་པོ་སྡོམ་རྩིས་ཀྱིས། །
སོ་སོར་དབྱེ་ཞིང་བཀར་བ་ནི། །
རྨང་གཞི་བརྟན་པོའི་གཞི་འཛིན་སའོ། །

༈ གདོད་མའི་སྐྱེ་དངོས་རིག་པ་དང་། །
སྦྲུམ་རྟེན་རིག་པའི་ཞིབ་བསྡུར་མཆོག །
གཤགས་དཔྱད་རིག་པའི་དམར་དཔེ་འབུམ། །
ཁུངས་སུ་བཅོལ་དང་གཞིར་བཟུང་གིས། །
སྲོག་ཆགས་ཁམས་ཀྱི་རིགས་དབྱེ་དག །
རང་བྱུང་རིག་པས་གསལ་དུ་འགྲེལ། །
ཉེ་བའི་ལོ་ངོ་བཅུ་ཕྲག་འགར། །
སྲོག་ཆགས་རིགས་ཀྱི་དབྱེ་དགར་ལ། །
རིག་པའི་གཞུང་ལུགས་རྔམས་ཁ་མཐོ། །
ཞིབ་འཇུག་ལས་ཀྱི་འཕེལ་ཁ་དར། །
ལྟ་གྲུབ་མི་མཐུན་སྣ་ཚོགས་བྱུང་། །
བྱིངས་སུ་སྤྱོད་དང་གཞི་མཐུན་པ། །
རྣམ་བཞིར་གྲགས་པ་རག་བསྡུས་ཙམ། །
ཚིག་ཉུང་བསྡུ་མས་ངོ་སྤྲད་ན། །
ཉིང་ལག་སྨྲ་བའི་འདོད་ཚུལ་ནི། །
མ་ལག་སྐྱེ་འཕེལ་ཁྲག་འབྲེལ་ཡིན། །
ཁྲག་རྒྱུད་འབྲེལ་བས་སྡེ་ཚན་བཀར། །
རིགས་མཐུན་མེས་པོ་གཅིག་ལ་གཏུག །
འཕེལ་འགྱུར་སྨྲ་བའི་འདོད་ཚུལ་ནི། །
སྐྱེ་འཕེལ་ཁྲག་རྒྱུད་མ་གཏོགས་པའི། །
སྡེ་ཚན་བར་དང་འཕེལ་ཕྱོགས་དང་། །
མེས་པོ་བུ་རབས་རིམ་འགྱུར་བར། །
གོ་རིམ་མང་ཞིང་འཕོ་འགྱུར་ཆེ། །
འགྱུར་ཚད་རིམ་པ་ཀུན་ལ་འབྲེལ། །
གྲངས་འབོར་སྨྲ་བའི་འདོད་ཚུལ་ནི། །
ཁྱད་ཆོས་གང་ཡང་དམིགས་བསལ་མེད། །
སྤྱི་ཡི་ངོས་ནས་འདྲ་མཚུངས་ཚད། །
གློག་རྡུལ་རྩིས་ཀྱིས་རྟིང་ཐག་གཅོད། །
སྔ་དུས་ཁྱད་ཆོས་དབྱེ་འབྱེད་ཀྱི། །
གཞི་འཛིན་ས་ནི་གཟུགས་གཞི་སྟེ། །
སྒོས་སུ་ཐད་ཀར་སྣང་བའི་གཟུགས། །
དབྱིབས་དང་རྣམ་པ་གཙིགས་སུ་འཛིན། །
ཕྱིས་སུ་གློག་རྡུལ་འདྲ་བཤུའི་རྩལ། །
བེད་སྤྱོད་དར་ཁྱབ་བྱུང་བ་ནས། །
ནང་གི་གྲུབ་ཚུལ་ཕྲ་མོའི་གཟུགས། །
ཞིབ་བསྡུར་དབྱེ་འབྱེད་གསལ་ཆ་ཐོན། །
དེ་ལས་སྐྱེ་འཕེལ་ལོགས་བཀར་དང་། །
འཚོ་བའི་གོམས་སྲོལ་ཁོར་ཡུག་རྐྱེན། །
སྐྱེ་དངོས་རིག་པའི་ཁྱད་ཆོས་གྲུབ། །
དབྱེ་འབྱེད་གཞུང་གི་མ་ལག་གཙིགས། །
ཕྲ་ཕུང་རིག་པའི་ཁྱད་ཆོས་ནི། །
དཔེར་ན་ཚོས་རྒྱུའི་གྲངས་ཀ་དང་། །
ཆགས་གྲུབ་འགྱུར་ལྡོག་བྱུང་མིན་བརྟག ། 
ཚོས་རྒྱུ་སྟར་དབྱིབས་ལག་ཐབས་དང་། །
ཚོས་རྒྱུ་ཐིག་དབྱིབས་ལག་ཐབས་ཀྱིས། །
ཐིག་རིས་རྩིས་ལས་སྲོག་ཆགས་བཀར། །
སྐྱེ་དངོས་རྫས་འགྱུར་ལག་རྩལ་རིགས། །
འཕེལ་རིམ་གོམ་ཁ་དང་བསྟུན་ནས། །
རྫས་རྒྱུ་གྲུབ་ཆར་ཀུན་ནས་བརྟག །
ཁྱད་ཆོས་གསལ་བའི་མེ་ལོང་བཞིན། །
DNAདངRNA། །
གྲུབ་ཚུལ་འབྱེད་དང་རྒྱུད་འཕེལ་པ། །
སྤྲི་དཀར་ཆགས་གྲུབ་གསལ་འབྱེད་ཀྱིས། །
རྒྱུད་འཛིན་གྲུབ་ཆ་གཏན་དུ་འབེབས། །
དུས་རབས་བཅོ་བརྒྱད་དུས་དཀྱིལ་ལ། །
མཁས་དབང་ཁཱ་འར་ལེན་ནེདCarl Linnaeusཀྱི། །
«སྲོག་ཆགས་རིག་པའི»ཉི་ཟེར་གྱིས། །
རྨོངས་པའི་མུན་པ་མཐའ་རུ་བསྐྲད། །
ཉོག་འཁྲུག་འགལ་འཛོལ་རྗེན་དུ་ཕུད། །
དགར་ལུགས་ལ་འདྲ་མིན་འཆད་མགོ་ཚུགས། །
བསྡུས་ན་རིགས་ཆེན་བཞི་རུ་གྲགས། །
ངོ་སྤྲོད་རགས་བཤད་ཙམ་བགྱིས་ན། །
དང་པོ་སྲོལ་རྒྱུན་རིགས་དགར་ལུགས། །
གདོད་མའི་ལུགས་སམ་མཚན་གཞན་དུ། །
སྲོལ་རྒྱུན་ལྟ་ཚུལ་ཟེར་བའང་ཡོད། །
རིགས་འདིས་ཐད་ཀ་ཐད་བཙུགས་ཀྱིས། །
སྐྱེ་འཕེལ་ཕྱོགས་ནས་རིགས་དགར་དང་། །
མ་ལག་རྒྱུད་སྡེ་ཁུངས་འདེད་ཀྱིས། །
གཏན་འབེབས་བྱེད་ཅིང་ཐག་གིས་གཅོད། །
སྲོལ་རྒྱུན་ཐབས་ཚུལ་ཟེར་བའང་ཡོད། །
སྲོལ་འདིའི་གཙོ་བོ་རིག་མཐོང་དང་། །
ཉམས་མྱོང་ལྟར་དུ་རིགས་འདེད་ཀྱིས། །
མ་ལག་རྒྱུད་སྡེ་གཏན་འབེབས་བྱེད། །
སྟབས་བདེ་ཡིན་མོད་གཞུང་ལུགས་ཀྱི། །
རྒྱབ་རྟེན་གཉོམ་པས་དུས་འགྱུར་ཁྲོད། །
དོ་སྣང་བྱེད་མཁན་ཉུང་དུ་སོང་། །
གཉིས་པ་ཡན་ལག་རིགས་དགར་ལུགས། །
འཇར་མན་ཡུལ་གྱི་མཁས་དབང་མཆོག །
འབུ་སྲིན་རིགས་དགར་གསར་བཏོད་པ། །
ཧིན་ཉི་ཞི(Hennig·W·)ཡི་རིགས་པའི་གཞུང་། །
དར་ཞིང་རྒྱས་ལ་ཡོངས་ཁྱབ་ཅིང་། །
ཀུན་གྱིས་ཁས་ལེན་ཐོབ་པའོ། །
གསུམ་པ་འཕེལ་འགྱུར་རིགས་དགར་ལུགས། །
མཁས་དབང་མཱར(May)དང་ཞིན་ཕུ་སིན(Simpson)། །
ཚབ་མཚོན་ཡིན་པའི་ལུགས་ཤིག་སྟེ། །
ལུགས་འདིས་ཡན་ལག་ཁས་ལེན་ཞིང་། །
ཡན་ལག་རིགས་དགར་རྨང་གཞིའི་སྟེང་། །
ཉིང་ལག་དབྱེ་འབྱེད་གསར་དུ་བཏོད། །
ཉིང་ལག་དབྱེ་བ་ཞིབ་ཕྲ་སྒོས། །
མ་ལག་སྐྱེ་འཕེལ་ཞིབ་འཇུག་བྱེད། །
ཡན་ལག་རིགས་དགར་ལུགས་འདི་དང་། །
འཕེལ་འགྱུར་རིགས་དགར་ལུགས་གཉིས་ལ། །
མི་མཐུན་འགལ་བ་འགའ་ཡོད་དེ། །
རགས་བསྡུས་བཀོད་ན་གཤམ་གསལ་ལྟར། །
གཅིག་ནི་འཕེལ་འགྱུར་ལུགས་ལྟར་ན། །
མ་ལག་འབྲེལ་བ་གཏན་འབེབས་སྐབས། །
ཁྲག་རྒྱུད་འབྲེལ་བ་རྐྱང་རྐྱང་དང་། །
ཡན་ལག་གོ་རིམ་ཉག་ཅིག་གིས། །
འཕེལ་འགྱུར་བརྒྱུད་རིམ་ཐ་དག་ལ། །
གཅིག་བསྡུས་ཁ་ཚོན་གཅོད་མི་རུང་། །
གཞན་དུ་ཉིང་ལག་འཕེལ་འགྱུར་གྱི། །
ཚད་རིམ་སོ་སོར་སེམས་དགོས་སྙམ། །
གཉིས་ནི་འཕེལ་འགྱུར་ལུགས་ལྟར་ན། །
འབྱུང་ཁུངས་མེས་པོ་རིགས་གཅིག་པའི། །
རིགས་ཚོགས་ཡིན་པ་ཕལ་མོ་ཆེ། །
ཁྱུ་ཚོགས་ཁོངས་གཏོགས་གཅིག་ཏུ་འདོད། །
གསུམ་ནི་བརྟག་ཐབས་ཀྱིས་གླེང་ན། །
འཕེལ་འགྱུར་བས་ནི་དོན་དངོས་ཀྱི། །
བྱེ་བྲག་རིགས་ཚོགས་སོ་སོར་འབྱེད། །
ཡན་ལག་ལུགས་ཀྱིས་བརྟག་ཐབས་ལ། །
ཕྱི་ཚུལ་རྣམ་པའི་གཏན་ཚིགས་མང་། །
སྔོན་རྟོག་ཐལ་དྲགས་ངལ་རྒྱུའོ། །
བཞི་ནི་བཀོད་སྒྲིག་ཐད་གླེང་ན། །
འཕེལ་འགྱུར་རིགས་དགར་གོ་བདེ་ཞིང་། །
ཡན་ལག་རིགས་དགར་གོ་རིམ་མང་། །
བེད་སྤྱོད་མི་བདེ་ཉོག་རྫོབ་ཆེའོ། །
བཞི་པ་གྲངས་འབོར་རིགས་དགར་ལུགས། །
དུས་རབས་གོང་མའི་དུས་མགོར་དར། །
ཨ་ཏ་སིན(Adanson)གྱི་གློག་རྡུལ་རྩིས། །
ཆེ་ཆེར་དར་ནས་མགོ་ཚུགས་ཤིང་། །
སོར་ཁ(Sokal)སི་ཉེ་སིས(Sneath)གཉིས་ཀྱིས། །
དར་ཞིང་རྒྱས་པར་མཛད་པའོ། །
གྲངས་འབོར་ལུགས་ཀྱི་དགོངས་ཚུལ་ལ། །
གཞན་གྱི་ལུགས་ལ་དམིགས་བསལ་མང་། །
དམིགས་བསལ་ཅན་ལ་འཐེན་འཁྱེར་ཡོད། །
ཡང་དག་ཚན་རིག་བསླད་ཀྱིས་བརྫད། །
དཔེར་ན་ཁྱད་ཆོས་དམིགས་བསལ་གྱིས། །
འཕྲི་སྣོན་བྱེད་དང་ཕྱོགས་འཁྱེར་ཏེ། །
འདོད་ཕྱོགས་སྤེལ་བ་ཡང་དག་མིན། །
འོན་ཏེ་ཉིད་ལ་དེ་ཡོད་མིན། །
དངོས་རིགས་ཀུན་གྱི་ཁྱད་གཤིས་རྟགས། །
ཨང་རྩིས་གྲངས་ལས་ཞིབ་ཏུ་བསྡུར། །
ཉེ་མཚུངས་མཚུངས་པ་ཀུན་མཚུངས་ཚུལ། །
ཇི་བཞིན་དགར་ཞིང་ཡང་དག་ཕྱེ། །
འཇིག་རྟེན་དངོས་རིགས་ཁྲི་མ་འབུམ། །
ངོས་འཛིན་བྱེད་པར་མིང་བརྡ་གཙོ། །
མིང་ནི་དག་པར་མ་གྱུར་ཚེ། །
རྨོངས་པ་ཉིད་ཀྱིས་ཉོག་པར་འགྱུར། །
དེ་ལྟ་བས་ན་རང་ཉིད་ལ། །
ངེས་པར་བདག་པའི་མིང་ཞིག་མཁོ། །
གཙོ་ཕལ་དབྱེ་འབྱེད་གསལ་པོ་དང་། །
གོ་རིམ་སྒྲིག་སྟངས་འགལ་མེད་ཀྱིས། །
རིམ་པ་སྟར་ལ་བརྒྱུ་སྟངས་ནི། །
དབྱེ་འབྱེད་དཀར་ཆག་སྒྲིག་པའོ། །

༈ མིག་སྔར་སྲོག་ཆགས་རིག་པ་ཚོས། །
གཟུགས་དབྱིབས་ཕྲ་ཕུང་རྒྱུད་འཕེལ་དང་། །
ལུས་ཁམས་སྐྱེས་འགྱུར་སྐྱེ་ཁམས་ལུགས། །
ཁྱབ་ཁོངས་སོགས་ཀྱི་ཁྱད་ཆོས་ལ། །
ཁྱད་དུ་དམིགས་ཏེ་རིགས་བཀར་པ། །
གཙོ་ཆེར་རྣམ་རིམ་བརྒྱད་དུ་སྣང་། །
དེ་ནི་ལྗོངས་དང་ཁམས་དང་སྒོ། །
ཁོངས་དང་སྡེ་དང་ཚན་པ་དང་། །
ཁག་དང་རིགས་བཅས་བརྒྱད་དུ་འདུ། །
འདི་ནི་ཡོངས་ཁྱབ་རང་བཞིན་ཏེ། །
སྤྱིར་བཏང་བ་ལ་ལྗོངས་མི་སྤྱོད། །
ཅུང་ཟད་ཞིབ་ཕྲར་དབྱེ་བའམ། །
རྒྱས་པར་འགོད་སྐབས་ཁ་སྣོན་ཚུལ། །
སྤྱི་དང་ཕལ་བ་གཉིས་བསྣན་ཏེ། །
ཆེ་འབྲིང་ཆུང་གསུམ་རྒྱས་པར་འགྱུར། །
ལྗོངས་དང་ཁམས་ནི་རིགས་ཆེ་བས། །
ད་སྔ་ཁ་སྣོན་དགོས་པ་མེད། །
རིགས་གསར་བྱུང་ཚེ་བསྣན་དུ་རུང་། །
སྒོ་ལ་ཕལ་བ་བྱུང་མོད་ཀྱང་། །
རྒྱ་ཆེ་ཕྱིར་ན་ཉུང་ཉུང་ངོ་། །
སྤྱིའི་ཁོངས་ཁོངས་དང་ཁོངས་ཕལ་བ། །
སྤྱིའི་སྡེ་སྡེ་དང་སྡེ་ཕལ་བ། །
སྤྱིའི་ཚན་ཚན་དང་ཚན་ཕལ་བ། །
ཆེ་འབྲིང་ཆུང་གསུམ་དར་ཞིང་ཁྱབ། །
ཁག་དང་རིགས་ལ་གཙོ་ཕལ་གཉིས། །
འདི་ནི་དཀར་ཆག་སྒྲིག་སྟངས་སོ། །
དེ་ལས་ཞིབ་ཕྲས་ཡང་དགར་ཐབས། །
རབ་ཏུ་ཞིབ་ཅིང་མཚན་འདོགས་སྟངས། །
སོ་སོར་ཡན་ལག་ཉིང་ལག་གི །
ནང་གསེས་དབྱེ་བ་འདི་ལྟར་འབྱུང་། །
སྐོར་སྣ་ཁུལ་རིས་རྒྱུད་ཕྱོགས་དང་། །
རིམ་པ་ཁྱུ་སོགས་བརྒྱད་དུའང་ཡོད། །
ད་ནི་གོ་རིམ་ཆེ་བ་ནས། །
ཆུང་བ་རིགས་ཀྱི་བར་ལག་ཏུ། །
མཚན་ཐོ་བཞིན་དུ་ལེགས་སྒྲིག་ན། །
ཆེ་བརྒྱད་ཆུང་བ་ཞེ་དྲུག་སྟེ། །
ལྗོངས་ལ་ནང་གསེས་གསུམ་དུ་ཡོད། །
འབུ་ཕྲ་སྲིན་ཕྲ་ཉིང་ཕྲའོ(ཉིང་རྡུལ་སྐྱེ་དངོས)། །
ཁམས་ལ་ནང་ཁུལ་གསེ་ལུགས་མང་། །
དང་པོ་དུས་རབས་བཅོ་བརྒྱད་ལ། །
སྲོག་ཆགས་རྩི་ཤིང་ཁམས་གཉིས་ཀྱིས། །
གོ་བདེ་རིམ་པས་ཡོངས་སུ་བསྟན། །
གཉིས་པ་དུས་རབས་བཅུ་དགུའི་ནང་། །
ཁམས་གསུམ་མ་ལག་ཞིབ་ཏུ་བཀར། །
གདོད་སྐྱེས་སྐྱེ་དངོས་ཁམས་ཤིག་དང་། །
སྲོག་ཆགས་རྩི་ཤིང་ཁམས་གསུམ་བྱུང་། །
གསུམ་པ་དུས་རབས་ཉི་ཤུའི་ནང་། །
ཁམས་བཞི་མ་ལག་རབ་ཏུ་བཀར། །
ཟུར་སྐྱེ་ཁམས་དང་གདོད་སྐྱེས་ཁམས། །
སྲོག་ཆགས་རྩི་ཤིང་ཁམས་བཞིའོ། །
སྐྱེ་ལྡན་འབུ་ཕྲ་རྣམ་དབྱེ་ལ། །
གདོད་སྐྱེས་ཕྲ་མོའི་ཉིང་ཕྲ་དང་། །
གདོད་སྐྱེས་སྲིན་ཕྲ་རྣལ་མ་གཉིས། །
ཕྲ་ཕུང་འགྲུབ་པའི་རྒྱུ་རུ་བསྟན། །
བཞི་པ་ཁམས་ལྔ་མ་ལག་བྱུང་། །
འབུ་སྲིན་སྐྱེ་དངོས་ཕྲ་མོའི་ཁམས། །
གདོད་སྐྱེས་སྐྱེ་དངོས་ཁམས་དང་གཉིས། །
འབུ་ཕྲ་རྣལ་མའི་ཁམས་དང་གསུམ། །
སྲོག་ཆགས་ཁམས་དང་རྩི་ཤིང་ཁམས། །
འཚོ་བཅུད་ལྟར་དུ་ལྔ་རུ་བགྲང་། །
ལྔ་པ་དུས་རབས་ཉི་ཤུ་པའི། །
ལོ་རབས་བརྒྱད་ཅུར་ཁམས་དྲུག་བྱུང་། །
གདོད་སྐྱེས་སྲིན་འབུ་ཉིང་ཕྲ་ལ། །
གདོད་སྐྱེས་སྲིན་འབུ་ཕྲ་མོ་དང་། །
སྲིན་འབུ་རྣལ་མའི་ཁམས་གཉིས་བཀར། །
གདོད་སྐྱེས་སྲིན་ཕྲའི་སྐྱེ་དངོས་ཁམས། །
གདོད་སྐྱེས་སྐྱེ་དངོས་ཁམས་དང་གཅིག །
འབུ་ཕྲ་རྣལ་མའི་ཁམས་དང་གཉིས། །
སྲོག་ཆགས་ཁམས་དང་རྩི་ཤིང་ཁམས། །
ཡོངས་སུ་སྡོམ་ཚེ་དྲུག་ཏུ་གྲགས། །
སྒོ་ལ་ནང་གསེས་ཞེ་གསུམ་ཏེ། །
གདོད་མའི་སྲོག་ཆགས་རིགས་སྒོ་དང་། །
གཟེ་དབྱིབས་འབུ་དང་དྲང་རྐྱལ་འབུ། །
ཁུང་མང་སྲོག་ཆགས་མཚོ་བལ་མ། །
སྡེར་ལེབ་སྲོག་ཆགས་མཆོད་རྐོང་དབྱིབས། །
སྡོང་དབྱིབས་སྲོག་ཆགས་རྒྱུ་ལོང་དབྱིབས། །
གདུགས་དབྱིབས་སོ་མང་དབྱིབས་ཅན་ནམ། ། 
སོ་མང་ཧྲོས་མོའུ་དབྱིབས་ཅན་ཡོད། །
ལེབ་མོ་ནེམ་མའི་སྲོག་ཆགས་དང་། །
རྟེ་འབུ་རིགས་དང་ལྕེ་དབྱིབས་མ། །
མ་མགལ་གཉོམ་པའི་ལེབ་མོ་ཡོད། །
ནེ་འབུ་སྲོག་ཆགས་འབྱར་འབུ་རིགས། །
འབུ་སྲིན་སྲད་སྐུད་རིགས་ཅན་དང་། །
དེ་ལས་སྦོམ་པོའི་ཐིག་སྐུད་རིགས། །
གསུས་སྤུ་ཅན་དང་འཁོར་ལོ་དབྱིབས། །
རྣ་གཤོག་འགུལ་བའི་ཉ་རིགས་དང་། །
རྣ་གཤོག་བརྐྱང་དང་བསྐུམ་ཅན་ཡོད། །
ཚེར་མགོ་ཅན་དང་གོ་ཁྲབ་ཅན། །
བཤང་སྒོ་ཁོག་གནས་རིགས་ཅན་དང་། །
ཨ་ལུང་ཚིགས་མའི་དབྱིབས་ཅན་ཡོད། །
ཨ་ལུང་སྒོར་མོའི་དབྱིབས་ཀྱང་ཡོད། །
མཚོ་སྲིན་མེ་འཁྱེར་རིགས་སྒོ་དང་། །
མཉེན་གཟུགས་ཅན་དང་ལྕེ་དབྱིབས་དུང་། །
སུག་ལྡན་མཉེན་གཟུགས་སྲོག་ཆགས་ཡོད། །
དོམ་འབུ་དལ་འགྲོ་མའི་རིགས་དང་། །
སྡེར་མོ་ཅན་གྱི་འབུ་སྲིན་ཡོད། །
ཚིགས་མང་ཅན་དང་ནར་ནར་མ། །
བཤང་སྒོ་ཕྱི་རུ་གནས་པ་ཅན། །
གདོད་འབུ་ཐོམ་མགོ་མེར་མེར་བ། །
མཚོ་འབུ་སྤུ་ཚོམ་དབྱིབས་ལྡན་མ། །
སྒལ་ཕྲུམ་ཅན་དང་གྲ་འབྲུམ་ཅན། །
སྒལ་ཕྲུམ་མི་འཛོམས་ཕྱེད་མའི་རིགས། །
སྲ་སྐོགས་ཟུང་འབྱར་མ་ལ་སོགས། །
བསྡོམས་ཚེ་བཞི་བཅུ་ཞེ་གསུམ་མོ། །
རིགས་སྒོའི་འདི་དག་ཁྱབ་ཆེ་ཞིང་། །
སྟོངས་དང་གནས་པ་གཉི་ག་ཡོད། །
གནས་པའི་ཁྲོད་ཀྱི་རྒྱུན་མཐོང་བ། །
སྒལ་ཕྲུམ་ཅན་གྱི་སྲོག་ཆགས་ལ། །
རིགས་སྒྲེའི་ཚུལ་གྱིས་ཅུང་གླེང་ན། །
རིགས་སྒོ་དབྱེ་འབྱེད་གྲངས་སུ་འདྲེན། །
སྣ་སྒོ་འདི་ཡི་བྱུང་ཁུངས་ལ། །
རིགས་འདེད་ཅུང་ཟད་བྱས་ན་ནི། །
དང་པོར་གདོད་སྐྱེས་སྲོག་ཆགས་ལས། །
རིགས་འཕེལ་བྱུང་བ་ཉིད་ཡིན་ཏེ། །
སྟར་སྟར་བ་དང་མེར་མེར་བ། །
རྒྱུ་མ་ལོང་གའི་གཟུགས་ཅན་པ། །
སྒོར་མོའི་དབྱིབས་སོགས་འཕེལ་འགྱུར་ལས། །
གྲ་འབྲུམ་ཅན་གྱི་སྲོག་ཆགས་བྱུང་། །
དེ་ལ་རིམ་གྱིས་རྒྱུངས་ཕྲུལ་རྒྱས། །
ཕྱེད་དུ་རྒྱས་དང་ཡོངས་རྒྱས་ཚུལ། །
འདྲ་བོ་མིན་ཡང་བསྐལ་བའི་ཁྲོད། །
མགོ་རྔ་རིམ་པར་ཡོངས་སུ་རྒྱས། །
འདི་ལ་སྣ་སྒོ་དགུ་རུ་དབྱེ། །
མངོན་དང་མི་མངོན་གཉིས་སུ་ཕྱེ། །
མི་མངོན་པ་ནི་གདོད་སྐྱེས་ཏེ། །
ལྐོག་ཕྲུམ་ཅན་དང་རྔ་ཕྲུམ་ཅན། །
མགོ་མེད་སྲོག་ཆགས་གསུམ་དུ་བགྲང་། །
སྒལ་ཕྲུམ་ལྡན་པའི་སྲོག་ཆགས་ཡིན། །
སྒལ་ཕྲུམ་མངོན་པའི་རིགས་ལ་དྲུག །
མ་མགལ་མེད་པའི་སྲོག་ཆགས་དང་། །
ཉ་མོའི་རིགས་དང་ཉིས་སྡོད་རིགས། །
གོག་འགྲོས་རིགས་དང་འདབ་ཆགས་དང་། །
འོ་འཐུང་སྲོག་ཆགས་དྲུག་ཏུ་བགྲང་། །
སྒལ་ཕྲུམ་ཅན་གྱི་སྲོག་ཆགས་ཟེར། །

༈ ཁྱད་པར་མཐོ་སྒང་རྒྱུན་མཐོང་གི །
སྲོག་ཆགས་གླེང་ན་སྣ་སྒོ་གཉིས། །
འདབ་ཆགས་བྱ་དང་འོ་འཐུང་རིགས། །
སྤྱི་དང་བྱེ་བྲག་གཉིས་སུ་གླེང་། །
འཛམ་བུ་གླིང་གི་འདབ་ཆགས་དང་། །
ཀྲུང་གོའི་འདབ་ཆགས་གཤིབ་བསྡུར་ན། །
འཛམ་བུ་གླིང་གི་འདབ་ཆགས་རིགས། །
ཆིག་ཁྲི་དགུ་བརྒྱ་དོན་གཉིས་ཡོད། །
རིགས་ཕལ་སྡོམ་པའི་སྤྱི་གྲངས་ལ། །
ཆིག་ཁྲི་དགུ་སྟོང་བརྒྱད་བརྒྱ་དང་། །
གྱ་དགུ་ཡོད་མོད་དེའི་ཁྲོད་ཀྱི། །
བརྒྱ་དང་དྲུག་ཅུ་སྟོངས་པར་གྲགས། །
ཉེ་ཆར་སྡོམ་རྩིས་གྲངས་ཤིག་ན། །
ཚན་ལ་ཉིས་བརྒྱ་ཞེ་དགུ་དང་། །
རིགས་གྲངས་ཆིག་ཁྲི་བརྒྱད་བརྒྱད་དང་། །
བརྒྱ་མེད་ཉེར་བཞི་བདེན་པར་བསྟན། །
ཀྲུང་ཧྭ་འཛིན་མའི་ཁྱོན་ཡོངས་ཀྱི། །
འདབ་ཆགས་བྱ་རིགས་སྡེས་བཀར་སྟེ། །
སོ་སོར་བགྲང་ན་ཉེར་དྲུག་སྟེ། །
ཉེ་མཚུངས་ལྟར་དུ་རིམ་པར་འགོད། །
བགྲོད་ལ་རྩལ་ཆེའི་བྱ་དེའི་སྡེ། །
འཕུར་ལ་རྒྱང་བའི་ངང་ཁྲུང་སྡེ། །
ཚེ་རིང་ལྷ་བྱ་ཁྲུང་ཁྲུང་སྡེ། །
མེའེ་གླིང་ཕྱོགས་ཡོངས་ཁྲུང་དམར་སྡེ། །
ཤིན་ཏུ་ཆེ་བའི་ཐིང་ཁྲུང་སྡེ། །
ཁེར་འདུག་དགའ་བའི་བཞད་ཀྱི་སྡེ། །
ཆུ་ལ་འཛུལ་དགའི་ཕུ་དི་སྡེ། །
ཉ་འཛིན་རྔོན་པ་སོ་བྱའི་སྡེ། །
ཆུ་ངོགས་མྱུལ་བའི་གཟི་ཐིང་སྡེ། །
འདམ་ཆུར་འཛུལ་པའི་འདམ་བྱའི་སྡེ། །
འཕྲུལ་ཞིང་གཡོ་བའི་ཕུག་རོན་སྡེ། །
བས་མཐའ་འགྲིམ་པའི་ཙ་ཀོ་ར། །
སྡེར་རྩལ་རྣོ་བའི་གླག་གི་སྡེ། །
འཕུར་རྩལ་རྐྱེན་པའི་ཁྲ་ཡི་སྡེ། །
མཚན་མོར་སྐྱོད་པའི་སྲིན་གླག་སྡེ། །
གཏུམ་བྱ་མཚན་རྒྱུ་འུག་པའི་སྡེ། །
རླུང་ལ་རྩེན་དགའི་རླུང་སྐྱར་དང་། །
རྒྱ་མཚོའི་ཀློང་གི་ཀློང་སྐྱར་སྡེ། །
གླིང་ཕྲན་འགྲམ་གྱི་ཅེན་སྐྱར་སྡེ། །
སྐད་ངག་འཛོམས་པའི་ཁུ་བྱུག་སྡེ། །
མདོག་དབྱིབས་འཛོམས་པའི་ཁྱུང་ཡུག་སྡེ། །
ཁྲ་ཚོན་རྒྱས་པའི་མཆོག་གསུམ་སྡེ། །
ཤིང་རྐོན་སྡོང་བརྐོ་ཤིང་རྟ་མོ། །
ངག་སྙན་སྨྲ་མཁས་ནེ་ཙོའི་སྡེ། །
བསེ་བྱ་མཆུ་རིང་པུ་ཤུད་སྡེ། །
བྱ་བྱིའུ་མཆིལ་བའི་སྡེ་སོགས་སོ། །
ཉེ་སྔོན་དངོས་སུ་བརྙན་བླངས་པ། །
རིགས་སུ་བསྡོམས་ཚེ་ཆིག་སྟོང་དང་། །
ལྔ་བརྒྱ་བཅུ་མེད་དང་ལྔ་སྟེ། །
འདབ་ཆགས་དྲ་རྒྱའི་སྒང་དུ་གསལ། །
དེའི་ནང་རྒྱལ་ཁབ་རིམ་པ་ཡི། །
སྲུང་སྐྱོབ་ཨང་རིམ་དང་པོའི་རིགས། །
གླག་སོགས་དགུ་བཅུ་གོ་གཉིས་ཡོད། །
སྲུང་སྐྱོབ་ཨང་རིམ་གཉིས་པ་ལ། །
སུམ་བརྒྱ་བཅུ་མེད་གཉིས་ཡོད་ཅིང་། །
ས་གནས་སོ་སོར་དེ་བཞིན་ཡོད། །
འོ་འཐུང་སྲོག་ཆགས་ལ་དབྱེ་ན། །
སྣ་སྒོ་དགུ་སྟེ་སོ་སོ་ནི། །
སྒང་རིགས་སྒོ་དང་གཅན་གཟན་སྒོ། །
ཤ་གཟན་སྒོ་དང་སྤྲ་སྤྲེའུ་སྒོ། །
ཙིག་མ་གླང་སྟེ་གླང་ཙིག་དང་། །
བྱ་མ་བྱེའུ་ཕ་ཝང་སྒོ། །
བྲ་ཙིག་སྒོ་དང་སྨིག་ལྕགས་ཅན། །
སྨིག་དབྲག་ཅན་གྱི་ནོར་སྒོ་དགུའོ། །
དེ་ལའང་ནང་གསེས་སྡེ་བཅུ་གཉིས། །
ཚན་སྐོར་བརྒྱ་དང་ཉེར་དགུ་ཡོད། །
ཁག་ནི་ཆིག་སྟོང་དགུ་བརྒྱ་དང་། །
བཅུ་མེད་གསུམ་དུ་བགྲང་བ་དང་། །
རིགས་ལ་ལྔ་སྟོང་དགུ་བརྒྱ་དང་། །
བདུན་ཅུ་ཐམ་པར་བགྲང་བའོ། །
ཀྲུང་གོར་ཁེབས་པའི་འོ་འཐུང་གི །
སྲོག་ཆགས་སྡེ་ལ་བཅུ་གཉིས་དང་། །
ཚན་ལ་ལྔ་བཅུ་ང་དགུ་ཡོད། །
ཁག་ལ་ཉིས་བརྒྱ་ང་བཞི་དང་། །
རིགས་ལ་དྲུག་བརྒྱ་གྱ་དྲུག་གོ །
དེའི་ནང་རྒྱལ་ཁབ་རིམ་པ་ཡི། །
སྲུང་སྐྱོབ་ཨང་རིམ་དང་པོ་ནི། །
སྟག་གཟིག་གླ་སོགས་ཞེ་དྲུག་དང་། །
སྲུང་སྐྱོབ་ཨང་རིམ་གཉིས་པ་ནི། །
སྤྱང་ཀི་ལ་སོགས་བཞི་བཅུའོ། །
འདི་དག་སྲུང་དང་སྐྱོབ་པའི་ལས། །
བྱིངས་ལ་ཁྱབ་ཅིང་ཁྲིམས་ཀྱིས་སྐྱོར། །
ས་གནས་སོ་སོས་གང་མཐུན་སྒོས། །
ཆེད་དམིགས་སྲུང་སྐྱོབ་གཏན་ལ་ཕབ། །
འདི་ནི་སྲོག་ཆགས་རྣམ་རིམ་དང་། །
རིགས་དབྱེ་གོ་བདེའི་ཕྱོགས་སྟོན་ཏེ། །
ལྷག་བསམ་དཀར་པོས་ཕུལ་བ་ལ། །
དོན་བཟང་འབྲས་བུ་སྨིན་གྱུར་ཅིག །

ཟུར་མཆན།
༡ རིམ་པ་བརྒྱད་དུ་དབྱེ་སྟངས་ཤན་སྦྱར།
ལྗོངས། 域 Domain  ཁམས། 界 Kingdom  སྒོ། 门 Phylum   ཁོངས། 纲 Class
སྡེ། 目 Order   ཚན། 科 Family(-idae)  ཁག 属 Genus  རིགས། 种 Species

༢ སྤྱི་དང་ཕལ་བ་བསྣན་པའི་དབྱེ་སྟངས་ཤན་སྦྱར།
ལྗོངས། 域 Domain  ཁམས། 界 Kingdom  སྤྱིའི་ཁོངས། 总 Superclass
ཁོངས། 纲 Class  ཁོངས་ཕལ། 亚纲 Subclass  སྤྱིའི་སྡེ། 总目 Superorder
སྡེ། 目 Order   སྡེ་ཕལ་བ། 亚目 Suborder  སྤྱིའི་ཚན། 总科 Superfamily(- oidea)
ཚན། 科 Family(-idae)  ཚན་ཕལ་བ། 亚科 Subfamily(-inae)   ཁག 属 Genus  ཁག་ཕལ་བ། 亚属 Subgenus  རིགས། 种 Species  རིགས་ཕལ་བ། 亚 Subspecies

༣ ནང་གསེས་ཉིང་གསེས་ཀྱི་དབྱེ་སྟངས་ཤན་སྦྱར།
部 division སྐོར།   股 cohort སྣ།   区 region ཁུལ།    族 tribe རིས།
组 section རྒྱུད།   派 section ཕྱོགས།  级 grade རིམ་པ། 群 group  ཁྱུ།

རྩོམ་པ་པོ་ངོ་སྤྲོད།
       ཚེ་དབང་རྣམ་རྒྱལ་ནི1972ལོར་རྨ་ལྷོ་གཅན་ཚ་རྫོང་སྐྱ་རྒྱ་སྐྱང་རྩེ་ཚང་དུ་སྐྱེས་ཤིང་། ད་ལྟ་ཧོ་ནན་རྫོང་ལས་བྱེད་རྒན་པ་ཞབས་ཞུ་ལྟེ་གནས་དང་ཟི་ལིང་གནས་སྡོད་ཞབས་ཞུ་ལྟེ་གནས་ཀྲུའུ་རེན་གྱི་འགན་ཁུར་ཡོད། 1998ནས་ད་བར་དུ་སྲིད་འཛིན་གྱི་ལས་སུ་ཞུགས་ཤིང་སྔ་གཞུག་ཏུ་ཞང་གྲོང་རིམ་པ་ནས་རྫོང་རིམ་པའི་ལས་སྒོ་སྣ་ཚོགས་བརྒྱུད་མྱོང་མོད། ལས་རིགས་ཀྱིས་དགའ་ཕྱོགས་གསོ་སྐྱོང་དང་། དགའ་ཕྱོགས་ཀྱིས་རིག་གནས་ལ་ཞབས་ཞུ། ཞབས་ཞུ་ཡིས་ས་གནས་ལ་གྲུབ་འབྲས་དང་ཤན་ཤུགས་ཅུང་ཟད་བཞག་ཡོད་དེ། ཧོ་ནན་རྫོང་གི་ནགས་ས་རྒྱ་བསྐྱེད་པ་དང་། མཚོ་སྔོན་ཀླུ་ཆུའི་མགོ་ཁུངས་རྒྱལ་ཁབ་རིམ་པའི་བརླན་ས་སྤྱི་གླིང་གསར་འཛུགས་བྱས་པ། མཐོ་སྒང་གི་གཅན་གཟན་རྒྱལ་པོ་གསའ་གཟིག་གསར་རྙེད་དང་གསའ་གཟིག་རྟོག་ཞིབ་སོགས་ཀྱིས་མཚོ་སྔོན་གཙང་གསུམ་འབྱུང་ཡུལ་རི་སྐྱེས་སྲོག་ཆགས་སྲུང་སྐྱོབ་ལ་ལམ་ཁ་གསར་པ་བཏོད། བརྙན་མིག་གིས་སྐྱེ་ཁམས་ལ་ཞབས་ཞུ་གང་ལེགས་སྒྲུབ་པས“མཚོ་སྔོན་མི་བཟང”གི་མཚན་སྙན་ཐོབ་ཅིང་། ལོ་ངོ་བཅུའི་རིང་ལ་མཐོ་སྒང་གི་རི་སྐྱེས་སྲོག་ཆགས་དང་འདབ་ཆགས་ཡུལ་དངོས་བརྙན་ལེན་ཟིན་ཐོར་བཀོད་དེ«རྨ་ལྷོ་སོག་རྫོང་གི་འདབ་ཆགས»དང«རྨ་ལྷོ་སོག་རྫོང་གི་སྐྱེ་ཁམས་བརྙན་དེབ» «རྩེ་ཁོག་རྫོང་གི་སྐྱེ་ཁམས་བརྙན་དེབ»བཅས་པར་དུ་བསྐྲུན་ཡོད། ད་ལྟ་ལས་ཞོར་དུ་འདབ་ཆགས་དྲ་གླིང་མཚོ་སྔོན་ལེ་ཚན་ལག་བསྟར་པའི་འགན་འཁུར་བཞིན་ཡོད། །
འབྲེལ་ཡོད་འོས་སྦྱོར།