logo

མདོ་དབུས་མཐོ་སྒང་གི་འཁྱགས་ཀླུང་འགྲམ་རྒྱུད་ཀྱི་རྩི་ཤིང་སྣ་ཚོགས།(༢)

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2024-03-18 ཀློག་གྲངས།:
ས་མཐོའི་ནའོ་ཡ་ལྷ་གྲུ།
       གདན་དབྱིབས་རྩི་ཤིང་།
གདན་དབྱིབས་རྩི་ཤིང་། པར་ལེན་མཁན། ཀུའོ་ཧྲི་ཝེ། ཁྲིན་ཅེན་ཀུའོ།
       འཁྱགས་ཀླུང་འགྲམ་རྒྱུད་ཀྱི་གདུག་རྩུ་ཆེ་བའི་ནམ་ཟླའི་ཆ་རྐྱེན་འོག་ཏུ"དཔུང་བསྒྲིགས"ཏེ་གནས་འཆའ་བའི་རྩི་ཤིང་རིགས་ཤིག་དཔའ་ངར་ཞུམ་མེད་ངང་སྐྱེ་བཞིན་ཡོད་དེ། དཔེར་ན་རྡོ་སྨྱུག་གི་ཚན་དང་ཐུམ་རྩྭའི་ཁོངས་སུ་གཏོགས་པའི་ཐུམ་རྩྭ་དང་ཨ་ཀྲོང་གི་ཁོངས་སུ་གཏོགས་པའི་སྤང་ཨ་ཀྲོང་སོགས་ལྟ་བུའོ། །རྩི་ཤིང་འདིའི་རིགས་ལ་དཔེ་མཚོན་གྱི་ཁྱད་ཆོས་ཤིག་ཡོད་པ་ནི་ས་འོག་ཏུ་སྦོམ་ཞིང་མཁྲེགས་པའི་ཤིང་གི་རྩད་པ་ཡོད་པ་དེ་ཡིན་ལ། མངོན་གསལ་མིན་པའམ་ཧ་ཅང་ཐུང་བའི་གཞུང་རྟ་མང་པོ་ཚགས་དམ་པའི་ངང་ས་ངོས་དང་བྲག་རྡོ་སོགས་ཀྱི་སྟེང་དུ་འབྱར་ཏེ་སྐྱེས་ཡོད། ལོ་མང་བོར་འགྱེད་འཕྲོའི་རང་བཞིན་གྱི་སྐྱེ་འཚར་བྱུང་བ་བརྒྱུད། ཡལ་ག་ཕྲ་མོ་རྣམས་ཚགས་དམ་པའི་ངང་ཕྱོགས་གཅིག་ཏུ་འཚངས་པ་ལས་དབྱིབས་ཟླུམ་ཕྱེད་དང་སྒོར་དབྱིབས་ཅི་རིགས་ཀྱི་ཚོགས་སྤྱིའི་ཁྱད་རྟགས་གྲུབ་ཡོད་ལ། རྒྱང་ནས་བལྟས་ན་རྩི་ཤིང་དེ་དག་ནི་རྡོ་ཧྲུག་གི་གསེང་ནས་ཡར་འབུར་བའི་ཅུང་རྡོག་ལྗང་ཁུ་རེ་དང་མཚུངས་པར། བྲག་རྡོ་དང་ས་ངོས་སུ་དམ་པོར་འབྱར་ཡོད་ལ། གྲངས་མེད་པའི་ཡལ་ག་ཕྲ་མོ་མང་པོ་གནས་གཅིག་ཏུ་འཚངས་ཏེ་སྐྱེས་པས། སྲ་ཞིང་བརྟན་པའི་བྲག་རྡོའི་སྟེང་དུ་གདན་མཐུག་པོ་ཞིག་བཏིང་བ་དང་འདྲ། དེ་བས་རྩི་ཤིང་འདི་དག་ལ་སྣང་བརྙན་གྱི་སྒོ་ནས“གདན་དབྱིབས་རྩི་ཤིང”ཞེས་འབོད།

མགོ་སྒུར་བ་ནི་ཤེས་རབ་ཅིག་ཡིན།
       མགོ་སྒུར་རྩི་ཤིང་།
གཡོན། སྒ་ཤོ། པར་ལེན་མཁན། ཞའོ་ཚའེ།
གཡས། མུ་ཉུང་སེར་པོ། པར་ཁུངས། མཚོ་སྔོན་པོ་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོབ་ཁུལ།
       མེ་ཏོག་ནི་ངེས་པར་དུ་མགོ་བོ་ཡར་དགྱེས་ཏེ་འགྱིང་སྟབས་ཀྱིས་བཞད་དགོས་པ་ཞིག་ཡིན་ནམ། མེ་ཏོག་ཉི་དགའ་ཉི་མར་ཁ་གཏད་དེ་བཞད་པའི་གོམས་སྲོལ་གྱིས་ང་ཚོར་དེ་ལྟ་བུའི"ལྟ་ཚུལ་ཕྱོགས་རེ་བ"ཞིག་གྲུབ་ཡོད་སྲིད། ཡིན་ནའང་མེ་ཏོག་ཉི་དགའ་དང་འདྲ་བར་ལུག་མིག་གི་ཚན་ལ་གཏོགས་ནའང་། མཐོ་སྒང་གི་འཁྱགས་ཀླུང་འགྲམ་རྒྱུད་དུ་ལུག་མིག“མགོ་སྒུར”མང་པོ་ཞིག་གིས་ཐོག་མཐའ་བར་གསུམ་དུ་མགོ་བོ་བསྒུར་ཏེ་འཚར་སྐྱེ་འབྱུང་བཞིན་ཡོད། ཁོངས་གཏོགས་འདིའི་རྩི་ཤིང་དག་གི་དཔེ་མཚོན་རུང་བའི་ཁྱད་ཆོས་ནི་མེ་ཏོག་གི་འདབ་མར་བང་རིམ་མེད་པ་དེ་ཡིན་ལ། འདབ་མ་རྐྱང་བ་མཉམ་དུ་འདུས་ཏེ་མེ་ཏོག་ཆེན་པོ་ཞིག་གི་དབྱིབས་གྲུབ་ཡོད། མེ་ཏོག་དེ་དག་གི་མགོ་མར་བསྒུར་ཡོད་པ་དང་། དབྱིབས་འགྱེད་འཕྲོའི་ཁ་ཕྱོགས་ལྟར་ཕྱོགས་བཞིར་བརྐྱངས་ཡོད་པའམ་སྡེར་མའི་དབྱིབས་དང་འདྲ། མེ་ཏོག་མར་དཔྱངས་ཡོད་པས“མགོ་སྒུར་རྩི་ཤིང”ཞེས་འབོད།

སྦས་སྐུང་མཁན་པོ།
       རྫུ་སྤྲས་རྩི་ཤིང་།
གོང་མ། ཁ་དོག་གི་འོག་ཏུ་བསྐུངས་པའི་ཨ་བི་ཥ།
ཞོལ་མ། སྲོལ་གོང་སྨུག་པོའི་ཁ་དོག་ནི་ཉེ་འཁོར་གྱི་བྲག་རྡོས་བསྒོས་པ་དང་འདྲ།
པར་ཁུངས། ཞིང་ལས་དཔལ་འབྱོར་དྲ་བ།
       འཁྱགས་ཀླུང་འགྲམ་རྒྱུད་ཀྱི་རྩི་ཤིང་གི་ཁྲོད་དུ་རྩི་ཤིང་འཇིག་རྟེན་གྱི"རྫུ་སྤྲས་མཁན་པོ“ཡང་མང་དུ་ཡོད་དེ། དཔེར་ན་སྲོལ་གོང་སྨུག་པོ་དང་རྫ་སྐྱེས་དེ་ཝ། ཨ་བི་ཥ་སོགས་ལྟ་བུའོ། །དེ་ཚོའི་ཐུན་མོང་གི་ཁྱད་ཆོས་ནི་ལོ་མའི་ཁ་དོག་མཐའ་འཁོར་གྱི་བྲག་རྡོའི་ཁ་དོག་དང་འདྲ་བ་དེ་ཡིན་ལ། ཁོ་ཚོས་ཁ་དོག་ཉེ་འགྲམ་གྱི་དངོས་པོར་བརྫུས་ཏེ་རང་སྲུང་བྱ་དགོས་པའི་རྒྱུ་མཚན་ནི་གདུག་རྩུབ་ཆེ་བའི་ཁོར་ཡུག་ཁྲོད་རྒྱུད་སྤེལ་རྒྱུར་གནོན་ཤུགས་ཆེ་བས་ཡིན། དེའི་རྐྱེན་གྱིས་ཁོ་ཚོ་མང་ཆེ་བ་ལོ་མང་སྐྱེ་བའི་རྩི་ཤིང་གི་ཁོངས་སུ་གཏོགས། ཁོ་ཚོས་གཏན་འཇགས་མིན་པའི་རང་བྱུང་ཁོར་ཡུག་ལ་བསྟུན་ཐབས་བྱེད་པའི་ཐབས་ཇུས་ནི་སྐྱེ་དངོས་ནུས་ཚད་དང་འཚོ་བཅུད་མང་པོ་ས་འོག་གི་རྩད་པ་དང་གཞུང་རྟའི་ཁྲོད་མཁོ་སྤྲོད་བྱ་རྒྱུ་དེ་ཡིན་ལ། ས་ངོས་ཀྱི་ལོ་མ་ལྟོས་བཅས་ཀྱིས་ཉུང་། དཔེར་ན་ཨ་བི་ཥ་ལྟ་བུར་མཚོན་ན་ལོ༡པོར་མྱུ་གུ་འབུས་དགོས་པ་དང་། ལོ༢པ་ནས༤པར་འཚར་སྐྱེ་འབྱུང་དགོས་པ། ལོ༤པ་ནས༥པར་ད་གཟོད་མེ་ཏོག་བཞད་དེ་འབྲས་བུ་སྨིན་པ་ཡིན།

ང་མཛེས་ནའང་། ལུས་སུ་ཚེར་མ་ཡོད།
       དངོས་ལུགས་འགོག་སྲུང་རྩི་ཤིང་།
ཨ་བྱག་ཚེར་སྔོན། པར་ཁུངས། ཐིང་ཞོན་གསར་འགྱུར།
       “སྤྲིན་གྱིས་གོས་འདོད་མེ་ཏོག་བཞིན་བཟང་འདོད”ཅེས་པ་ལྟར། མཐོ་སྒང་གི་རྩི་ཤིང་དག་ཀྱང་ཡག་བཏོད་པར་དགའ། རྒྱ་མེན་གྱི་ཚན་དང་ཚེར་སྔོན་གྱི་ཁོངས་སུ་གཏོགས་པའི་ཨ་བྱག་ཚེར་སྔོན་ལ“ཨ་བྱག་ཚེར་མ་བག་མ་གོས་གོན་འདྲ”ཞེས་ཡག་ལ་དགའ་བའི་དཔེ་རུ་བྱེད་ལ། ནུབ་གླིང་བས་འདི་ལ“ཧི་མ་ལའི་རྒྱ་མེན་སྔོན་མོ”ཞེས་ཀྱང་འབོད། མདོ་དབུས་མཐོ་སྒང་དང་འཕྲེད་བཅད་རི་ཁུལ། ཧི་མ་ལའི་རི་རྒྱུད་ཀྱི་མཚོ་འཕགས་མཐོ་བའི་སྤང་ས་དང་རྡོ་གསེང་སོགས་སུ་སྐྱེ། མེ་ཏོག་བང་རིམ་རྐྱང་བ་ཅན་འདབ་མའི་སྟེང་དུ་སྐྱེ་ལ། ལོ་རེའི་ཟླ༦པ་ནས༨པའི་བར་དུ་མེ་ཏོག་མདོག་སྔོ་སྨུག་ནས་དམར་སྨུག་ཅི་རིགས་བཞད། འཛམ་གླིང་གི་ས་མཐོའི་མེ་ཏོག་ཁྲོད་ཀྱི་གྲགས་སྐར་ལྟ་བུའི་སྐྱེ་དངོས་ཡིན་པར་མ་ཟད་བོད་སྨན་གྱི་ཐོན་ཁུངས་གལ་ཆེན་ཞིག་ཀྱང་ཡིན། དངོས་རིགས་འདིའི་ལུས་ཡོངས་ཚེར་མས་ཁེངས་པས་མིང་དེ་ལྟར་ཐོགས་པ་ཡིན།
འབྲེལ་ཡོད་འོས་སྦྱོར།