logo

མཚོ་བོད་མཐོ་སྒང་ནི“འབྱུང་ཁུངས་ལྔའི”རྩ་བ་ཡིན།

རྩོམ་པ་པོ།:བློ་བཟང་ལྷུན་གྲུབ་རྡོ་རྗེ། ཡོང་ཁུངས།:མཚོ་སྔོན་པོ་དྲ་བ། དུས་ཚོད།:2024-03-28 ཀློག་གྲངས།:
མཚོ་བོད་མཐོ་སྒང་ནི“འབྱུང་ཁུངས་ལྔའི”རྩ་བ་ཡིན།
བློ་བཟང་ལྷུན་གྲུབ་རྡོ་རྗེས་བརྩམས།
རྡོ་རྗེ་འབུམ་གྱིས་བསྒྱུར།

ནང་དོན་གནད་བསྡུས། མཚོ་བོད་མཐོ་སྒང་ནི་འབྱུང་ཁུངས་ལྔའི་རྩ་བའམ་འབྱུང་ཁུངས་ལྔ་ཡིན་ཏེ། དེ་ལ་ཕྱི་ནང་གི་མཁས་པ་མང་པོས་འཛམ་གླིང་གི་ཡང་རྩེ་ཞེས་འབོད་ལ། སའི་གོ་ལའི་གླིང་སྣེ་གསུམ་པ་ཡིན་པ་གཏན་འཁེལ་བྱས་ཡོད། གནས་འདི་ནི་རང་རྒྱལ་གྱི་རིག་གནས་ཀྱི་འབྱུང་ཁུངས་གལ་ཆེན་ཞིག་ཡིན་ཞིང་། འབྱུང་ཁུངས་ལྔ་ནི་གྲང་ངར་གྱི་འབྱུང་ཁུངས་དང་། ཆུའི་འབྱུང་ཁུངས། སྐྱེ་ཁམས་ཀྱི་འབྱུང་ཁུངས། ཚེ་སྲོག་གི་འབྱུང་ཁུངས། ཤེས་རིག་གི་འབྱུང་ཁུངས་བཅས་ཡིན་པས། རྩོམ་པ་པོས་ལོ་ངོ་སུམ་ཅུ་ལྷག་གི་རིང་ལ་ཞིབ་འཇུག་དང་རྟོག་ཞིབ་བྱས་པ་བརྒྱུད་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་མ་ལུས་པའི་འཕེལ་འགྱུར་དང་ཁྱད་ཆོས། ཉམས་ཉེན་སོགས་གནད་དུ་བཟུང་སྟེ་ཞིབ་བརྗོད་བྱས་ཡོད་པར་མ་ཟད། མུ་མཐུད་དུ་མཚོ་བོད་མཐོ་སྒང་གི་རི་ཆུའི་རིག་གནས་ལ་ཞིབ་འཇུག་བྱེད་དང་བྱེད་མུས་སུ་ཡོད།
བརྡ་ཆད་གཙོ་བོ། གྲང་ངར་གྱི་འབྱུང་ཁུངས། ཆུའི་འབྱུང་ཁུངས། སྐྱེ་ཁམས་ཀྱི་འབྱུང་ཁུངས། ཚེ་སྲོག་གི་འབྱུང་། ཤེས་རིག་གི་འབྱུང་ཁུངས།

       ངས་དུས་རབས་ཉི་ཤུའི་ལོ་རབས་བརྒྱད་ཅུ་པའི་དུས་མགོ་ནས་བཟུང་སྟེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་གནད་དོན་ལ་དོ་སྣང་དང་ཞིབ་འཇུག་བྱེད་མགོ་བརྩམས་པ་ཡིན། སྡོང་བོའི་རྩ་བ་དང་ཆུ་ལ་འབྱུང་ཁུངས་ཡོད་པ་ནང་བཞིན། ཐོག་མར་ངས་ཅིའི་ཕྱིར་མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས་གནད་དོན་ལ་ཞིབ་འཇུག་བྱེད་པ་ངོ་སྤྲོད་ཅིག་བྱེད་རྒྱུ་ཡིན། རྒྱུ་མཚན་ཚང་མས་གནད་དོན་འདི་འདྲི་སྲིད། ང་རང་མཚོ་བོད་མཐོ་སྒང་དུ་སྐྱེས་ཤིང་། ངའི་ཕ་ཡུལ་ནི་མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་ཡིན།(ཕྱི་མིས་དེར་མཛེས་སྡུག་ལྡན་པའི་རྩྭ་ཐང་དུ་འབོད)ང་རང་གནས་དེར་སྐྱེས་ཤིང་གནས་དེར་ནར་སོན་པ་ཡིན། གནའ་སྔ་མོའི་དུས་སུ་རྩྭ་ཐང་དེར“རླུང་མ་ལྡང་ན་རྩྭའི་གསེབ་ཏུ་ནོར་ལུག་མཐོང་མི་ཐུབ”ཅེས་ཟེར་སྲོལ་ཡོད།
       1958ལོའི་གོང་དུ་རྩྭ་ཐང་དེར་མི་རྒན་པ་ཚོས་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་སའི་བྱ་བ་རིགས་གཉིས་ཡོད་དེ། གཅིག་ནི་འབྲོག་པས་དབྱར་ས་ནས་ཕྱུགས་འཚོ་སྐབས་བྱིས་པ་ཚོ་འདམ་རར་བྱིངས་ཨེ་འགྲོར་སེམས་ཁྲལ་ཆེན་པོ་བྱེད་ཀྱིན་ཡོད་ལ། དེ་ནི་ང་ཚོའི་མུ་མཐའ་མེད་པའི་རྩྭ་ཐང་གི་གང་ས་གང་དུ་ཀྱག་ཀྱོག་གི་ཆུ་བོ་དང་འདམ་ར་མང་པོ་ཡོད་པས་ཡིན། གཞན་ཞིག་ནི་དགུན་སར་སླེབས་དུས་བྱིས་པ་ཚོ་རྩེད་མོ་རྩེ་སྐབས་རྩྭ་གསེང་དུ་འཛུལ་བར་སེམས་ཁྲལ་ཧ་ཅང་ཆེན་པོ་བྱེད་ཀྱིན་ཡོད། དེ་གང་ལགས་ཤེ་ན། སེམས་ཆུང་མ་བྱས་ཚེ་རྩྭ་གསེང་དུ་མགོ་འཁོར་ནས་ཕྱིར་ལོག་ཐུབ་ཀྱིན་མེད་པས་རེད། རྩྭ་སྐྱེས་པ་ཧ་ཅང་མཐུག་པས་འབྲོག་པ་ཚོ་དགུན་དུས་སྦྲའི་ནང་དུ་འདུག་སྐབས་རྩྭ་བྲེག་རྗེས་གཞི་ནས་སྦྲ་སོགས་ཕུབ་ཐུབ་ཀྱིན་ཡོད་ལ། དེ་མ་གཏོགས་སྦྲ་སོགས་ཕུབ་ཐུབ་མི་འདུག
       ང་རང་ཕ་ཡུལ་དང་ཁ་བྲལ་ནས་ལོ་ངོ་ཉི་ཤུ་ལྷག་འགོར་བ་དང་། ཕྱིར་ལོག་དུས་རྩྭ་ཐང་ལ་འགྱུར་བ་ཆེན་པོ་བྱུང་ཡོད། སྔོན་ཆད་ཀྱི་སྣང་ཚུལ་མཐོང་རྒྱུ་མི་འདུག གང་ལགས་ཤེ་ན། མི་གྲངས་ཇེ་མང་དུ་ཕྱིན་པ་དང་། རྩྭ་ཐང་དུ་འཛུགས་སྐྲུན་བྱས་པ། ནགས་ཚལ་བཅད་པ་བཅས་ཀྱི་རྐྱེན་གྱིས་རྒྱུག་ཆུ་མང་པོ་ཇེ་ཆུང་དུ་སོང་ཡོད། ངེད་ཚང་གི་འགྲམ་གྱི་ལུང་བར་ཆུ་ནག་ཅེས་པའི་ཆུ་བོ་ཞིག་ཡོད་པ་དེ་སྐབས་དེར་བཞུར་རྒྱུན་ཅུང་ཆེ་བའི་ཆུ་བོ་ཞིག་ཡིན་མོད། དེང་སྐབས་ཇེ་ཆུང་དུ་ཕྱིན་འདུག 1968ལོར་ང་རང་མཐོ་འབྲིང་མཐར་ཕྱིན་རྗེས། ཕ་ཡུལ་དུ་ན་གཞོན་ཤེས་ཡོན་ཅན་གྱི་བྱ་བ་བྱེད་དུ་ཡོང་དུས། ང་དང་ས་གནས་ཀྱི་རྒྱ་རིགས་རྒད་པོ་ལིའུ་ངེད་གཉིས་ཀྱིས་རང་འཐག་ཅིག་བསྐོར་བ་དང་། ལིའུ་རྒད་པོ་ལོ་ཕྱེད་བར་རང་འཐག་དེའི་བདག་པོར་བསྡད་མྱོང་།
       1988ལོར་ང་རང་ཡང་བསྐྱར་ཕྱིར་ལོག་དུས་ཆུ་ནག་ཆུ་བོ་གཞི་ནས་སྐམ་འདུག ཕ་ཡུལ་གྱི་འགྱུར་ལྡོག་དང་འཕོ་འགྱུར་ཁྲོད་རྩྭ་ཐང་གི་རྒྱུ་སྤུས་དང་སྐྱེ་ཁམས་སོགས་ཇེ་སྡུག་ཏུ་ཕྱིན་ཡོད་ལ། བྱ་བ་ཆུང་ཆུང་འདིས་ང་ལ་སེམས་འགུལ་ཆེན་པོ་ཐེབས་སུ་བཅུག སྐབས་དེ་དུས་ངས་ཅི་ལིན་སློབ་ཆེན་དཔལ་འབྱོར་དོ་དམ་སློབ་གླིང་དུ་ཞིབ་འཇུག་སློབ་སྦྱོང་བྱེད་བཞིན་ཡོད་ལ། ངའི་རབ་འབྱམས་དཔྱད་རྩོམ་གྱི་ཁ་བྱང་ནི«མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས»ཞེས་བྲིས་ཤིང་། དེ་ནས་བཟུང་ངས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས་ཀྱི་གནད་དོན་ལ་ཞིབ་འཇུག་བྱེད་འགོ་ཚུགས་པ་ཡིན།
       1993ལོར་ངའི«མཚོ་བོད་མཐོ་སྒང་གི་ཁོར་ཡུག་དང་འཕེལ་རྒྱས»ཞེས་པའི་ཞིབ་འཇུག་བྱ་གཞི་འདི་རྒྱལ་ཁབ་ཚན་རྩལ་ཨུ་ལྷན་དང་ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱི་གཙོ་གནད་ཞིབ་འཇུག་བྱ་གཞིའི་ནང་ཚུད་དེ་དཔེ་ཚོགས་རབ་དང་རིམ་པ་བསྐྲུན་འགོ་ཚུགས་ཤིང་། མིག་སྔར་དེབ9བཏོན་པ་དང་། ངས་ད་དུང་མུ་མཐུད་དུ་ཞིབ་འཇུག་བྱེད་བཞིན་ཡོད།
       ང་རང་ཀན་སུའུ་རུ་འབྱོར་རྗེས། ལན་གྲུ་སློབ་ཆེན་དང་། ཀན་སུའུ་ཞིང་ལས་སློབ་ཆེན། སྤྱི་ཚོགས་ཚན་རིག་ཁང་སོགས་སློབ་ཆེན་དང་སློབ་གླིང་། འབྲེལ་ཡོད་སྡེ་ཁག་གི་བློ་མཐུན་དང་མཉམ་དུ་ཀན་ལྷོའི་སྐྱེ་ཁམས་དཔལ་འབྱོར་དཔེ་སྟོན་ཁུལ་ལ་ཞིབ་འཇུག་བྱས་པ་དང་། 2005ལོར་གྲུབ་འབྲས་མངོན་གསལ་ཐོབ་སྟེ། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མགོ་ཁྲིད་གཙོས་མཐོང་ཆེན་བྱས་པའི་དབང་གིས་ལས་གཞི་འདི་ཞིང་ཆེན་གྱི“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”རིང་གི་རྣམ་གྲངས་དུང་ཕྱུར་བཅུའི་ནང་བཅུག་ཅིང་། དེ་བས་ཀྱང་དགའ་འོས་པ་ཞིག་ནི2006ལོར“ཀན་ལྷོའི་རྨ་ཆུའི་ཆུ་མགོ་གལ་ཆེན་གྱི་སྐྱེ་ཁམས་བྱེད་ནུས་མཁོ་འདོན་ཁུལ་སྲུང་སྐྱོང་དང་འཛུགས་སྐྲུན”གྱི་རྣམ་གྲངས་ནི་རྒྱལ་ཁབ་ཀྱི“ལོ་ལྔའི་འཆར་གཞི་བཅུ་གཅིག་པའི”འཆར་འགོད་ཀྱི་རྩ་གནད་དང་རྒྱལ་ཁབ་ནུབ་རྒྱུད་ཐོན་ཁོངས་ཆེ་མོའི“འཆར་གཞི་བཅུ་གཅིག་པའི”ནང་བཅུག་ཡོད།
       དང་པོ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ནི་གོ་ལ་ཧྲིལ་པོའི་རྒྱུན་མཐུད་འཕེལ་རྒྱས་ཀྱི་ཇུས་ཆེན་དང་འབྲེལ་བ་ཡོད། མཚོ་བོད་མཐོ་སྒང་ལ“འཛམ་གླིང་གི་ཡང་རྩེ”ཞེས་འབོད་ཀྱིན་ཡོད། དེ་ནི་འཛམ་གླིང་ཐོག་གི་ས་བབ་མཐོ་ཤོས་དང་ཐོན་སྐྱེད་ཆེ་ཤོས་ཀྱི་ས་སྒང་ཞིག་ཡིན། ངས་དེ་ལ“ཀྲུང་ཧྭའི་ཆུ་ལྕོག”དང“འབྱུང་ཁུངས་ལྔ”ཞེས་བརྗོད་ཀྱིན་ཡོད།
       གཅིག གྲང་ངར་གྱི་འབྱུང་ཁུངས། མཚོ་བོད་མཐོ་སྒང་གི་ཆ་སྙོམས་མཚོ་འཕགས་ནི་སྨི4500ཡས་མས་ཡིན་པ་དང་། སའི་གོ་ལའི་གླེང་སྣེ་གསུམ་པ་ཡིན། ཆ་སྙོམས་དྲོད་ཚད་ཅུང་དམའ་བ་དང་། གཞི་རྩའི་ཆ་ནས་ས་བབ་མཐོ་རུ་འགྲོ་བ་དང་བསྟུན་ནས་དྲོད་ཚད་དམའ་རུ་འགྲོ་བ། ལོ་རེའི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ0ལས་དམའ་བའི་རྒྱ་ཁྱོན་གྱིས་མཚོ་བོད་མཐོ་སྒང་ཧྲིལ་པོའི་ཕྱེད་ཀ་ཟིན་གྱི་ཡོད། ཟླ་དང་པོར་ས་ཆ་མང་ཆེ་བར་ཧྲེ་ཧྲི་ཏུའུ10ལས་དམའ་བ་དང་ཟླ7པར་ཚ་བ་ཆེ་ཤོས་ཀྱི་དུས་ཚིགས་ཡིན། མཚོ་བོད་མཐོ་སྒང་གི་མཚོ་སྔོན་ལྷོ་རྒྱུད་དང་བོད་བྱང་ཐང་ས་ཁུལ་གྱི་ཆ་སྙོམས་དྲོད་ཚད་ཧྲེ་ཧྲི་ཏུའུ5ཡས་མས་ལས་ཟིན་གྱི་མེད་མོད། མཚོ་བོད་མཐོ་སྒང་གི་མཁའ་རླུང་སྲབ་པ་དང་ཚ་ཚད་འཕེར་པའམ་གྲང་བཟོའི་གནམ་གཤིས་ཀྱི་འགྱུར་ལྡོག་གི་ཚད་དེ། ས་བབ་དམའ་བའི་བདེ་ཐང་ས་ཁུལ་ལས་ལྡབ་གཅིག་གིས་མཐོ་བས་ན་མཚོ་བོད་མཐོ་སྒང་ནི“གྲང་ངར་གྱི་འབྱུང་ཁུངས”ཡིན་པ་དང་། གྲང་ངར་གྱི་མཐོ་གནོན་ཁུལ་དུ་གཏོགས་པས་ཨེ་ཤེ་ཡའི་ཤར་ལྷོའི་ཕྱེད་ཀར་རླུང་གནོན་དང་། དྲོད་ཚད། རླུང་། ཆར་པ་སོགས་ཀྱི་ཐད་ཤུགས་རྐྱེན་རབ་དང་རིམ་པ་ཐོན་ཏེ་གོ་ལ་ཕྱེད་ཤར་མ་དང་ཐ་ན་འཛམ་གླིང་གི་གནམ་གཤིས་སྙོམས་སྒྲིག་གི་ཡོ་བྱད་ལྟ་བུར་ཆགས་ཡོད།
       གཉིས། ཆུའི་འབྱུང་ཁུངས། ནགས་ཁྲོད་ཀྱི་རི་བོ་མཐོན་པོ་དང་འཕྲེད་གཞུང་དུ་གནས་པའི་ཆུ་བོ་ཆེན་པོ། མུ་ཏིག་དང་འདྲ་བའི་མཚེའུ་གྲངས་ལས་འདས་པས་གཡའ་དག་པའི་མཁའ་དབྱིངས་ཀྱི་སྤྲིན་པ་དང་ནོར་ལུག་ཁྱུ་དང་ཁྱུ་བྱས་ཏེ་གནས་པ་ནི་མཚོ་བོད་མཐོ་སྒང་གི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ལྡན་ཞིང་མཛེས་སྡུག་ཅིག་ཏུ་གྲུབ་ཡོད་ལ། བོད་རིགས་ས་ཁུལ་གྱི་རོང་འབྲོག་གི་གླུ་ལྟ་བུའི་ཡུལ་སྲོལ་གོམས་འདྲིས་ནི་ཆུ་བོའི་སྙན་འཇེབས་དང་བརྡེབས་ཏེ་བྱུང་པ་ཡིན་ཟེར་སྲོལ་ཞིག་ཀྱང་ཡོད། དེ་བཞིན་ཆུ་བོ་དང་། མཚེའུ། འཁྱགས་རོམ། འདམ་གཞོང་སོགས་ཀྱི་ཆུའི་ཐོན་ཁུངས་ནི་མཐོ་སྒང་གི“ཁྲག་རྩ”ལྟ་བུ་ཡིན་ཞིང་མཐོ་སྒང་གི་སྐྱེ་དངོས་ཡོད་ཚད་གསོ་སྐྱོང་བྱེད་བཞིན་ཡོད། བསྡོམས་རྩིས་བྱས་པར་གཞིགས་ཚེ། མཚོ་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་ལས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར5463.4ཟིན་པའི་ནང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཆུ་རྒྱུད་ཀྱིས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2548དང་། ཧིན་རྡུ་རྒྱ་མཚོའི་ཆུ་རྒྱུད་ཀྱིས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར2400.4ཟིན་ཞིང་། སྐམ་སའི་ཆུ་རྒྱུད་ཀྱིས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར515ཟིན་ཡོད། དེ་དང་ཆབས་ཅིག མཚོ་བོད་མཐོ་སྒང་གི་ས་འོག་ཆུའི་ཐོན་ཁུངས་ཀྱི་གྲངས་འབོར་ཧ་ཅང་ཆེ་བས་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1568ཟིན་པ་དང་། ཧ་ལམ་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1301.3དང་ས་ངོས་ཀྱི་ཆུའི་ཐོན་ཁུངས་བསྐྱར་ཟློས་བྱེད་ཀྱིན་ཡོད། མཚོ་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་དང་ས་འོག་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་གྱིས་རྒྱལ་ཡོངས་ཀྱི་ཆུའི་ཐོན་ཁུངས་ཀྱི་བསྡོམས་འབོར་གྱི་ལྔ་ཆའི་གཅིག་ཡན་ཟིན་པ་དང་མཐོ་སྒང་གི་སྨི་རྒྱ་དཔངས་གྲུ་བཞི་མ་རེའི་ཆུའི་ཐོན་ཚད་ནི་སྨི་རྒྱ་དཔངས་གྲུ་བཞི་མ22ཙམ་ཡིན་ཞིང་རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་ཐང་དང་མཚུངས་ཀྱིན་ཡོད། འོན་ཀྱང་རྨོ་ཞིང་གི་རྒྱ་ཁྱོན་ལྟར་རྩིས་བརྒྱབ་ཚེ། མཚོ་བོད་མཐོ་སྒང་གི་སྤྱི་ཆིངས་རེའི་ཟིན་ཚད་སྨི་རྒྱ་དཔངས་གྲུ་བཞི་མ443730ཟིན་པས་རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་ཐང་ལས་ཆེས་ཆེར་མཐོ་བ་དང་། མི་རེའི་ཆ་སྙོམས་རྒྱ་ཁྱོན་ལྟར་རྩིས་བརྒྱབ་ཚེ་རྒྱལ་ཡོངས་ཀྱི་ཆ་སྙོམས་རིན་ཐང་ལས་ཆེ་བ་ཡོད། (བློ་བཟང་འཕྲིན་ལས་རྡོ་རྗེས་རྩོམ་སྒྲིག་བྱས་པའི«མཚོ་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་བཀོལ་སྤྱོད» «ཐོན་ཁུངས་ཚན་རིག»2005ལོའི་ཟླ3པའི་བམ་པོ27པའི་དུས་ཐེངས་གཉིས་པར།)
       ༡.ཆུ་བོ། མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི“མ་ཡུམ་གཙང་པོ”འབྲི་ཆུ་དང་རྨ་ཆུའི་ཆུ་མགོ་ཡིན་པ་མ་ཟད་ཨེ་ཤེ་ཡའི་རྒྱལ་སྤྱིའི་གཙང་པོ་གཙོ་བོའི་ཆུ་མགོ་ཡང་ཡིན། རང་རྒྱལ་དུ་རྒྱལ་སྤྱིའི་ཆུ་བོ40ལྷག་ཙམ་ཡོད་པའི་ནང་གཙོ་བོ15ཡོད་པ་དང་། མཚོ་བོད་མཐོ་སྒང་ནས་བཞུར་བའི་ཆུ་བོ8ཡོད། ལོ་རེར་གནས་འདི་རུ་རྒྱལ་མཚམས་བརྒལ་ནས་བཞུར་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར4000ཙམ་ཟིན་པས་རྒྱལ་ཡོངས་ཀྱི་རྒྱལ་མཚམས་ནས་ཐོན་ཚད་ཀྱི་གསུམ་ཆའི་གཉིས་ཡན་བཟུང་ཡོད། རྒྱལ་མཚམས་ནས་བཞུར་པའི་གཙང་པོ་གཙོ་བོ་ནི། རྫ་ཆུ་ནས་མའེ་ཀུང་གཙང་པོ་དང་། ཡར་ཀླུང་གཙང་པོ་ནས་པུའུ་ལ་མ་ཕུའུ་ཐེ་ལ་ཆུ་བོ། སེང་གེ་ཁ་འབབ—ཧིན་རྡུ་ཆུ་བོ། རྒྱལ་མོ་རྔུལ་ཆུ—སར་ཝུན་ཆུ་བོ། ཏུའུ་ལུང་ཅང་གཙང་པོ—དབྱི་ལུའོ་ཝ་ཏི་གཙང་པོ་སོགས་ཡོད། འབར་མ་དང་། ཐེ་ལན། ལོ་སི། ཁམ་ཕུ་ཁྲེ། ཝེ་ཐེ་ནམ། འབྲུག་ཡུལ། རྒྱ་གར། འབྲས་ལྗོངས། ནེ་པ་ལ། བྷང་ག་ལ། ཕ་ཁི་སི་ཐན། ཨ་ཧྥེ་ཁ་ནི་སི་ཐན་སོགས་རྒྱལ་ཁབ12བརྒྱུད་དེ་བཞུར་ཅིང་། མཚོ་བོད་མཐོ་སྒང་གི་ཆུ་བོ(དེའི་ནང་རྒྱལ་མཚམས་བརྒལ་བའི་ཆུ་བོ་ཚུད)ནི་ཞི་བདེ་རྒྱ་མཚོ་ཆེ་མོའི་ཆུ་རྒྱུད་དང་། ཧིན་རྡུ་རྒྱ་མཚོ་ཆེ་མོའི་ཆུ་རྒྱུད། སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་བཅས་ཁག་གསུམ(གཤམ་དུ་རྒྱལ་སྤྱིའི་གཙང་པོ་དང་འབྲེལ་བ་ཡོད་པའི་འབྲེལ་ཡོད་གཞི་གྲངས་ནི་རང་རྒྱལ་གྱི་མངའ་ཁོངས་ནང་གི་ཐོན་ཁུངས་ཀྱི་གནས་ཚུལ་ཙམ་ཡིན)དུ་བཞུར་བཞིན་ཡོད་ལ། ཞི་བདེ་རྒྱ་མཚོའི་ཆུ་རྒྱུད་དུ་འབྲི་ཆུ་དང་། རྨ་ཆུ། རྫ་ཆུ་བཅས་འབབ་རྒྱུད་ཀྱི་སྟོད་རྒྱུད་ཚུད་ཡོད།
       (༡) འབྲི་ཆུ། མཚོ་བོད་མཐོ་སྒང་མངའ་ཁོངས་ཀྱི་འབྲི་ཆུའི་འབབ་རྒྱུད་དུ་འབྲི་ཆུའི་ཆུ་མགོའི་ས་ཁུལ་ཚུད་ཡོད། འབྲི་ཆུའི་སྟོད་རྒྱུད་ཀྱི་འབྲི་ཆུ་ནི་འཕྲེད་བཅད་རི་བོའི་ཁུལ་དུ་གནས་པ་དང་། ལུང་པའི་གཏིང་ཟབ་ཚད་སྤྱིར་བཏང་སྨི1000ཡིན་ཞིང་། གཏིང་ཟབ་ཤོས་ལ་སྨི2000ཡན་ཡོད། ཆུ་ངོས་ཀྱི་ཞེང་ཚད་ལ་སྨི150ནས200ཙམ་ལས་མེད་པ་དང་། ཆུ་མཚམས་ཆགས་ཚད14.3%ཟིན་པས། ཆུ་ནུས་ཀྱི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་པོ་ཡོད།
       (༢) རྨ་ཆུ། རྨ་ཆུ་ནི་མཚོ་བོད་མཐོ་སྒང་གི་ཆུ་རྒྱུད་ཀྱི་བར་སྟོད་རྒྱུད་ཡིན་པ་དང་ཚལ་རྔ་འགག་ཡན་དུ་ལོ་རེར་ཆར་པ་ཆེན་པོ་འབབ་ཀྱིན་མེད་ཀྱང་ས་བབ་མཐོ་ལ་རླན་ཚད་ཆུང་བའི་དབང་གིས་རྨ་ཆུའི་ཆུ་འབོར་མཐོ་བའི་ཁུལ་ཡིན་པ་དང་། ཚལ་རྔ་འགག་ནས་ལན་གྲུའི་བར་མང་ཆེ་བ་གྲོག་རོང་དང་གཤོང་ས་ཡིན་ཞིང་སྐད་གྲགས་ཆེ་བའི་གྲོག་རོང་མང་པོ་ཡོད་པས་ཆ་སྙོམས་སྤྱི་ལེ་བརྒྱ་རེའི་མཐོ་ཚད་སྨི140ལྷག་ཡོད་ལ་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། རྨ་ཆུའི་ལན་གྲུའི་ས་ཚུགས་ཀྱི་ལོ་མང་ཆ་སྙོམས་ཆུའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར340ཟིན་གྱི་ཡོད།
       (༣) རྫ་ཆུ། རྫ་ཆུའི་ཆུ་མགོ་ནས་ཆབ་མདོའི་བར་གྱི་འབབ་རྒྱུད་ཀྱི་རིང་ཚད་ལ་སྤྱི་ལེ564ཡོད་པ་དང་། ཆུ་བོ་ཁོད་སྙོམས་ཤིང་ཁྱབ་ཚད་ཆེ་བ་དང་། ཆབ་མདོ་དང་ཉེ་བའི་མཚམས་སུ་གཏིང་ཚད་སྨི500ནས1000བར་གྱི“V”དབྱིབས་ཀྱི་གྲོག་རོང་དུ་ཆ་སྙོམས4.0-4.5%ཇེ་དམའ་རུ་འགྲོ་བཞིན་ཡོད་པས་འབབ་རྒྱུད་ཡོངས་ཀྱི་ཆུ་ལམ་གྱི་ཆེས་དམའ་བའི་ཆུ་མཚམས་ཞིག་ཡིན། ཆབ་མདོ་མན་གྱི་ཆུ་ལམ་འཕྲེད་བཅད་རི་རྒྱུད་ཀྱི་འབའ་འབུར་ཧ་ཅང་ཆེ་བའི་རི་ཁུལ་དུ་སླེབས་པ་དང་། ཆུ་ལམ་དུ་བཞུར་ཤུགས་ཆེ་བས་ཆུའི་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་། ལོ་རེར་རྒྱལ་མཚམས་ནས་ཕྱི་རོལ་དུ་རྒྱུག་ཚད་ཆ་སྙོམས་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར765ཟིན་གྱི་ཡོད། 
ཧིན་རྡུ་རྒྱ་མཚོ་ཆེན་པོའི་ཆུ་རྒྱུད་དུ་ཡར་ཀླུང་གཙང་པོ་དང་། རྒྱལ་མོ་རྔུལ་ཆུ། ཏུའུ་ལུང་ཅང་གཙང་པོ། སེང་གེ་ཁ་འབབ་བཅས་འབབ་རྒྱུད་ཀྱི་སྟོད་རྒྱུད་བཅས་ཚུད་ཡོད། (1)ཡར་ཀླུང་གཙང་པོ། ཡར་ཀླུང་གཙང་པོའི་ལོ་རེའི་བཞུར་རྒྱུན་ནི་འཛམ་གླིང་གི་ཆུ་བོ་ཆེན་པོ་བཞི་པ་ཡིན་ཞིང་། ཀྲུང་གོའི་མངའ་ཁོངས་སུ་ཆ་སྙོམས་མཐོ་ཚད་སྨི4500ཡོད་པ་དང་། ཆུ་བོའི་རིང་ཚད་སྤྱི་ལེ2229ཡོད་པ། འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི24ཡོད་པས་འཛམ་གླིང་ཐོག་གི་ཆུ་བོ་ཆེ་ཤོས་ཡིན། སྟོད་རྒྱུད་དང་བར་རྒྱུད་ས་ཁུལ་གྱི་ལོ་རེའི་བཞུར་རྒྱུན་ནི་སྤྱིར་བཏང་དུ་ཧའོ་སྨི100ནས200བར་ཡིན་པ་དང་། ཆུ་སྨད་ཀྱི་དཀྱོགས་མཚམས་ཆེན་པོའི་འཛམ་གླིང་གི་གྲོག་རོང་ཆེ་ཤོས་སུ་ལོ་རེའི་བཞུར་རྒྱུན་གྱི་ཟབ་ཚད་ནི་ཧའོ་སྨི2000ནས4000བར་དུ་འཕར་ཡོད། དེ་དང་ཆབས་ཅིག དབྱར་དུས་ཀྱི་ཆུའི་རྒྱུག་ཚད་ཀྱིས་ལོ་ཧྲིལ་པོའི་ཕྱེད་ཀ་ཡན་བཟུང་བ་དང་། ལོ་མང་རིང་ལོ་རེའི་ཆ་སྙོམས་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1654ཟིན་གྱི་ཡོད། (2) རྒྱལ་མོ་རྔུལ་ཆུ། ཀྲུང་གོའི་མངའ་ཁོངས་ཀྱི་རིང་ཚད་ལ་སྤྱི་ལེ2013ཡོད་པ་དང་ཆུ་བོའི་སྟོད་རྒྱུད་དང་བར་རྒྱུད་ཀྱི་རྒྱ་ཁྱོན་ཇེ་ཆུང་དུ་སོང་སྟེ་དྲག་རྒྱུག་དང་ཉེན་ཁ་ཆེ་བའི་གྲམ་ཐང་ཇེ་མང་དུ་ཕྱིན་ཞིང་ལོ་རེའི་ཆུ་བོའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར689ཟིན་གྱི་ཡོད།
       (༤) ཏུའུ་ལུང་ཅང་གཙང་པོ། ཏུའུ་ལུང་ཅང་གཙང་པོས་རང་རྒྱལ་གྱི་མངའ་ཁོངས་སུ་རིང་ཚད་སྤྱི་ལེ178.6ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4327ཟིན་ཡོད། འགྲམ་རྒྱུད་དུ་ཆུ་ལག་མང་ཞིང་། ཆུ་མགོ་རུ་ཆུ་རྒྱུན་ཐུང་བ། ཆུ་ལག་གི་གྲུབ་ཚུལ་སྡོང་བོའི་དབྱིངས་དང་འདྲ་བའི་མ་ལག་བཅས་ལས་གྲུབ་པ་དང་། ལོ་རེའི་ཆུའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར53ཙམ་ཟིན་གྱི་ཡོད། 
       (༥) ཧིན་རྡུ་ཆུ་བོ། ཧིན་རྡུ་ཆུ་བོའི་ཆུ་རྒྱུད་ནི་གཙོ་བོ་སེང་གེ་ཁ་འབབ་དང་གླང་ཆེན་ཁ་འབབ་ཡིན། སེང་གེ་ཁ་འབབ་ཀྱི་རིང་ཚད་ལ་སྤྱི་ལེ419ཡོད་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ4956ཟིན་ཞིང་ལོ་རེའི་ཆུའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར2.7ཟིན་ཡོད། གླང་ཆེན་ཁ་འབབ་ཀྱི་རིང་ཚད་སྤྱི་ལེ309ཟིན་པ་དང་འབབ་རྒྱུད་ཀྱི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ23170ཟིན་ཞིང་ལོ་རེའི་ཆུའི་རྒྱུག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར1.7ཙམ་ཟིན་གྱི་ཡོད། སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་ཁོངས་སུ་བྱང་ཐང་དང་། ཚྭ་འདམ་གཤོང་ས། མདོ་ལ་རིང་མོའི་ས་ཁུལ། ཤིན་ཅང་ལྷོ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་བཅས་ཚུད་ཡོད། (1) བྱང་ཐང་སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་ནི་བོད་བྱང་ཐང་གི་སྐམ་སའི་དབུས་ཁུལ་གྱི་ཆུ་བོའི་འབབ་རྒྱུད་དང་། ཁུ་ཁུ་ཞི་ལའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོའི་འབབ་རྒྱུད། ཤིན་ཅང་བྱང་ཐང་གི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་ཁག་གི་འབབ་རྒྱུད་ལས་གྲུབ་ཅིང་། མཚོ་བོད་མཐོ་སྒང་གི་ཆུ་རྒྱུད་ཆེ་ཤོས་ཡིན་པ་དང་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར246.5ཟིན་ཡོད། (2) ཚྭ་འདམ་གཤོང་སའི་སྐམ་སའི་དབུས་ཁུལ་གྱི་ཆུ་ཁོངས་སུ་མཚོ་སྔོན་པོའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་སྣ་ཚོགས་ཀྱི་འབབ་རྒྱུད་དང་ཚྭ་འདམ་གཤོང་སའི་སྐམ་སའི་དབུས་ཁུལ་གྱི་ཆུ་བོ་སྣ་ཚོགས་ཀྱི་འབབ་རྒྱུད་ཚུད་ཡོད་པ་དང་ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར44ཟིན་ཡོད། (3) མདོ་ལ་རིང་མོའི་སྐམ་སའི་དབུས་ཁུལ་གྱི་ཆུའི་ཁོངས་སུ་ཆུ་ནག(ཧེ་ཧུ)དང་། ཧྲི་དབྱང་ཆུ་བོའི་འབབ་རྒྱུད། ཧྲུའུ་ལེ་ཆུ་བོ་བཅས་ཀྱི་འབབ་རྒྱུད་ཀྱི་སྟོད་རྒྱུད་དང་བར་རྒྱུད་ས་ཁུལ་ཚུད་ཡོད་པ་དང་། ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར72ཡོད། (4) ཤིན་ཅང་ལྷོ་རྒྱུད་ཀྱི་སྐམ་སའི་དབུས་ཁུལ་གྱི་ཆུ་རྒྱུད་དུ་ཐ་ལི་མུའུ་གཙང་པོའི་འབབ་རྒྱུད་ཀྱི་སྟོད་རྒྱུད་དང་བར་རྒྱུད་ས་ཁུལ་ཚུད་ཡོད་པ་དང་། ཆུའི་ཐོན་ཁུངས་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར152.5ཡིན། མཚོ་བོད་མཐོ་སྒང་གི་ཆུ་བོའི་བཞུར་རྒྱུན་གྱི་ལོ་རེའི་གྱེས་ཚུལ་ཆ་སྙོམས་མིན་ཞིང་། འབྲི་ཆུ་དང་རྫ་ཆུ་བྲུབ་དུས་ཀྱི་ཆུའི་རྒྱུག་ཚད་ཀྱིས་ལོ་རེའི་ཆུའི་རྒྱུག་ཚད་ཀྱི60%ཙམ་ཟིན་པ་དང་། རྒྱལ་མོ་རྔུལ་ཆུ་དང་ཡར་ཀླུང་གཙང་པོའི་བྲུབ་དུས་ཀྱི་ཆུའི་རྒྱུག་ཚད་ཀྱིས་ལོ་རེའི་ཆུའི་རྒྱུག་ཚད་ཀྱི70%ནས80%བར་ཟིན་ཡོད། གངས་ཆུ་བཞུར་ནས་ཆུ་མཁོ་འདོན་བྱེད་པ་གཙོ་བོ་ཡིན་པའི་མཐོ་སྒང་བྱང་རྒྱུད་ཀྱི་རྒྱ་ཆེའི་སྐམ་སའི་དབུས་ཁུལ་ཆུ་རྒྱུད་ཀྱི་གཙང་ཆུའི་བཞུར་རྒྱུན་ནི་ལོ་རེའི་ཆུའི་གྱེས་ཚད་ལས་ཧེ་བག་ཆེན་པོ་ཡོད་པ་དང་དབྱར་ཟླ་གསུམ་གྱི་ཆུའི་རྒྱུག་ཚད་ཀྱིས་ལོ་རེའི་ཆུའི་རྒྱུག་ཚད་ཀྱི65%ཡན་བཟུང་ཡོད། ལོ་མང་པོར་ལྟ་ཞིབ་ཚད་ལེན་བྱས་པའི་དཔྱད་གཞི་ལས་མཐོ་སྒང་གི་རྒྱུག་ཆུའི་ལོ་རེའི་ཆུའི་རྒྱུག་ཚད་ནི་དུས་རིམ་ཐོག་ཆུ་རྒྱས་ཁུལ་དང་སྐམ་སའི་ཁུལ་རེས་མོས་ཡིན་པ་དང་། ལོ་རེའི་ཆུའི་རྒྱུག་ཚད་ཆེ་ཤོས་དང་རྒྱུག་ཚད་ཆུང་ཤོས་ཀྱི་བསྡུར་ཚད་སྤྱིར་བཏང1.9ནས4.0བར་ཡིན་པ་མཐོང་ཐུབ། ཆར་ཆུ་འབབ་ཚད་སོགས་ཀྱིས་ཕན་ཚུན་ལ་ཤུགས་རྐྱེན་ཐེབས་པའི་འོག་བཞུར་རྒྱུན་གྱི་ས་ཁུལ་སོ་སོའི་ཁྱབ་ཚུལ་ལ་ཁྱད་པར་ཆེན་པོ་ཡོད་པ་དང་། མཚོ་བོད་མཐོ་སྒང་གི་ལོ་མང་པོའི་ཆུའི་བཞུར་རྒྱུན་གྱི་ཟབ་ཚད་ཧའོ་སྨི5ནས3500བར་ཡིན་ཏེ། ཆུ་མང་ཁུལ་དང་།  ཆུ་ཉུང་ཁུལ། སྐམ་སའི་ཁུལ་བཅས་བྱུང་ཞིང་། སྣ་མང་འདུ་གནས་འདིའི་རིགས་རང་རྒྱལ་གྱི་ས་ཁུལ་གཞན་དག་ཏུ་མཐོང་དཀའ་བར་གྱུར་པ་དང་། ལོ་རེའི་བཞུར་རྒྱུན་ནི་ཤར་ལྷོ་ནས་ནུབ་བྱང་ལ་ཇེ་ཉུང་དུ་འགྲོ་བའི་འཕེལ་ཕྱོགས་ཧ་ཅང་མངོན་གསལ་ཡིན།
       ༢.མཚེའུ། མཚོ་བོད་མཐོ་སྒང་དུ་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ1ཡན་ཟིན་པའི་མཚེའུ1126ཡོད་པ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ39206.8ཟིན་པས་རྒྱལ་ཡོངས་ཀྱི་མཚེའུ་གྲངས་འབོར་གྱི40%དང་རྒྱ་ཁྱོན་གྱི49%བཟུང་བ་ནི་འཛམ་གླིང་ཐོག་གི་ས་མཐོའི་མཚེའུ་ཡི་ཁྱབ་ཁུལ་ཆེ་ཤོས་ཡིན། མཚེའུ་ཡི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར5182ཟིན་ཞིང་རང་རྒྱལ་གྱི་མཚེའུ་ཁུལ་ཆེ་གྲས་ལྔའི་ཨང་དང་པོར་སླེབས་པའི་ནང་ཚྭ་མེད་ཆུའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར1035ཟིན་པས་རང་རྒྱལ་གྱི་མཚེའུ་ཡི་ཚྭ་མེད་ཆུའི་གསོག་ཚད་ཀྱི་བསྡོམས་འབོར་ནི45.8%ཡིན། མཚོ་བོད་མཐོ་སྒང་གི་མཚེའུ་ཡི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ500ལས་བརྒལ་བའི་མཚེའུ12ཡོད་པས་རྒྱལ་ཡོངས་ཀྱི་མཚེའུ27ལས་ཕྱེད་ཙམ་བཟུང་ཡོད། མཚོ་སྔོན་པོ་ནི་རང་རྒྱལ་གྱི་མཚེའུ་ཆེ་ཤོས་ཡིན་པ་དང་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ4568ཡོད། མཐོ་སྒང་གི་མཚོ་དང་མཚེའི་ནང་རྨ་ཆུའི་མགོ་ཁུལ་གྱི་མཚོ་སྔོ་རེངས་དང་སྐྱ་རེངས་ཕུད་ཚང་མ་སྐམ་སའི་དབུས་ཁུལ་ཡིན་པ་དང་དེ་དག་ཚང་མ་ཚྭའི་མཚེའུ་ཡིན་ཞིང་། དེའི་རྒྱ་ཁྱོན་གྱིས་མཚོ་བོད་མཐོ་སྒང་གི་མཚོའུ་ཡི་རྒྱ་ཁྱོན་གྱི90%བཟུང་ཡོད། མཚོ་ཆེན12ཀྱི་སྤྱིའི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ13877.5ཟིན་པས་མཚོ་བོད་མཐོ་སྒང་གི་མཚེའུ་ཡི་རྒྱ་ཁྱོན་གྱི35.4%བཟུང་བ་དང་། མཚེའུ་ཡི་གྲངས་འབོར་མང་ཤོས་ནི་སྨི་རྒྱ་དཔངས་གྲུ་བཞི་མ1ནས50བར་གྱི་མཚེའུ་ཡིན་པས་མཚེའུ་ཡི་བསྡོམས་འབོར་གྱི55.5%བཟུང་ཡོད། མཚེའུ་མང་ཆེ་ཤོས་ཀྱི་མཚེའུ་གཤོང་ནི་ས་གཤིས་ཆགས་ཚུལ་དང་འཁྱགས་ཀླུང་གི་གནོད་སྐྱོན་སོགས་ཀྱིས་གྲུབ་པ་ཡིན་པས། མཚེའུ་ཡི་ཆུ་ཅུང་ཟབ་པ་དང་། གསོག་ཉར་ཚ་ཚད་མང་བ། ཆུ་དྲོད་ཅུང་གཏན་འཇགས་བཅས་ཡིན།
       ༣.འཁྱགས་རོམ། ཀྲུང་གོ་ནི་འཛམ་གླིང་ཐོག་འཕྲེད་ཐིག་ཏུའུ་གྲངས་དམའ་བའི་འཁྱགས་ཀླུང་མང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་ཡིན་པ་དང་། འཁྱགས་ཀླུང་གི་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ58651ཟིན་པའི་ནང་མཚོ་བོད་མཐོ་སྒང་གི་འཁྱགས་ཀླུང་གིས་རྒྱ་ཁྱོན་སྨི་རྒྱ་དཔངས་གྲུ་བཞི་མ50672ཟིན་པས་རྒྱལ་ཡོངས་ཀྱི་སྤྱིའི་རྒྱ་ཁྱོན་གྱི86.4%བཟུང་ཞིང་། འཁྱགས་རོམ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར་ཁྲི4ཙམ་ཟིན་པས་རང་རྒྱལ་གྱི་འཁྱགས་རོམ་གསོག་ཚད་བསྡོམས་འབོར་གྱི80%བཟུང་པ་དང་། ཁུ་ནུ་རི་བོ་དང་ཁ་ལ་ཁུ་ནུ་རི་བོའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར22292ཟིན་པས་མཐོ་སྒང་གི་སྤྱིའི་གསོག་ཚད་ཀྱི56%བཟུང་ཡོད། འཁྱགས་ཀླུང་བསྡོམས་འབོར་ཁྲི2.5ལྷག་ཙམ་ཟིན་པ་དང་། ལོ་མང་པོར་ཆ་སྙོམས་ཞུ་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར463.65ཟིན་པས། མཐོ་སྒང་གི་གཙང་པོ་མང་པོའི་ཆུ་མགོ་གཙོ་བོ་ཞིག་ཡིན། འཁྱག་རོམ་ཞུ་བའི་ཆུ་གསབ་ཚད་ནི་མཚོ་བོད་མཐོ་སྒང་གི་མཐའ་འཁོར་ནས་མཐོ་སྒང་གི་ནང་ཁུལ་དུ་འཕར་བ་དང་། ནུབ་རྒྱུད་རི་ཁུལ་གྱི་སྐམ་སའི་དབུས་ཁུལ་ཆུ་རྒྱུད་ཀྱི་འཁྱག་རོམ་བཞུར་བའི་བསྡུར་ཚད་ཀྱིས23%ཡས་མས་ཟིན་ཞིང་། མདོ་ལ་རིང་མོ་ཤར་མས14%བཟུང་བ་དང་། ནུབ་ངོས་སུ་ཧྲུའུ་ལེ་གཙང་པོའི་ཆུ་རྒྱུད་ཀྱིས32%ཟིན་ཡོད། ཕྱི་རྒྱུག་གཙང་པོའི་ཆུ་རྒྱུད་ཀྱི་འཁྱག་རོམ་ཞུ་བའི་བསྡུར་ཚད་ནི་བོད་ལྗོངས་ཤར་ལྷོའི་མཚམས་ནས་ཡར་ཀླུང་གཙང་པོའི་སྨད་རྒྱུད་བར་ཇེ་ཉུང་དུ་ཕྱིན་པ་དང་། རྒྱལ་མོ་རྔུལ་ཆུ་སོགས་རྒྱུག་ཆུའི་བསྡུར་ཚད10%ཡན་ཟིན་གྱི་མེད་ལ་ནུབ་ངོས་ནས་ཧིན་རྡུ་གཙང་པོའི་ཆུ་རྒྱུད་བར་གྱི་བསྡུར་ཚད40%ནས50%བར་ཇེ་མང་དུ་ཕྱིན་ཡོད། (ཧྲི་ཡ་ཧྥེང་དཔྱད་གཞིའི་མཛོད། ལིའུ་ཧྲི་ཡིང་། «ཀྲུང་གོའི་འཁྱགས་ཀླུང་གིས་དུས་རབས21པའི་གོ་ལ་ཧྲིལ་པོའི་གནམ་གཤིས་དྲོ་རུ་འགྲོ་བཞིན་པའི་སྔོན་དཔག [J] ཚན་རིག་དང་མཐུན་པའི་བརྡ་ཁྱབ། 2000,(4) 434-438»
       ༤. བརླན་ས། མཚོ་བོད་མཐོ་སྒང་གི་ན་འདམ་ཁྱབ་རྒྱ་ཅུང་ཆེ་བ་དང་། གཙོ་བོ་མཐོ་སྒང་གི་ཤར་རྒྱུད་དང་བོད་ལྷོའི་ལུང་གཞུང་དུ་ཁྱབ་ཅིང་། སྤྱིའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི13.4ཡོད་པས་རང་རྒྱལ་གྱི་ན་འདམ་སྤྱིའི་རྒྱ་ཁྱོན་གྱི་ལྔ་ཆའི་གཅིག་ཟིན་ཡོད་ལ། རང་རྒྱལ་གྱི་ན་འདམ་ཆེ་གྲས་གཉིས་པར་གཅིག་བསྡུས་ཀྱིས་ཁྱབ་ཡོད། མཚོ་བོད་མཐོ་སྒང་དུ་ན་འདམ་ཅུང་ཉུང་ཞིང་ཚང་མ་འཚོ་བཅུད་ཕུན་སུམ་ཚོགས་པའི་ན་འདམ་ཡིན་ལ། རྒྱ་ཁྱོན་ཆེས་ཆེ་ཤོས་ནི་རྩྭ་ལྡུམ་དང་སྔོ་དྲེགས་ན་འདམ་ཡིན་པ་དང་མཚོ་བོད་མཐོ་སྒང་ལ་དམིགས་བསལ་དུ་ཡོད་པའི་ན་འདམ་གྱི་རིགས་ཤིག་ཀྱང་ཡིན།
       “མཚོ་འཕགས་སྨི3400ནས་སྨི3600བར་གྱི་མཚོ་བོད་མཐོ་སྒང་གི་ཤར་ཕྱོགས་རྒྱལ་སྤྱིའི་འདམ་རའི་རིགས་གཅིག་མཁས་པས“འཛམ་གླིང་ཐོག་གི་རྒྱ་ཁྱོན་ཆེ་ཤོས་དང་། གདོད་མའི་གནས་ཡུལ། མིས་གཏོར་བཤིག་ཕོགས་མེད་པའི་མཐོ་སྒང་འདམ་ར་ཡག་ཤོས་མཛོད་དགེ་འདམ་ར་ནི་ཀྲུང་གོའི་འདམ་ར་མཛེས་ཤོས་དྲུག་ལས་གཅིག་ཡིན”ཞེས་བརྗོད་ཡོད་ལ། 2005ལོའི་ཟླ10པར«ཀྲུང་གོའི་རྒྱལ་ཁབ་ས་ཁམས»ནང་མཛོད་དགེའི་འདམ་རར་གདེང་འཇོག་དེ་འདྲ་བྱས་ཡོད། མཛོད་དགེའི་འདམ་ར་ནི་མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དུ་གནས་ཤིང་སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་བརྒལ་བ་དང་སྤྱིའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི1.6ཟིན་པས་འཛམ་གླིང་ཐོག་གི་རྒྱ་ཁྱོན་ཆེས་ཆེ་ཤོས་ཀྱི་ན་གནས་འདམ་ར་ཞིག་ཡིན་ཞིང་། དེས་འབྲི་ཆུ་དང་རྨ་ཆུའི་ཐོན་ཁུངས་དོ་མཉམ་དང་། འབབ་རྒྱུད་བརྟན་འཇགས་ཡོང་བའི་ཐད་སྐྱེ་ཁམས་དོ་མཉམ་བྱས་ཡོད། ནུབ་བྱང་ཆེན་མོའི་སྐམ་སའི་དབུས་ཁུལ་གྱི་གནམ་གཤིས་ལ་ནུས་པ་གལ་ཆེན་ཐོན་ཡོད་པས་ཀྲུང་གོ་དང་ཕྱི་རྒྱལ་གྱི་རིགས་གཅིག་མཁས་པས“ཀྲུང་གོའི་ནུབ་རྒྱུད་ནི་མཐོ་སྒང་གི་མཁལ་མ”ཡིན་ཞེས་བརྗོད་ཀྱིན་ཡོད། «ཀྲུང་གོའི་རྒྱལ་ཁབ་ས་ཁམས»ཞེས་པའི་དཔྱད་འདེམས་པ་ཚོས་མཛོད་དགེའི་འདམ་རར་དཔྱད་བརྗོད་སྤེལ་པའི་ནང་། སི་ཁྲོན་དང་ཀན་སུའུ་ཞིང་ཆེན་གཉིས་བརྒལ་ནས་སྤྱིའི་རྒྱ་ཁྱོན་སྤྱི་ཆིངས་ཁྲི100ཙམ་ཟིན་པ་ནི་རང་རྒྱལ་གྱི་བོད་ལྗོངས་དང་ཧི་མ་ལ་ཡའི་འགུལ་སྐྱོད་རྩི་ཤིང་ཁུལ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་རྨང་གཞིའི་ས་རྒྱུད་གལ་ཆེན་དང་། མཐོ་སྒང་འདམ་རའི་སྐྱེ་ཁམས་མ་ལག་གི་དཔེ་མཚོན་ཅིག་ཡིན་པ་དང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་སྲུང་སྐྱོང་བྱ་རིགས་ཁྲུང་ཁྲུང་སྐེ་ནག་དེ་གར་འཚོ་སྡོད་བྱེད་ཀྱིན་ཡོད་ལ། ཁྲུང་ཁྲུང་རིགས་ནི་མཐོ་སྒང་དུ་སྐྱེ་འཕེལ་བྱེད་པའི་དམིགས་བསལ་གྱི་བྱ་རིགས་འབའ་ཞིག་ཡིན་པས་དབྱར་དུས་ཁྲུང་ཁྲུང་སྐེ་ནག900ཙམ་གནས་དེར་འཚོ་བཞིན་ཡོད། ཀྲུང་གོའི་འདམ་རའི་ནང་ང་ཚོས་མཛོད་དགེ་དང་འདྲ་བའི་ཐུན་མིན་རང་བཞིན་དང་། གདོད་མའི་རང་བཞིན། ཕུན་སུམ་ཚོགས་པའི་སྐྱེ་དངོས་ཀྱི་སྣ་མང་རང་བཞིན་དང་། ཚད་སྟུག་པོའི་ལོ་རྒྱུས་ཀྱི་གཏིང་སྙིགས་རང་བཞིན། མཛེས་སྡུག་རང་བཞིན་བཅས་གཞི་གཅིག་ཏུ་འདུས་པའི་འདར་ར་ཞིག་རྙེད་ཐུབ་ཀྱིན་མེད། དེ་སྔའི་མཛོད་དགེའི་འདམ་ར་ཧྲིལ་པོའི་ཆུ་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར100ལས་བརྒལ་ཞིང་། འདི་ནས་མིང་ཅང་གཙང་པོའི་ཆུ་མགོ་དང་བར་ཐག་སྤྱི་ལེ100ཡོད་ལ། རྨ་ཆུའི་ཁུགས་སོ་དང་པོ་དང་བར་ཐག་སྤྱི་ལེ20ཡང་ཟིན་གྱི་མེད་པས། འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་རྩྭ་གསོ་སྐྱོང་ཁུལ་གལ་ཆེན་ཞིག་ཡིན་པ་དང་། ལོ་རེར་རྨ་ཆུའི་ཆུ་གསོག་ཚད30%མཁོ་འདོན་བྱེད་ཀྱིན་ཡོད་པས། རྨ་ཆུའི“ཆུ་གསོག་རྫིང་བུ”ཞེས་བརྗོད་ཀྱིན་ཡོད། མཛོད་དགེའི་འདམ་ར་ནི་འབྲི་ཆུ་དང་རྨ་ཆུའི་སྟོད་རྒྱུད་ཀྱི་ཆུ་མགོའི་ས་ཁུལ་གྱི་ཆུ་ཁུངས་མཁོ་འདོན་ཁུལ་གལ་ཆེ་ཤོས་ཤིག་ཡིན། མཛོད་དགེའི་འདམ་སྙིགས་ཁུལ་དུ་ཆུའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར56ཟིན་པའི་ཁར་མཚེའུ་དང་སྤང་ལྗོངས་ཀྱི་ཆུའི་གསོག་ཚད་བསྣན་ཚེ་མཛོད་དགེའི་འདམ་རར་ཆུའི་གསོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར100ཙམ་ཟིན་གྱི་ཡོད། མཛོད་དགེའི་མཐོ་སྒང་འདམ་ར་ནས་རྨ་ཆུར་ཆུ་བཞུར་པས་རྨ་ཆུར་ཆུ་དཀོན་པའི་དུས་སུ་རྨ་ཆུའི་ཆུ་འབོར་གྱི40%དང་ཆུ་རྒྱས་དུས26%བཟུང་པ་ནི་རྨ་ཆུའི་ཆུ་གསོག་པའི་ཆུ་མཛོད་གལ་ཆེན་ཞིག་ཡིན། མཛོད་དགེའི་འདམ་ར་ནི་ཀྲུང་གོར་དམིགས་བསལ་དུ་ཡོད་པའི་མཐོ་སྒང་འདམ་སྙིགས་འདམ་ར་ཆེ་ཤོས་ཤིག་ཡིན། དེར་འདམ་སྙིགས་ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད་ལ། ཁྱབ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ5000ལྷག་ཙམ་ཟིན་པ་དང་འདམ་སྙིགས་གསོག་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར70ཟིན་ཡོད། སྐྱེ་ལྡན་རྒྱུ་ཆ་ཕུན་སུམ་ཚོགས་པའི་འདམ་རའི་ས་རྒྱུ་དང་འདམ་སྙིགས་ཀྱི་བང་རིམ་གྱིས་དབྱང་གཉིས་ཐཱན་འགྱུར་གཏན་འཁེལ་ནུས་ལྡན་ཐུབ་པས་གོ་ལ་ཧྲིལ་པོ་ཇེ་དྲོ་རུ་འགྲོ་བའི་རྣམ་པ་ཞི་ལྷོད་དུ་གཏང་པར་དགེ་མཚན་ལྡན་ཞིང་ནུས་པ་ཐོན་ཡོད། སི་ཁྲོན་ཞིང་ཆེན་གྱི་ཐང་རྒོད་ཅན་དང་བྱེ་འགྱུར་ས་ཞིང་ལྟ་ཞིབ་ཚད་ལེན་ཐེངས་གསུམ་པའི་གྲུབ་འབྲས་ལས་མངོན་པར། མཛོད་དགེའི་རྩྭ་ཐང་ནི་ལོ་ལྔའི་རིང་བྱེ་འགྱུར་རྒྱ་ཁྱོན་རིམ་འཕར་བསྡུར་ཚད74%ཟིན་ཞིང་དོན་དངོས་ཐོག་སྤྱི་ཆིངས4300ལྷག་ཇེ་མང་དུ་ཕྱིན་པ་དང་མྱུར་ཚད་ཀྱང་ཇེ་མགྱོགས་སུ་སོང་སྟེ། མིག་སྔར་མཛོད་དགེ་རྫོང་དུ་རྩྭ་ཐང་མུའུ་ཁྲི70བྱེ་ཐང་དུ་གྱུར་བ་དང་རྩྭ་ཐང་མུའུ་ཁྲི133ཡི་ལོ་རེའི་བྱེ་ཐང་དུ་འགྱུར་ཚད11.56%ཡིན་པས་མི་རྣམས་ཧ་ལས་དགོས་པ་ཞིག་ཏུ་གྱུར་ཡོད། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་ཝུའུ་ཀྲེང་ཏུས“དུས་རབས་གོང་མའི་ལོ་རབས60པར་ང་རང་མཛོད་དགེར་རྟོག་ཞིབ་ཏུ་འགྲོ་སྐབས། ན་འདམ་གཞུང་ལམ་གྱི་གཡས་གཡོན་དུ་ཆུ་ཟབ་མོ་ཡོད་པ་དང་། མི་གཞུང་ལམ་དང་ཁ་འབྲལ་མི་ཕོད། ནོར་ལུག་གིས་འདམ་རྫབ་ནང་གི་རྩྭ་ཟ་ཆེད་འདམ་རྫབ་ཏུ་ལྷུང་སྟེ། འཕག་འཚག་རྒྱག་མི་ཐུབ་པར་མཐར་འདམ་རྫབ་ནང་ནུབ་པ་མཐོང་ཐུབ། ད་ལྟ་མཛོད་དགེ་རྒྱུད་ཀྱི་ན་འདམ་ཇེ་ཆུང་དུ་ཕྱིན་ནས་གཞུང་ལམ་དང་བྲལ་བ་དང་གཞུང་ལམ་གཡས་གཡོན་གྱི་ན་འདམ་ནི་མུ་མཐའ་མེད་པའི་རྩྭ་ཐང་དུ་གྱུར་ཡོད། དུས་རབས་གོང་མའི་ལོ་རབས50པ་དང་བསྡུར་ཚེ་ན་འདམ་གྱི་ཕྱེད་ཀ་ཙམ་མེད་པར་གྱུར་པ་དང་། མཛོད་དགེའི་འདམ་རར་ད་དུང་གཞི་ཁྱོན་ཆེ་བའི་བྱེ་འགྱུར་གྱི་སྣང་ཚུལ་ཐོན་ཞིང་ན་འདམ་ཁག་ཅིག་བྱེ་སྒང་དུ་གྱུར་ཡོད། 1958ལོར་མཛོད་དགེ་རྫོང་གི་མཉམ་བསྲེས་ཕྱུགས་གྲངས་ཁྲི30ཟིན་ནས་དུས་རབས་གོང་མའི་ལོ་རབས80པའི་བར་མཉམ་བསྲེས་ཕྱུགས་གྲངས་ཁྲི80ལྷག་ཇེ་མང་དུ་ཕྱིན་པ་དང་མིག་སྔར་མཉམ་བསྲེས་ཕྱུགས་གྲངས་ཁྲི116བར་ཇེ་མང་དུ་ཕྱིན་ཞིང་། མི་འབོར་ཁྲི2ལྷག་ནས་ཁྲི7ལ་འཕར་ཡོད། བསྡོམས་རྩིས་བྱས་པར་གཞིགས་ཚེ། མཛོད་དགེའི་རྩྭ་ཐང་ཧྲིལ་པོར་ད་ཆ་ཕྱུགས་རིགས་ཁ་གྲངས་ཁྲི320འཚོ་བ་ནི་རྩྭ་ཐང་གི་ཐེག་ནུས་མཐོ་ཤོས་ལས་ཁྲི200ལྷག་དང་ཁ་གྲངས60%ལས་བརྒལ་ཡོད། དུས་རབས་གོང་མའི་ལོ་རབས་དྲུག་ཅུ་བདུན་ཅུའི་ནང་རྩྭ་ཐང་གི་ཕྱུགས་ཟོག་ཤོང་ཚད་དང་རྩྭ་ར་སྤྱོད་ཚད་མཐོ་རུ་གཏང་ཆེད་མཛོད་དགེ་དང་རྔ་བ་སོགས་རྫོང་དག་གིས་འདམ་རྫབ་ནང་ཆུ་ཡུར་ཆིག་སྟོང་ལྷག་བཟོས་ནས་རྨ་ཆུའི་ནང་གཏོང་བཞིན་ཡོད། ད་སྐབས་ཆུ་མེད་པའི་ན་འདམ་དེ་དག་ཕུན་སུམ་ཚོགས་པའི་རྩྭ་ཐང་དུ་གྱུར་པ་དང་། དེ་ལས་ལྡོག་སྟེ་སྲ་མཁྲེགས་ཅན་ཏུ་གྱུར་ཡོད་པར་མ་ཟད། མགྱོགས་མྱུར་ངང་ཇེ་ཞན་དུ་གྱུར་ནས་བྱེ་སྒང་དུའང་འགྱུར་སྲིད། དེང་སྐབས་རང་བྱུང་འདམ་ར་གཅིག་སྡུད་ཁུལ་ཁག་གཅིག་ཏུ་མི་མང་ཆེ་ཤོས་ཀྱི་ཆུ་འབུད་ཡུར་བུ་མཐོང་ཐུབ་ཀྱིན་ཡོད།
       མཚོ་བོད་མཐོ་སྒང་གི་མི་རྣམས་ཀྱིས་འཛམ་གླིང་གི“གླིང་སྣེ་གསུམ་པ”ཟེར་གྱིན་ཡོད་ཅིང་། ས་ངོས་ཀྱི་ཆུ་ཡིན་ནའང་འདྲ། ས་འོག་གི་ཆུའི་སྤུས་ཚད་ལ་མིའི་རིགས་ཀྱི་བྱེད་སྒོའི་ཤུགས་རྐྱེན་ཕོག་པ་ཉུང་བས་སྤྱིའི་ཆུ་ཁུངས་ཀྱི་ཆུའི་སྤུས་ཚད་ཡག་པོ་ཡོད། ཚྭ་མཚོ་དང་མཚེའུ་ཕུད་མཚོ་བོད་མཐོ་སྒང་གི་རང་བྱུང་ཆུ་མང་ཆེ་བ་གཙང་མ་ཡིན་པ་དང་འཐུང་ཆུ་སོགས་ཀྱི་སྤྱོད་སྒོ་སྣ་ཚོགས་ཡོད། ཕྱི་རོལ་གྱི་རྒྱུག་ཆུའི་ཆུ་རྒྱུད་ཀྱི་གཙང་ཆུའི་བྱེ་འདམ་འདུས་ཚད་ཅུང་ཆུང་ཞིང་། སྤྱིར་བཏང་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ1མན་ཡིན་པ་དང་། ཡར་ཀླུང་གཙང་པོའི་དབྱང་ཚོན་ས་ཚུགས་སུ་ལོ་མང་རིང་ཆ་སྙོམས་བྱེ་འདམ་འདུས་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ0.465ཡིན་ལ། འབྲི་ཆུའི་འབའ་ཐང་ས་ཚུགས་སུ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ0.517ཡིན། རྒྱལ་ཡོངས་སུ་བྱེ་འདམ་འདུས་ཚད་ཆེ་ཤོས་ཀྱི་རྨ་ཆུ་ནི་རྨ་ཆུའི་སྟོད་རྒྱུད་ཀྱི་ལོ་མང་རིང་ཆ་སྙོམས་བྱེ་འདམ་འདུས་ཚད་སྨི་རྒྱ་དཔངས་གྲུ་བཞི་རེར་ཆ་སྙོམས་སྤྱི་རྒྱ0.12ལས་མེད་པ་དང་མཚོ་སྔོན་མཚོ་ལྷོ་ས་ཁུལ་དུ་ཆུའི་བཞུར་ཚད་ཆེ་རུ་ཕྱིན་ནས་བྱེ་འདམ་འདུས་ཚད་རིམ་བཞིན་ཇེ་ཆེར་སོང་ཡོད། ནང་ལོགས་ཀྱི་སྐམ་སའི་ཆུ་འབོར་དུ་བྱེ་འདམ་འདུས་ཚད་ཅུང་ཆེ་སྟེ། སྤྱིར་བཏང་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ2.5ནས3.5བར་ཡིན་པ་དང་། ཕ་སྨིར་མཐོ་སྒང་དུ་སྨི་རྒྱ་དཔངས་གྲུ་བཞི་མ་རེར་སྤྱི་རྒྱ1ནས8བར་ཡིན། མཚོ་བོད་མཐོ་སྒང་གི་གཏེར་ཆུར་འགྱུར་བའི་ས་ཁུལ་ཁྱབ་ཚུལ་ནི་ཆུ་དང་ཚ་བའི་རྒྱུ་རྐྱེན་སོགས་མཁོ་འདོན་དང་འབྲེལ་བ་དམ་པོ་ཡོད། ཕྱི་རོལ་གྱི་རྒྱུག་ཆུའི་མ་ལག་གི་འབྲི་ཆུ་དང་རྨ་ཆུའི་ཆུ་མགོའི་ས་ཁུལ་ཁག་ཅིག་གི་གཙང་པོ་དང་ཆུ་བོ་ཁག་ཅིག་གཏེར་ཆུར་འགྱུར་ཚད་ཧའོ་ཁེ300ནས500བར་ཡིན་ཞིང་། གཞན་དག་ཧའོ་ཁེ300ལས་ཆུང་བ། སྐམ་སའི་དབུས་ཁུལ་གྱི་གཏེར་ཆུར་འགྱུར་ཚད་ནི་སྤྱིར་བཏང་དུ་ཧའོ་ཁེ300ཡན་ཡིན། མཐོ་སྒང་གི་མཚེའུ་ནང་བོད་ཤར་ལྷོའི་མཚེའུ་ཡི་གཏེར་ཆུར་འགྱུར་ཚད་བྲེ་རེར་ཁེ0.7ལས་མེད་པ་དང་། བོད་བྱང་ཐང་གི་ཚྭ་མཚོ་དང་མཚེའུ་གཏེར་ཆུར་འགྱུར་ཚད་བྲེ་རེར་ཁེ19.1ཟིན་གྱིན་ཡོད། འཁྱགས་རོམ་གཏེར་ཆུར་འགྱུར་ཚད་ནི་འཁྱགས་ཀླུང་ས་ཁུལ་གཞན་ལས་མཐོ་བ་དང་། ཁ་ལ་ཁུ་ནུ་རི་བོ་དང་ཁུ་ནུ་རི་བོའི་འཁྱགས་ཀླུང་གཏེར་ཆུར་འགྱུར་ཚད་ནི24.18ནས402.19བར་ཡིན།
       གསུམ། སྐྱེ་ཁམས་ཀྱི་འབྱུང་ཁུངས། མཚོ་བོད་མཐོ་སྒང་ནི་གོ་ལ་ཧྲིལ་པོའི་ས་བབ་མཐོ་ཤོས་ཀྱི་རང་བྱུང་ས་ཁོངས་ཀྱི་ཚན་པ་ཞིག་དང་། རང་རྒྱལ་གྱི་སྐྱེ་ཁམས་ཁོར་ཡུག་གི་ཚོར་སྣང་སྐྱེན་ཤོས་དང་ཉམས་ཞན་ཆེ་ཤོས་ཀྱི་ས་ཁུལ་གྱི་གྲས་ཤིག་ཡིན་ལ། འཛམ་གླིང་རང་བྱུང་ཐེབས་རྩ་ལྷན་ཚོགས་ཀྱིས་གཏན་འཁེལ་བྱས་པའི“གོ་ལ་ཧྲིལ་པོའི་སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང”གི་ཆེས་སྔོན་ཐོན་ས་ཁུལ་ཞིག་ཀྱང་ཡིན། མཚོ་བོད་མཐོ་སྒང་གི་ཤར་རྒྱུད་དུ་གནས་པའི་ཀན་སུའུ་ཀན་ལྷོ་ཁུལ་གྱི་སྐྱེ་ཁམས་གནས་བབ་ལ་སྣང་ཆུང་བྱེད་མི་རུང་སྟེ། 2005ལོའི་ཟླ8པར་ང་རང་སྐྱེ་དངོས་རིག་པ་མཁས་ཅན་ནམ་པེ་ཅིང་སློབ་ཆེན་གྱི་སློབ་སྤྱིའི་ཡོན་ཧྲི་ཞུས་ཀྲི་ཧུང་དང་མཉམ་དུ་ཀན་ལྷོར་རྟོག་ཞིབ་བྱེད་པར་བསྐྱོད་པ་དང་། ཁོང་གིས་བ་ཙེ་རྫོང་གི་འགོ་ནང་ཐང་ལ“སྐྱེ་ཁམས་ལྟ་སྐོར་ཆེ་མོ”ཞེས་འབོད་ཀྱིན་ཡོད། མཚོ་བོད་མཐོ་སྒང་ནི་རང་རྒྱལ་གྱི་ལྷོ་ནུབ་མཐའ་མཚམས་སུ་འགྱིང་ངེར་ལངས་ནས་རླུང་ཁམས་ཆེ་མོའི་འཁོར་རྒྱུག་གི་རྒྱུན་གཏན་གྱི་འགུལ་སྐྱོད་ཆོས་ཉིད་ལ་འགྱུར་ལྡོག་བཏང་བས་ཨེ་ཤེ་ཡ་ཤར་མ་དང་ཐ་ན་སའི་གོ་ལའི་གནམ་གཤིས་ཧྲིལ་པོར་ཚོད་འཛིན་དང་ཤུགས་རྐྱེན་ཐེབས་ཡོད། མཚོ་བོད་མཐོ་སྒང་གིས་གྲང་ངར་ཆེ་བའི་མཁའ་རླུང་ལྷོ་བྱང་བརྗེ་རེས་བྱེད་པར་བཀག་འགོག་བྱས་ཤིང་། དགུན་དུས་སུ་བྱང་ཕྱོགས་ཀྱི་མཁའ་རླུང་གྲང་མོས་ལྷོ་ཕྱོགས་སུ་འཇབ་རྒོལ་བྱེད་མི་ཐུབ་པ་དང་། སོག་པོའི་མཐོ་སྒང་བྱང་ཤར་གྱི་དུས་རླུང་གིས་ཨེ་ཤ་ཡ་ལྷོ་མར་ཤུགས་རྐྱེན་མི་ཐེབས་པས། ས་གནས་དེའི་དགུན་ཁ་ཧ་ཅང་དྲོན་པོ་ཡིན། དབྱར་དུས་སུ་ཧིན་རྡུ་རྒྱ་མཚོ་ཆེན་མོའི་ལྷོ་ནུབ་ཀྱི་དུས་རླུང་འགག་ཅིང་། དྲོད་རློན་རླུང་རྒྱུན་བྱང་ཕྱོགས་ཞིན་ཅང་དང་ཀན་སུའུ་སོགས་སུ་འགྲོ་མི་ཐུབ་པས། རང་རྒྱལ་གྱི་ནུབ་བྱང་ས་ཁུལ་དུ་ཐན་པ་ཧ་ཅང་ཆེན་པོ་བྱུང་།
       བཞི། ཚེ་སྲོག་གི་འབྱུང་ཁུངས། ཆུ་ནི་བྱ་དངོས་ཡོད་ཚད་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པ་དང་། ཆུ་ཡོད་ཚེ་མིའི་རིགས་སྐྱེ་འཕེལ་ཡོང་ཐུབ། མཚོ་བོད་མཐོ་སྒང་གི་ཡངས་ཤིང་རྒྱ་ཆེ་བའི་བློ་རྒྱ་ལ་བརྟེན་ནས་རང་རྒྱལ་གྱི་རྨ་ཆུ་དང་། འབྲི་ཆུའི་འབབ་རྒྱུད་ཀྱི་ཀྲུང་ཧྭའི་ཤེས་རིག་དང་། ཧེང་ཧོ་ཆུ་བོ། ཧིན་རྡུ་ཆུ་བོའི་འབབ་རྒྱུད་བཅས་ཀྱིས་གནའ་བོའི་རྒྱ་གར་གྱི་ཤེས་རིག་གསོ་སྐྱོང་བྱས་ཡོད། དུས་རབས་མང་པོའི་རིང་སྔར་བཞིན་ཀྲུང་ཧྭ་མི་རིགས་དང་ཐ་ན་ཨེ་ཤ་ཡ་ལྷོ་མ། ཨེ་ཤ་ཡ་ཤར་ལྷོ་བཅས་ཀྱི་མི་དམངས་ཀྱི་འཚོ་གནས་དང་འཕེལ་རྒྱས་ལ་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ཐེབས་ཀྱིན་ཡོད། མཚོ་བོད་མཐོ་སྒང་ནི་ཀྲུང་ཧྭ་མི་རིགས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཡིན་པར་མ་ཟད། ཨེ་ཤེ་ཡ་ལྷོ་མ་དང་ཨེ་ཤེ་ཡ་ཤར་ལྷོའི་མི་དམངས་ཀྱི་ཚེ་སྲོག་གི་འབྱུང་ཁུངས་ཀྱང་ཡིན།
       ལྔ། ཤེས་རིག་གི་འབྱུང་ཁུངས། ཚན་རིག་རྟོག་ཞིབ་ལས་མངོན་པར་གཞིགས་ཚེ། མཚོ་བོད་མཐོ་སྒང་གི་འཁྲུག་ཆ་དོད་པའི་དུས་རབས་ནི་དུས་རབས་གོང་མ་ནས་མགོ་ཚུགས་ཤིང་། སྐབས་དེ་དུས་མཚོ་བོད་མཐོ་སྒང་གི་མཚོ་འཕགས་སྨི1000ཙམ་ཟིན་པ་དང་གནམ་གཤིས་དྲོ་ཞིང་འཇམ་པ་ནི་མིའི་རིགས་འཚོ་གནས་བྱེད་པའི་ཁོར་ཡུག་བཟང་པོ་ཞིག་ཡིན། ལོ་ཁྲི200ནས300བར་གྱི་དུས་ཡུན་ནང་གདོད་མའི་མཚོ་བོད་མཐོ་སྒང་གི་གཞི་ཁྱོན་ཆེན་པོ་ད་ལྟའི་མཐོ་ཚད་དུ་སླེབས་ཤིང་རིམ་རྩིས་བྱས་ཚེ་སྨི3500ནས4000བར་མཐོ་རུ་ཕྱིན་ཡོད། 1956ལོའི་ཟླ7ཚེས8ཉིན་ཀྲུང་གོ་ཚན་རིག་ཁང་གི་ས་གཤིས་ལས་དོན་པས་མཚོ་བོད་མཐོ་སྒང་གི་འབྲི་ཆུའི་ཆུ་མགོའི་རྒྱུད་དུ་རྡོ་ཆས་བཅུ་གྲངས་ཐོག་མར་རྙེད་པ་དང་། དེའི་ནང་རྡོ་ཆས་རྙིང་མའི་དུས་རབས་སུ་གཏོགས་པར་འདོད་པའི་རྡོ་ཆས་ནི(ཀྲང་མིན་ཏེའི་དཔྱད་གཞིའི་རྒྱུ་ཆ<བོད་ལྗོངས་ས་ཁུལ་གྱི་རྡོ་ཆས་རྙིང་མའི་དུས་རབས་ཀྱི་གནའ་རྫས་རྟོག་ཞིབ་སྐོར་གླེང་བ>བོད་ལྗོངས་མི་རིགས་རིག་པའི་ཚགས་པར)1992ལོའི་དུས་ཐེངས2པ། ཞེ་ཅན་ཧྭ་ཡི«ཀན་སུའུ་བོད་རིགས་ལོ་རྒྱུས»མི་རིགས་དཔེ་སྐྲུན་ཁང་གི2003ལོའི་ཟླ6པའི་པར་གཞི། ལོ་མ11) མཚོ་བོད་མཐོ་སྒང་གི་ཁ་རུབ་དང་། ཆོས་ཀོང་། བོད་བྱང་ཐང་གི་རྡོ་ཆས་སོགས་རྡོ་ཆས་རྙིང་མ་དང་རྡོ་ཆས་གསར་མའི་དུས་རབས་ཀྱི་རིག་གནས་ཤུལ་བཞག་རྙེད་པས་མཚོ་བོད་མཐོ་སྒང་གི་མིའི་རིགས་ཀྱི་བྱེད་སྒོར་གནས་པ་ར་སྤྲོད་ཐུབ་ཡོད། ཀན་སུའུ་དང་མཚོ་སྔོན་ས་ཁུལ་ནས་ཤེས་རྟོགས་བྱུང་བའི་ཁ་རུབ་རིག་གནས་དང་། ཤིན་ཏན་རིག་གནས། ནུའུ་མུའུ་ཧུང་རིག་གནས་བཅས་དུས་ཚོད་དང་ས་ཁམས་ཀྱི་ཁྱབ་ཚུལ་གང་ཡིན་ཡང་ཚང་མ་བོད་རིགས་ཀྱི་མེས་པོས་གསར་གཏོད་བྱས་པའི་རིག་གནས་ལ་ངོས་འཛིན་ཀྱིན་ཡོད། ཚད་ལྡན་ཡིག་ཆ་འབོར་ཆེན་ཞིག་ལས་རང་རྒྱལ་གྱི་གནའ་བོའི་ཆའང་རིགས་དང་ཧྭ་ཞ་མི་རིགས་ཀྱི་ཆགས་རིམ་ཧ་ལམ་དུས་སྐབས་གཅིག་ཏུ་འཁེལ་ཡོད་པ་དང་། ཧྭ་ཞ་རིགས་ནི་ཆའང་རིགས་དང་གྲངས་ཉུང་མི་རིགས་གཞན་དག་དང་མཉམ་དུ་འདྲེས་ནས་གྲུབ་པའི་ཐུན་མོང་ཚོགས་པ་ཞིག་ཡིན་ཞིང་། ཕན་ཚུན་མཉམ་འདྲེས་བྱེད་པའི་ཁྲོད་འོད་སྟོང་རབ་ཏུ་འབར་བའི་ཀྲུང་ཧྭའི་དཔལ་ཡོན་ཐུན་མོང་གིས་བསྐྲུན་ཡོད། སྐུ་ཞབས་ཀྲོའུ་དབྱི་ཞང་གིས་ཁོང་གི«ཆར་བས་མི་རབས་རྗེས་མའི་ལོ་ངོ་བརྒྱད་སྟོང་བརླན་པར་བྱས»ཞེས་པའི་ནང“ལོ་རྒྱུས་ཐོག་མཚོ་བོད་མཐོ་སྒང་ལ་ཧྭ་ཀྲེ་ཀྲོའུ་ཞེས་འབོད་ཀྱིན་ཡོད། ང་ཚོའི་སྤྱི་ཚོགས་ཀྱི་རིག་གནས་སྣང་ཚུལ་སྣ་ཚོགས་ཀྱི་མེས་པོ་ཕུའུ་ཤིའུ་དང་བུད་མེད་ཚང་མ་ངོ་མཚར་ཆེ་བའི་ས་གཞི་དེའི་ཐོག་སྐྱེས་པའི་ཧྭ་ཞུས་རུས་རྒྱུད་ཡིན”ཞེས་བྲིས་ཡོད།
       གཉིས་པ། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ནི་གྲང་ངར་བསྲན་མི་ཐུབ་པའི་གནས་ཡིན་ཚུལ། བོད་རིགས་མང་ཚོགས་མང་ཆེ་བ་མཚོ་འཕགས་སྨི3000ཡན་གྱི་ས་ཁོངས་སུ་འཚོ་སྡོད་བྱེད་ཀྱིན་ཡོད་པ་དང་། ས་ཆ་དེ་དག་ཏུ་གྲང་ངར་ཆེ་ལ་གསོ་རླུང་དཀོན་ཞིང་གནམ་གཤིས་ཧ་ཅང་འགྱུར་ལྡོག་ཆེ་བས་སྤྱིར་བཏང“མིའི་རིགས་འཚོ་གནས་བྱེད་པར་མི་འཚམ་པའི་གནས”ཤིག་ཡིན། བོད་རིགས་མི་དམངས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་། རང་བྱུང་ཁམས་ལ་སྲུང་སྐྱོང་། རང་བྱུང་ཁམས་དང་ཕན་ཚུན་གཅིག་ལ་གཅིག་བརྟེན་དང་འཆམ་མཐུན་མཉམ་གནས་བྱེད་ཀྱིན་ཡོད། བོད་རིགས་ཀྱིས་མི་གཞན་ལ་ལད་ཟློས་བྱེད་པའི་ཐབས་ལ་བརྟེན་ནས་རང་ཉིད་འཚོ་གནས་བྱེད་པའི་བར་སྟོང་ལ་རྣམ་ཤེས་དང་ཚེ་སྲོག་སྦྱིན་པ་དང་། རི་ཀླུང་ཡོད་ཚད་ལ་མིང་བཏགས་པ། ཁྱིམ་རྒྱུད་དང་། ཚོ་བ། སྡོད་གནས་བཅས་ཀྱི་ས་ཁོངས་དབྱེ་བ། གནས་སྤོར་རེ་སྐོང་བཅས་བྱས་ཤིང་། དེ་དག་དང་ཕན་གནོད་ཀྱི་འབྲེལ་བ་ངེས་ཅན་ཞིག་འཛུགས་པ་དང་། གནས་རི་དང་ཀླུ་ཆུ་ལ་ལྷ་མཆོད་ཀླུ་མཆོད་སོགས་ཀྱི་གཏན་འབེབས་བཟོས་ཏེ་མི་རྣམས་ཀྱིས་གང་འདོད་དུ་ཤིང་མི་གཅོད་པ་དང་། རི་སྐྱེས་སྲོག་ཆགས་མི་གསོད་པ། རང་བྱུང་ཁམས་ཆེན་མོར་སྲུང་སྐྱོང་བྱེད་པ། རང་ཉིད་འཚོ་གནས་བྱེད་པའི་རྟེན་གཞིར་སྲུང་སྐྱོང་བཅས་བྱེད་ཀྱིན་ཡོད། འོན་ཀྱང་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་སྤྱིར་བཏང་ཇེ་ཞན་དུ་འགྲོ་བ་དང་གོ་ལ་ཧྲིལ་པོའི་གནམ་གཤིས་ཇེ་དྲོ་རུ་ཕྱིན་ཞིང་། ཉེ་བའི་ལོ་བཅུ་གྲངས་རིང་མིའི་རིགས་ཀྱིས་ལུགས་དང་མི་མཐུན་ཞིང་གཞི་ཁྱོན་ཆེན་པོར་གསར་སྤེལ་བྱས་པས་མིག་སྔར་མཐོ་སྒང་གི་སྐྱེ་ཁམས་ཉེན་ཁར་འཕྲད་དེ་གོ་ལ་ཧྲིལ་པོར་ཉེན་བརྡ་བཏང་ཡོད། 
       གཅིག ཆུའི་སྐྱེ་ཁམས་ཇེ་སྡུག་ཏུ་སོང་ཚུལ། མིག་སྔར། མཚོ་བོད་མཐོ་སྒང་གི་ཆུའི་སྐྱེ་ཁམས་ཀྱི་གནས་ཚུལ་ནི། འཁྱགས་ཀླུང་ཇེ་ཆུང་དུ་འགྲོ་བ་དང་། གངས་ཐིག་མཐོ་རུ་འགྲོ་བ། མཚོ་དང་མཚེའུ་སྐམ་པ། གཙང་ཆུའི་རྒྱུག་ཚད་ཇེ་ཆུང་དུ་འགྲོ་བའམ་ཡང་ན་ཆུ་ཆད་པ། སྐམ་རྙིད་དུ་གྱུར་ནས་རིམ་བཞིན་ན་འདམ་ཉམས་ཞན་དུ་གྱུར་ཡོད། མཚོ་སྔོན་པོའི་དེ་སྔའི་མཚོ་འཕགས་སྨི3193.69ཟིན་པ་དང་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ4282.3ཟིན་པ་ནི་མཚོ་བོད་མཐོ་སྒང་གི་འདབ་ཆགས་འཚོ་སྡོད་བྱ་ཡུལ་གལ་ཆེ་ཤོས་ཤིག་ཡིན་མོད། ཉེ་བའི་ལོ་ཤས་རིང་ཆ་སྙོམས་ལོ་རེའི་ཆུ་གནས་ལི་སྨི10.42མར་ལྷུང་པ་དང་། དེ་སྔའི་ཆུ་མགོ70ལྷག་ཙམ་ལ་གནོད་སྐྱོན་བཟོས་ཡོད་པས། མིག་སྔར་ཆུ་མགོ40ལྷག་ལས་གཞན་དག་སྐམ་ཞིང་མེད་པར་གྱུར་ཡོད། 1959ལོ་ནས1988ལོའི་བར་གྱོང་གུན་ཕོག་ཚད་སྨི་རྒྱ་དཔངས་གྲུ་བཞི་དུང་ཕྱུར139.2ཟིན་ཞིང་ཆུ60%ཙམ་ཇེ་ཉུང་དུ་ཕྱིན་ཡོད། ཉ་རིགས་ཀྱི་ཐོན་ཁུངས་མངོན་གསལ་དོད་པོས་ཇེ་སྡུག་ཏུ་སོང་པ་དང་འདབ་ཆགས་གླིང་ཕྲན་ནི་ཁེར་རྐྱང་དུ་ཆགས་ཤིང་། གླིང་ཕྲན་ནས་བྱེ་གླིང་དུ་འགྱུར་བཞིན་ཡོད། རྨ་ཆུའི་ཆུ་མགོ་ས་ཁུལ་ལ་མཚོན་ཚེ། རྒྱལ་ཡོངས་སུ་རྨ་ཆུ་ལས་མིང་བཏགས་པའི་རྫོང་གཉིས་ཡོད། གཅིག་ནི་མཚོ་སྔོན་གྱི་རྨ་སྟོད་རྫོང་ཡིན། འདི་ནི་རྨ་ཆུའི་བཞུར་རྒྱུན་གྱི་རྫོང་དང་པོ་ཡིན་ཞིང་། མངའ་ཁོངས་སུ་རྨ་ཆུ་སྤྱི་ལེ350ཡོད་པ་དང་། མཚེའུ་ཆེ་ཆུང4077ཡོད་པས“མཚེའུ་སྟོང་གི་ཕ་རྫོང”དུ་གྱུར་ཡོད་ཅིང་། མིག་སྔར་མཚེའུ་སྐམ་པ་དང་། མཚེའུ་ཡི་མཐའ་འཁོར་གྱི་ཆུ་ཕྲན་སྟོང་ལྷག་ཕལ་ཆེར་མེད་པར་གྱུར་ཡོད། མཚོ་སྐྱ་རེངས་དང་སྔོ་རེངས་གཉིས་ནི་རྨ་ཆུར་ཐད་ཀར་འདྲེས་པའི“གཅེན་གཅུང་མཚོ་མོ”ཆ་གཅིག་ཡིན་ཞིང་། 1996ལོར་མཚོ་གཉིས་ཀྱི་བར་དུ་བཞུར་རྒྱུན་ཆད་ཐེངས་དང་པོ་བྱུང་པ་དང་། རྗེས་སུ་ལོ་རེ་བཞིན་ཇེ་སྡུག་ཏུ་འགྲོ་བཞིན་ཡོད། ད་ལྟ་མཚོ་སྔོ་རེངས་ཀྱི་མཚོ་ངོས་སུ་ཉུང་མཐར་ཡང་སྨི200ཇེ་ཆུང་དུ་སོང་ཡོད་པ་དང་། ཆུ་ཚད་སྨི2ཙམ་ཇེ་ཉུང་དུ་ཕྱིན་ཡོད། མཚོ་སྐྱ་རེངས་ཀྱི་མཚོ་ངོས་སུ་སྨི400ཙམ་མར་ལྷུང་པ་དང་། ཆུ་ཚད་སྨི3ལྷག་ཙམ་ཇེ་ཉུང་དུ་སོང་ཡོད། ཅིག་ཤོས་ནི་རྨ་ཆུ་ལས་མིང་བཏགས་པའི་ཀན་སུའུ་རྨ་ཆུ་རྫོང་ཡིན་ཞིང་། དེར་རྨ་ཆུ་སྤྱི་ལེ433རྒྱུག་གི་ཡོད་པར་རྨ་ཆུའི“ཆུ་གསོག་རྫིང་བུ”ཞེས་འབོད་ཀྱིན་ཡོད་པ་དང་། ལོ་རེར་ཆུ་བོ120ཆུ་རྒྱུན་མ་ཆད་པར་རྨ་ཆུའི་ནང་འབབ་ཀྱིན་ཡོད། ཆུ་མཁོ་འདོན་བྱེད་ཚད་སྨི་རྒྱ་དཔངས་གྲུ་བཞི་མ་དུང་ཕྱུར65.9ཟིན་པས་རྨ་ཆུའི་ཆུ་མགོ་ས་ཁུལ་གྱི་ལོ་རེའི་ཆུའི་བཞུར་ཚད་ཀྱི35.8%བཟུང་ཡོད། འོན་ཀྱང་ཉེ་བའི་ལོ་ཤས་རིང་རྨ་ཆུའི་ཆུ་ཁོངས་ཀྱི་ཆུ་མིག་སྟོང་ཕྲག་ཁ་ཤས་སྐམ་ཟིན་པ་དང་རྨ་ཆུའི་ཆུ་ལག་གཙོ་བོ28ཁྲོད11སྐམ་སོང་། དུས་རབས་ཉི་ཤུ་པའི་ལོ་རབས་དགུ་བཅུ་པ་ནས་བཟུང་རྨ་ཆུའི་ཆུ་མཚམས་ཀྱི་ཆུ་མཁོ་འདོན་བྱེད་ཚད25.3%ཇེ་ཉུང་དུ་ཕྱིན་ཡོད། 1997ལོར་རྨ་ཆུ་ཐེངས31ལ་བཞུར་མཚམས་ཆད་ནས་ཉིན226འགོར་སྟབས་རྨ་ཆུའི་དབུས་རྒྱུད་དང་སྨད་རྒྱུད་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི300མར་ལྷུང་པ་དང་། འབྲུ་རིགས་ཀྱིས་མཚོ་བོད་མཐོ་སྒང་ས་ཁུལ་དུ་འཚོ་བའི་མི་རྣམས་ཀྱི་དགོས་མཁོ་ཡོངས་སུ་སྐོང་ཐུབ་ཀྱིན་ཡོད་མོད། ལོ་དེར་བོད་རང་སྐྱོང་ལྗོངས་དང་མཚོ་སྔོན་ཞིང་ཆེན་གཉིས་ཀྱི་འབྲུ་རིགས་ཐོན་ཚད་ཏུན་ཁྲི270ལས་ཟིན་གྱི་མེད། བཞུར་རྒྱུན་ཆད་པའི་བཟོ་ལས་གྱོང་གུན་ནི་ཞིང་ལས་གྱོང་གུན་གྱི་ལྡབ10ཡས་མས་ཡིན། ཡང་དཔེར་ན། འབྲི་ཆུའི་སྟོད་རྒྱུད་ཀྱི་དཀར་མཛེས་དང་། རྔ་བ། མཚོ་སྔོན་པད་མ་བཅས་སུ་ལོ་མང་རིང་ཚད་བཀག་མེད་པར་གདོད་མའི་ནགས་ཚལ་གཅོད་པ་དང་ལྟག་ཆུ་བསྐྱིལ་གསོག་བྱས་པའམ་ནགས་ཚལ་ལ་གཏོར་བརླག་བཏང་སྟེ་ལོ་རེར་འབྲི་ཆུར་བྱེ་འདམ་ཏུན་ཁྲི1200ལྷག་ཙམ་འདྲེན་གྱིན་ཡོད། 1998ལོར་ལྷོ་ཕྱོགས་སུ་ཆུ་ལོག་གིས་གནོད་འཚེ་བཏང་སྟེ། འབྲི་ཆུའི་འབབ་རྒྱུད་ལ་ལོ་དེར་དཔལ་འབྱོར་གྱི་གྱོང་གུན་སྒོར་དུང་ཕྱུར3000ལྷག་བཟོས་མོད། གོང་དུ་བཤད་པའི་ས་ཆ་གསུམ་གྱི་ལོ་དེའིGDPསྒོར་དུང་ཕྱུར100ཡང་ཟིན་གྱིན་མེད་པས། སྐྱེ་ཁམས་ཁོར་ཡུག་ལ་ཤུགས་རྐྱེན་གལ་ཆེན་ཐེབས་པར་དེ་བས་ཀྱང་མཐོང་ཆུང་བྱེད་མི་རུང་ལ། ཆུ་རྒྱུད་སྨད་མའི་ཆུ་ལམ་གཙོ་བོའི་བྱེ་འདམ་ཕུང་གསོག་ཚབས་ཆེན་ཐེབས་པ་དང་། ཆུ་ལོག་འགོག་ནུས་ཇེ་ཞན་དུ་སོང་བ། རྨ་ཆུའི་ཟུར་གསུམ་གླིང་ས་ཁུལ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཏོར་བརླག་ཚབས་ཆེན་ཐེབས་ཡོད།
       གཉིས། རྩྭ་ཐང་སྐྱེ་ཁམས་མ་ལག་ཇེ་ཞན་འགྱུར་ཚད་ཇེ་ཆེར་ཕྱིན་ཚུལ། རྩྭ་ཐང་གི་འདམ་ར་དང་། ཆུ་བོ། སྲོག་ཆགས་དང་རྩི་ཤིང་བཅས་མཉམ་འདུས་ཀྱིས་མཚོ་བོད་མཐོ་སྒང་རྩྭ་ཐང་གི་སྐྱེ་ཁམས་མ་ལག་གྲུབ་ཡོད། ཉེ་བའི་ལོ20ཡི་རིང་མཚོ་བོད་མཐོ་སྒང་དུ་ལོ་མང་འཁྱག་སའི་བང་རིམ་སྨི5ནས7བར་ཇེ་ཉུང་དུ་ཕྱིན་པ་དང་ས་ངོས་སྔོ་ཁེབས་རྒྱུན་མི་ཆད་པར་མེད་པར་ཇེ་ཞན་དུ་གྱུར་ཞིང་། བོད་ལྗོངས་ནག་ཆུའི་གྲང་ངར་ཇེ་ཞན་དུ་སོང་བའི་རྐྱེན་གྱིས་རྩྭ་ཐང་སྤྱི་ཆིངས་ཁྲི8000ཞན་པར་གྱུར་བས་རྩྭ་ཐང་གི་རྒྱ་ཁྱོན་གྱི25%བཟུང་བ་དང་། མཚོ་སྔོན་གྱི་རང་བྱུང་རྩྭའི་ཐོན་ཚད་དུས་རབས20པའི་ལོ་རབས50པ་ལས30%ནས60%བར་མར་ཆག་པ་དང་ཞན་འགྱུར་ཚབས་ཆེན་བྱུང་བའི་ས་ཁོངས་ཀྱི་རྩྭའི་ཐོན་ཚད70%ཡན་མར་ཆག་པ་མ་ཟད། ས་ཁུལ་ཁག་ཅིག་ས་ནག་གྲམ་ཐང་དུ་གྱུར་ཡོད། མཚོ་སྔོན་པོའི་མཐའ་འཁོར་ས་ཁུལ་གྱི་རྩྭ་ཐང་ཞན་འགྱུར་རྒྱ་ཁྱོན་མུའུ་ཁྲི1035ཟིན་པ་དང་། ལོ་རེའི་ཞན་འགྱུར་ཚད0.3%རིམ་འཕར་བྱུང་ཡོད། 
          2006ལོའི་ཟླ5ཚེས8ཉིན་གྱི«མི་དམངས་ཉིན་རེའི་ཚགས་པར»གྱི་པར་ངོས་དྲུག་པའི་ཐོག་གནས་ཚུལ་སྤེལ་བར་གཞིགས་ཚེ། རང་རྒྱལ་གྱི་རྩྭ་ལས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཐབ་ཇུས་ཞིབ་འཇུག་གྲུབ་འབྲས་ལས་རང་རྒྱལ་གྱི་རྩྭ་ཐང་སྐྱེ་ཁམས་ཁོར་ཡུག་གི་དུས་བབ་སྔར་བཞིན་ཛ་དྲག་ཡིན་ཞིང་། “ཉུང་ཤོས་ཇེ་ལེགས་སུ་ཕྱིན་པ་དང་སྤྱི་ཡོངས་ནས་ཇེ་ཞན་དུ་ཕྱིན་པའི”གནས་ཚུལ་བཀག་འགོག་ནུས་ལྡན་བྱེད་ཐུབ་མེད་པ་དང་། རྒྱལ་ཡོངས་ཀྱི་བེད་སྤྱོད་ཆོག་པའི་རང་བྱུང་རྩྭ་ཐང90%ཡན་ཚད་གཞི་མི་འདྲ་བའི་སྒོ་ནས་བྱེ་འགྱུར་དང་། བ་ཚྭ་ཅན། བྱེ་རྡོ་ཅན་བཅས་སུ་གྱུར་ཞིང་། བྱང་ཕྱོགས་རྩྭ་ཐང་གི་སྒོ་ཕྱུགས་ཀྱི་ཆ་སྙོམས་ཤོངས་ཚད36%ཡན་ཟིན་ཏེ། རྒྱུན་ཆད་མེད་པར་རྩྭ་ཐང་ཐོན་སྐྱེད་བྱེད་ནུས་དང་རྩྭའི་ཐོན་ཚད་མར་ཆག་ཡོད།
       གསུམ། རྒྱུན་ཆད་མེད་པར་ས་ཞིང་ས་རྒོད་ཅན་དུ་འགྱུར་ཚད་ཇེ་ཐུར་འགྲོ་བཞིན་ཡོད། 2005ལོའི«ཀྲུང་གོའི་མྱ་ངམ་ཐང་དང་བྱེ་ཐང་དུ་འགྱུར་བའི་གནས་ཚུལ་སྤྱི་བསྒྲགས»ལ་གཞིགས་ཚེ། 2004ལོའི་ལོ་མཇུག་བར་རང་རྒྱལ་གྱི་མྱ་ངམ་ཐང་དུ་གྱུར་བའི་ས་ཆའི་རྒྱ་ཁྱོན་སྤྱི་ལེ་གྲུ་བཞི་མ་ཁྲི263.62ཟིན་པས་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི27.46%བཟུང་ཡོད། དེའི་ནང་བྱེ་འགྱུར་ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི173.97ཟིན་པས་རྒྱལ་ཁོངས་ས་ཆའི་རྒྱ་ཁྱོན་གྱི18.12%བཟུང་ཡོད། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཧ་ཅང་ཇེ་ཞན་དུ་སོང་བའི་ཁར་བཅོས་སྒྲིག་བྱེད་པར་མི་འདང་བའི་དབང་གིས་ཆུ་ཆད་པ་དང་། རླུང་ཤུགས་གནོད་སྐྱོན་སྣང་ཚུལ་ངན་པ་ཚབས་ཆེ་རུ་ཕྱིན་པ། ས་ཆུ་ཉམས་ཚད་ཇེ་ཐུ་རུ་སོང་པ། འདམ་རྡོའི་ཆུ་རུད་ཀྱི་གནོད་འཚེ་ཡང་ཡང་ཐོན་པ། ཆུ་བོ་དང་ཆར་ཆུ་དུས་དང་མི་མཐུན་པ། ཆུ་ངོགས་ས་སོབ་ཀྱི་གཞི་ཁྱོན་ཆེ་བས་རི་ཉིལ་བ་དང་། རྩྭ་ཐང་དང་འདམ་རར་གཏོར་སྐྱོན་ཕོག་པ། གཙང་ཆུའི་བྱེ་འདམ་ཇེ་མང་དུ་ཕྱིན་པ། ས་ཞིང་ཐང་རྒོད་ཅན་དུ་འགྱུར་ཚད་ཆེ་རུ་ཕྱིན་པ་བཅས་བྱུང་ཡོད།
       བཞི། ས་ཆུ་ཤོར་ཚུལ་ཉིན་རེ་བཞིན་ཇེ་ཐུར་འགྲོ་བཞིན་ཡོད། མཚོ་བོད་མཐོ་སྒང་གི་ས་ཆུ་ཤོར་ཚད་ཁྱོན་བསྡོམས་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི33ཟིན་པ་དང་ལོ་རེར་ཚལ་རྔ་འགག་གློག་འདོན་ཁང་གི་ཆུ་མཛོད་དུ་བྱེ་འདམ་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི3131ཟིན་ཞིང་མཚོ་སྔོན་པོར་བྱེ་འདམ་ཏུན་ཁྲི987ཟིན་གྱི་ཡོད། ལོ་རེར་འབྲི་ཆུས་བྱེ་འདམ་ཏུན་དུང་ཕྱུར5ཙམ་བཤལ་བར་འཛམ་གླིང་ཐོག་གི་ཆུ་བོ་ཆེན་པོ་གཞན་གསུམ(ཡ་མ་ཤུན་གཙང་པོ་དང་། ཉི་ལུའུ་གཙང་པོ། སྨི་ཤིས་ཤིས་པི་གཙང་པོ)གྱི་བྱེ་འདམ་བཤལ་ཚད་དང་མཚུངས་པར་གྱུར་ཡོད།
       ལྔ། སྣ་མང་རང་བཞིན་གྱི་སྐྱེ་དངོས་ཇེ་ཉུང་དུ་ཕྱིན་ཡོད། རྩྭ་ཐང་གི་སྔོ་ཁེབས་རྒྱ་ཁྱོན་ཆེས་ཆེར་མར་ཆག་པས་རི་སྐྱེས་སྲོག་ཆགས་ཀྱི་གྲངས་འབོར་ཆེན་པོ་མེད་པར་གྱུར་ཡོད། ཀན་སུའུ་རྨ་ཆུ་རྫོང་ལ་ཆ་མཚོན་ཚེ། དུས་རབས20པའི་ལོ་རབས60པར་རྩ་ཆེའི་སྲོག་ཆགས་སྣ་ཁ230ལྷག་ཡོད་མོད། མིག་སྔར་བསྡོམས་རྩིས་བྱས་པར་གཞིགས་ཚེ། རྒྱལ་ཁབ་ཀྱིས་གཏན་འབེབས་བྱས་པའི་སྲུང་སྐྱོང་སྲོག་ཆགས་སྣ་ཁ104ལས་མེད་པ་དང་སྣ་ཁ90ཙམ་ཇེ་ཉུང་དུ་ཕྱིན་ཡོད།
       གསུམ་པ། མི་རྩ་བར་བཟུང་སྟེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཆམ་མཐུན་སོགས་གོང་དུ་འཕེལ་པར་བྱེད་དགོས། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་མཚོ་བོད་མཐོ་སྒང་གི་ཁོར་ཡུག་གནད་དོན་ལ་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད། ཧུའུ་ཅིན་ཐའོ་ཡིས“ངེས་པར་དུ་བོད་ཀྱི་དྭངས་ཤིང་གཙང་བའི་རི་ཆུ་ནགས་གསུམ་སྲུང་སྐྱོང་བྱེད་པ་ནི་ང་ཚོའི་ལོ་རྒྱུས་ཀྱི་འགན་འཁྲི་ཡིན”ཞེས་གསུངས་པ་དང་། ཝུན་ཅཱ་པའོ་ཡིས“བོད་ཀྱི་ཁོར་ཡུག་སྲུང་སྐྱོང་བྱེད་པར་གལ་འགངས་ཤིན་ཏུ་ཆེ་བས། ངས་ནན་བཤད་ཐེངས་གཉིས་བྱས་པ་ཡིན། ངས་ཐལ་ཆེ་བའི་ཡིག་འབྲུ་གཉིས་བསྣན་པ་ཡིན། ཁྱེད་ཚོས་ངེས་པར་དུ་བོད་ཀྱི་རྩྭ་དང་རྩི་ཤིང་ཚང་མར་སྲུང་སྐྱོང་བྱེད་པར་དོ་སྣང་གནང་རོགས་ཞེས་གསུངས་ཡོད། བོད་རང་སྐྱོང་ལྗོངས་ཀྱིས་གཏན་འཁེལ་བྱས་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱིས་བོད་ལྗོངས་ས་ཆའི་རྒྱ་ཁྱོན་གྱི་གསུམ་ཆའི་གཅིག་བཟུང་ཞིང་། རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར200ལྷག་བཏང་ཡོད་པ་དང་། མཚོ་སྔོན་གཙང་གསུམ་འབྱུང་ཡུལ་སྲུང་སྐྱོང་ཁུལ་དུ་རྒྱལ་ཁབ་ཀྱིས་མ་དངུལ་སྒོར་དུང་ཕྱུར25བཏང་ཡོད་ལ། ཀན་ལྷོའི་རྨ་ཆུའི་ཆུ་མགོ་གལ་ཆེན་མཁོ་འདོན་ཁུལ་དུ་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར45གཏང་པར་ཆོག་མཆན་གནངས་ཡོད།
       ང་ཚོ་མིའི་རིགས་ནི་རང་བྱུང་ཁམས་ཡུན་རིང་གོང་དུ་འཕེལ་འགྱུར་བྱུང་བའི་འབྲས་བུ་ཡིན་ལ། ཁོར་ཡུག་འཕོ་འགྱུར་བྱུང་བའི་ཐོན་དངོས་ཀྱང་ཡིན་ཞེས་བཤད་ཀྱང་ཆོག མིའི་རིགས་བྱུང་བར་ཐོག་མཐའ་བར་གསུམ་དུ་ཁོར་ཡུག་དང་འབྲེལ་བ་ཡོད། མིའི་རིགས་འཕེལ་འགྱུར་དང་འཕེལ་རྒྱས་སུ་འགྲོ་བ་དང་བསྟུན་ནས་མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བའང་ཇེ་དམ་དུ་འགྲོ་བཞིན་ཡོད་པར་མ་ཟད། ཁོར་ཡུག་གི་གྲུབ་ཆའི་ཐད་ནས་བལྟས་ཚེ། མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བར་ཕྱོགས་གཉིས་ཡོད་དེ། གཅིག་ནི་མིའི་རིགས་དང་རང་བྱུང་ཁོར་ཡུག་བར་གྱི་འབྲེལ་བ་དང་། ཅིག་ཤོས་ནི་མིའི་རིགས་དང་སྤྱི་ཚོགས་ཁོར་ཡུག་བར་གྱི་འབྲེལ་བ་ཡིན། མིའི་རིགས་དང་ཁོར་ཡུག་བར་ཕན་ཚུན་ནུས་པ་ཐོན་རེས་བྱེད་པའི་ཟུར་ནས་བལྟས་ཚེ། མིའི་རིགས་དང་ཁོར་ཡུག་བར་གྱི་འབྲེལ་བར་ཁོར་ཡུག་ལ་མིའི་ཁ་ཆད་རང་བཞིན་གྱི་འབྲེལ་བ་ཡོད་ལ། མི་ལ་ལར་ཁོར་ཡུག་གི་རང་འགུལ་རང་བཞིན་གྱི་འབྲེལ་བ་ཡང་ཡོད། མིག་སྔར་ང་ཚོས་གཙོ་གནད་དུ་བཟུང་སྟེ་དོ་ཁུར་བྱེད་པ་ནི་རྗེས་ཀྱི་འབྲེལ་བ་འདི་ཡིན། ཁོར་ཡུག་ནི་ང་ཚོ་མིའི་རིགས་འཚོ་གནས་དང་། འཕེལ་འགྱུར། འཕེལ་རྒྱས་བཅས་ཡོང་བའི་རྨང་གཞི་དང་སྔོན་འགྲོའི་ཆ་རྐྱེན་ཡིན། མིའི་རིགས་ཀྱིས་ཁོར་ཡུག་ལ་བརྟེན་ནས་འཚོ་གནས་དང་། འཕེལ་འགྱུར། འཕེལ་རྒྱས་སུ་གཏང་པ་དང་། རྒྱུན་ཆད་མེད་པར་ཁོར་ཡུག་ལས་དངོས་པོ་དང་། ནུས་ཁུངས། ཆ་འཕྲིན་བཅས་ལེན་བཞིན་ཡོད་ལ། ཁོར་ཡུག་གིས་མིའི་རིགས་ཀྱི་འཚོ་གནས་དང་འཕེལ་འགྱུར། འཕེལ་རྒྱས་བཅས་ལ་ཚོད་འཛིན་བྱེད་བཞིན་ཡོད། རང་རྒྱལ་གྱི་གཞི་ཁྱོན་ཆེ་བའི་བཟོ་ལས་ལ་དུས་རབས་ཕྱེད་ཀའི་ལོ་རྒྱུས་ལས་མེད་མོད། ཁོར་ཡུག་དང་ཐོན་ཁུངས་ཀྱི་གནད་དོན་ཧ་ཅང་འབུར་ཐོན་ཡིན། 2004ལོའི་ཟླ3ཚེས10ཉིན། བློ་མཐུན་ཧུའུ་ཅིན་ཐའོ་ཡིས་ཀྲུང་དབྱང་གི་མི་འབོར་དང་ཐོན་ཁུངས། ཁོར་ཡུག་བཅས་ཀྱི་ལས་དོན་གྲོས་ཚོགས་སྟེང“རྒྱུན་མཐུད་ངང་འཕེལ་རྒྱས་སུ་གཏང་བ་ནི་མི་དང་རང་བྱུང་ཁམས་འཆམ་མཐུན་ལ་སྐུལ་འདེད་བཏང་སྟེ། དཔལ་འབྱོར་འཕེལ་རྒྱས་ནི་མི་འབོར་དང་། ཐོན་ཁུངས། ཁོར་ཡུག་བཅས་དང་མཐུན་སྦྱོར་ཡོང་བ་མངོན་འགྱུར་བྱེད་པ་དང་། ཐོན་སྐྱེད་འཕེལ་རྒྱས་དང་། འཚོ་བ་ཕྱུག་འགྱུར། སྐྱེ་ཁམས་ལེགས་བཅོས་བཅས་ཀྱི་དཔལ་ཡོན་ལྡན་པའི་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པར་རྒྱུན་འཁྱོངས་བྱས་ཏེ། མི་རབས་ནས་མི་རབས་བར་རྒྱུན་མཐུད་ངང་འཕེལ་རྒྱས་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་གསལ་པོར་བཏོན་ཡོད། སྐྱེ་ཁམས་ཁོར་ཡུག་འཛུགས་སྐྲུན་དང་ཚན་རིག་དང་མཐུན་པའི་འཕེལ་རྒྱས་ལྟ་བའི་བར་གྱི་འབྲེལ་བ་ཇི་ལྟར་ཐག་གཅོད་ལེགས་པོ་བྱེད་པ་ནི་དོན་དངོས་སུ“གཅིག་གྱུར་འཆར་འགོད་ལྔ”རྒྱུན་འཁྱོངས་བྱེད་པ་སྟེ། གྲོང་ཁྱེར་དང་གྲོང་གསེབ་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ་དང་། ས་ཁོངས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། མི་དང་རང་བྱུང་ཁམས་འཆམ་མཐུན་འཕེལ་རྒྱས་ལ་གཅིག་གྱུར་འཆར་འགོད་བྱེད་པ། རྒྱལ་ནང་གི་འཕེལ་རྒྱས་དང་ཕྱི་ཕྱོགས་སྒོ་འབྱེད་ལ་གཅིག་གྱུར་འཆར་འགོད་བཅས་བྱས་ཏེ། མཇུག་མཐར་རྒྱུན་མཐུད་འཕེལ་རྒྱས་མངོན་འགྱུར་བྱེད་པ་དེ་ཡིན། དཔལ་འབྱོར་འཕེལ་རྒྱས་མྱུར་མོར་གོང་འཕེལ་དུ་གཏང་པ་དང་ཆབས་ཅིག མཚོ་བོད་མཐོ་སྒང་གི་མི་འབོར་དང་། ཐོན་ཁུངས། ཁོར་ཡུག་བཅས་ཀྱི་དབར་འགལ་བ་ཉིན་བཞིན་མངོན་གསལ་དུ་འགྲོ་བཞིན་ཡོད་པས་ཁོར་ཡུག་སྲུང་སྐྱོང་དང་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱེད་པ་ནི་དུས་ཡུན་རིང་ཞིང་དཀའ་ཚེགས་ཆེ་བའི་ལས་འགན་ཞིག་ཡིན་པ་གཏན་འཁེལ་བྱས་ཡོད།
       གཅིག “ཆུའི”ཐོན་ཁུངས་དང་བེད་སྤྱོད་སྐོར་གྱི་རྩོམ་ཡིག་ལེགས་པོ་འབྲི་དགོས། མཚོ་བོད་མཐོ་སྒང་གི་ཆུའི་ཐོན་ཁུངས་ཀྱི་ཚད་ཡོད་རང་བཞིན་དང་ལུགས་མཐུན་མིན་པའི་ཆུའི་ཐོན་ཁུངས་ཀྱིས་སྐྱེ་ཁམས་ཁོར་ཡུག་ཐད་ཐེབས་པའི་ཤུགས་རྐྱེན་གལ་ཆེན་ལ་ངོས་འཛིན་གང་ལེགས་བྱེད་དགོས། དཔེར་ན། གངས་ཐིག་ཡར་འཕར་བ་དང་། ཆུ་བོའི་བཞུར་རྒྱུན་ཆད་པ། མཚེའུ་སྐམ་པ། རྩྭ་ཐང་ཞན་འགྱུར། ས་ཞིང་བྱེ་ཐང་ཅན་དུ་འགྱུར་བ་སོགས་དང་། ལྷག་པར་དུ་ཤུགས་རྐྱེན་དེ་དག་གི་རྗེས་ལུས་རང་བཞིན་དང་། གསོག་འཇོག་རང་བཞིན་ཚད་ངེས་ཅན་ཞིག་ལ་སླེབས་རྗེས་ཀྱི་ལྡོག་ཐབས་མེད་པའི་རང་བཞིན་བཅས་ལ་ངོས་འཛིན་གསལ་པོ་བྱེད་དགོས། ད་ལྟ་ང་ཚོས“མིས་བྱེ་འགྱུར་བཅོས་སྐྱོང་བྱས་ཏེ་རང་ཡུལ་སླར་གསོ་བྱེད་དགོས”ཞེས་པ་དང་། གངས་རི་དང་། འཁྱགས་ཀླུང་། ཆུ་མགོ་བཅས་ནི་མི་རྣམས་ཀྱིས་བཅོས་སྐྱོང་བྱས་པ་རང་ཡིན་པས། མི་འབོར་ཆེན་ཞིག་ནང་དུ་ཕྱིན་ཚེ། དེ་ཉིད་ཡར་འཕར་བ་དང་། ཕྱིར་འགྲིབ་པ། ཆུ་རྒྱུན་ཆད་པ་བཅས་སུ་འགྱུར་ངེས་ཡིན། དེར་བརྟེན་ཆུའི་ཐོན་ཁུངས་སྲུང་སྐྱོང་དང་། ལུགས་མཐུན། རྒྱུན་མཐུད་བེད་སྤྱོད་བཅས་བྱེད་པ་ནི་གདོད་མའི་ཕྱོགས་སུ་ལོག་པ་མ་ཡིན་པར་རང་བྱུང་གི་ཆོས་ཉིད་ལ་བརྩི་སྲུང་ཞུ་བ་དང་། མིའི་རང་སྟོབས་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ། སྐྱེ་ཁམས་མ་ལག་ཇེ་ཞན་དུ་འགྲོ་བའི་འགོག་རྐྱེན་སྣ་ཚོགས་ལ་ཚོད་འཛིན་བྱེད་པའམ་མེད་པར་བཟོ་བ། མ་ལག་གི་རང་ནུས་སླར་གསོའི་ནུས་པ་སྤྱད་དེ་སྐྱེ་ཁམས་ཁོར་ཡུག་སླར་གསོ་དང་ཇེ་ལེགས་སུ་གཏང་པའི་དམིགས་ཡུལ་བསྒྲུབ་པ། ཆུའི་ཐོན་ཁུངས་རྒྱུན་མཐུད་བེད་སྤྱོད་ཐུབ་པ་བཅས་བྱེད་པར་ངོས་འཛིན་ཐུབ་དགོས།
       གཉིས། ཐོན་ལས་གྲུབ་ཚུལ་ལེགས་སྒྲིག་བྱེད་ཤུགས་ཆེ་རུ་གཏང་དགོས། སྐྱེ་ཁམས་ཁོར་ཡུག་ནི་ཐོན་སྐྱེད་ནུས་ཤུགས་ཡིན་པ་དང་། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་བྱེད་པ་ནི་ཐོན་སྐྱེད་ནུས་ཤུགས་འཕེལ་རྒྱས་སུ་གཏང་པ་ཡིན་ཞིང་། སྐྱེ་ཁམས་ཁོར་ཡུག་ནི་མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བ་རྒྱུན་མཐུད་ངང་འཕེལ་རྒྱས་དང་མཐོར་འདེགས་ཡོང་བའི་དངོས་པོའི་རྨང་གཞི་ཡིན། མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པ་ནི་ས་ཁོངས་ཀྱི་ཐོན་སྐྱེད་ནུས་ཤུགས་སྲུང་སྐྱོང་དང་འཕེལ་རྒྱས་སུ་གཏང་ཚད་མཐོར་འདེགས་བྱེད་པར་མཐོང་ཆེན་བྱེད་པ་ཡིན་ལ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་འཛུགས་སྐྲུན་བྱེད་པ་ནི་ས་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་གཏང་པ་དང་འབྲེལ་བ་དམ་པོ་བྱེད་དགོས། བཟོ་ལས་ཐད་སྐྱེ་ཁམས་དཔལ་འབྱོར་དང་། དག་གཙང་ཐོན་སྐྱེད། འཁོར་སྐྱོད་དཔལ་འབྱོར་བཅས་འཕེལ་རྒྱས་སུ་གཏང་དགོས། ཞིང་ལས་ཐད་གཙོ་བོ་ཞིང་ལས་ནི་འབྲུ་རིགས་འདེབས་པའི་འདུ་ཤེས་སུ་བསྒྱུར་ནས་ཞིང་ལས་ཐོན་ལས་ཀྱི་གྲུབ་ཆ་ལེགས་སྒྲིག་ནན་མོ་བྱེད་པ་དང་། སྐྱེ་ཁམས་ཡུལ་སྐོར་སོགས་ཐོན་ལས་གསུམ་པ་འཕེལ་རྒྱས་སུ་བཏང་སྟེ་ལས་ཞུགས་དང་ངལ་རྩོལ་ནུས་ཤུགས་བསྒྱུར་འགོད་སོགས་ཀྱི་གནད་དོན་ཐག་གཅོད་བྱེད་དགོས། གཞན་ཡང་ངལ་རྩོལ་ནུས་ཤུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ་སྲོལ་རྒྱུན་གྱི“སྐྱེ་ཁམས་འཛུགས་སྐྲུན”ནི“སྐྱེ་ཁམས་དཔལ་འབྱོར”ལ་བསྒྱུར་པའང་ཐབས་ལམ་གཞན་ཞིག་ཡིན།
       གསུམ། སྐྱེ་ཁམས་གནས་སྤོར་ཡུལ་མིའི་ལས་གཞི་དོན་འཁྱོལ་བྱེད་དགོས། ཚན་རིག་དང་མཐུན་པའི་གོང་འཕེལ་ལྟ་བ་དོན་འཁྱོལ་དང་ས་ཁོངས་རྒྱུན་མཐུད་ངང་གོང་འཕེལ་དུ་གཏང་བའི་ལྟ་ཕྱོགས་སུ་ལངས་ཏེ་མཚོ་བོད་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པ་ནི་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་འབྱུང་ཁམས་ཁོར་ཡུག་ཅིག་ཏུ་བརྩི་དགོས་པ་དང་། ཐ་ན་མིའི་རིགས་ཀྱི་སྐྱེ་ཁམས་ཁོར་ཡུག་ཅིག་ཏུའང་བརྩི་དགོས་ཤིང་། གནས་སྤོར་ཡུལ་མིའི་མིག་རྒྱང་ནི་རྒྱལ་ཡོངས་སུ་ཁྱབ་ཐུབ་པ་བྱེད་དགོས། མིའི་རིགས་ཀྱི་འཚོ་གནས་དང་མི་འཚམ་པའམ་མིའི་རིགས་འཚོ་གནས་ཀྱིས་སྐྱེ་ཁམས་ཁོར་ཡུག་ལ་གཏོར་སྐྱོན་ཚབས་ཆེན་བཟོ་སྲིད་པའི་ས་ཁུལ་གྱི་མང་ཚོགས་གནས་སྤོའམ་ཡུལ་གཞན་དུ་བཀོད་སྒྲིག་བྱེད་པ་དང་། ཕྱོགས་ཡོངས་ནས་རྨོ་འགོག་དང་། ཕྱུགས་འགོག ཉ་འགོག རྔོན་འགོག ཤིང་གཅོད་སྔོན་འགོག སྔོག་འདོན་སྔོན་འགོག་བཅས་བྱེད་པ་དང་རྨོ་བསྐྱུར་ནགས་གསོ་དང་། རྨོ་བསྐྱུར་རྩྭ་གསོ། རྨོ་བསྐྱུར་བརླན་གསོ། རྨོ་བསྐྱུར་ཆུ་གསོ་བཅས་བྱས་ཏེ་རང་བྱུང་སྐྱེ་ཁམས་ཀྱི་མ་ལག་སྲུང་སྐྱོང་དང་སླར་གསོ་བྱེད་པའི་དམིགས་ཡུལ་བསྒྲུབ་དགོས།
       གནས་སྤོར་བྱ་ཡུལ་གྱི་དོན་དངོས་དང་གནས་སྤོར་བྱ་ཡུལ་གྱི་དེ་སྔའི་ཐོན་སྐྱེད་ལག་ལེན་དང་ཟུང་འབྲེལ་བྱས་ཏེ་ཁྱད་ཆོས་ལྡན་པའི་དཔལ་འབྱོར་འཕེལ་རྒྱས་སུ་གཏང་པ་དང་། རོང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་བའི་ལས་རིགས་འཕེལ་རྒྱས་སུ་གཏང་པ། གྲོང་ཁྱེར་དང་གྲོང་རྡལ་གྱི་དཔལ་འབྱོར་སྟོབས་ཤུགས་དང་ལས་ཞུགས་ཚད་གཞི་ཆེ་རུ་གཏང་པ་བཅས་བྱས་ནས་གནས་སྤོར་ཡུལ་མི་ས་ཁུལ་གསར་པར་བསྐྱོད་པར་ལས་ཀ་ཡོད་པ་དང་འཚོ་བ་ཇེ་ལེགས་སུ་བཏང་སྟེ་གནས་སྤོར་ཡུལ་མིའི་གྲུབ་འབྲས་སྲ་བརྟན་དུ་གཏང་དགོས། གནས་སྤོར་ཁུལ་གྱི་འགྲིམ་འགྲུལ་བགྲོད་ལམ་དང་། ཆུ་གློག་མཁོ་འདོན། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་དང་རིག་གནས་དང་། སློབ་གསོ། ཚན་རྩལ། འཕྲོད་བསྟེན། སྤྱི་ཚོགས་འགན་སྲུང་སོགས་ཞབས་ཞུའི་སྒྲིག་བཀོད་ཐག་གཅོད་ཡག་པོ་བྱས་ཏེ་གནས་སྤོར་ཡུལ་མིའི“ཕ་ཡུལ་དང་བྲལ་བའི”ཚོར་སྣང་ཇེ་ཉུང་དུ་བཏང་སྟེ་གནས་སྤོར་ཡུལ་མིར་སེམས་གསོ་བྱེད་དགོས། གནས་སྤོ་ཁུལ་ལ་མཚོན་ཚེ། “སྐྱེ་ཁམས་མི་མེད་ས་ཁུལ”འཛུགས་པ་དང་། རང་བྱུང་གི་སྟོབས་ཤུགས་འདོན་སྤེལ་གང་ལེགས་བྱེད་པ་ནི་ལག་རྩལ་དང་། དཔལ་འབྱོར་གང་གི་ཐད་ནས་བཤད་ཀྱང་། “སྐྱེ་ཁམས་མི་མེད་ས་ཁུལ”ནི་ཧ་ཅང་བབ་བསྟུན་གྱི་ཐ་སྙད་ཅིག་ཡིན་ཞིང་། ཆེས་ཆེ་ཤོས་སྤྱི་ལེ་ངོས་གྲུ་བཞི་མ་ཁྲི་ལ་སླེབས་པ་དང་། ཆུང་གྲས་རི་མགོ་དང་། གྲམ་ཐང་། ནགས་ཚལ་བཅས་སུ་ཇེ་ཆུང་དུ་ཕྱིན་ནས་མི་ཤུགས་གནས་སྐབས་སླར་གསོ་བྱེད་དཀའ་བའི་ས་ཁོངས་དེ“སྐྱེ་ཁམས་མི་མེད་ས་ཁུལ”དུ་བཟོས་ནས་མིའི་རིགས་ཀྱི་སྐྱེ་ཁམས་ཉམས་དམས་ས་ཁུལ་གྱི་གསར་སྤེལ་རང་བཞིན་གྱི་བྱེད་སྒོར་ཚོད་འཛིན་བྱས་ཡོད།
       རང་བྱུང་ཁམས་ཀྱིས་རང་གིས་རང་ལ་ཉམས་གསོ་བྱེད་པའི་ནུས་པར་བརྟེན་ནས་ཆར་ཆུ་འོས་འཚམ་འབབ་པའི་གནམ་གཤིས་ཀྱི་གནས་ཚུལ་འོག་སྔོན་ལ་རྩྭ་སྐྱེ་པ་དང་། མ་མཐར་ཡང་སྔོན་ལ་སྔོ་ལྗང་ཅན་དུ་བསྒྱུར་བ། ས་སེར་དང་བྱེ་སྒང་མི་མཐོང་བ། རླུང་གཡུག་ཀྱང་ཐལ་རྡུལ་མི་འཚུབ་པ། ས་ཆུ་ཤོར་བ་ཉུང་བ། སྐྱེ་ཁམས་ཇེ་སྡུག་ཏུ་འགྲོ་བའི་རྣམ་པ་ཞི་ལྷོད་དུ་འགྲོ་བ་བཅས་བྱེད་དགོས། གཞན་ཡང་རང་བྱུང་སྲུང་སྐྱོང་ཁུལ་བཙུགས་ཏེ་རི་བོ་སྔོ་ཞིང་ཆུ་བོ་དྭངས་པ་དང་། ཡུལ་ལྗོངས་ཁྱད་པར་ཅན་གྱི་མཛེས་ཁུལ་དུ་ཡུལ་སྐོར་མཛེས་ལྗོངས་ཁུལ་བཏོད་དེ་སྐྱེ་ཁམས་ཡུལ་སྐོར་འཕེལ་རྒྱས་སུ་གཏང་དགོས།
       བཞི། ས་གནས་ཀྱི་སྐྱེ་ཁམས་ཁོར་ཡུག་ལ་ཞིབ་འཇུག་བྱེད་ཤུགས་ཆེ་རུ་གཏང་དགོས། སྐྱེ་ཁམས་མ་ལག་དོ་མཉམ་ངང་གོང་དུ་འཕེལ་བ་ནི་རང་ཉིད་འཕེལ་རྒྱས་སུ་འགྲོ་བའི་ཆོས་ཉིད་ཡིན་པས། གལ་སྲིད་རང་བྱུང་གི་ཆོས་ཉིད་དང་མི་མཐུན་པ་དང་། མི་རྣམས་ཀྱི་རང་སྣང་གི་རེ་འདུན་ཁོ་ནར་བརྟེན་ནས་ས་གནས་ཀྱི་རང་བྱུང་ཆ་རྐྱེན་དང་མི་མཐུན་པའི་མིས་བཟོས་སྐྱེ་ཁམས་མ་ལག་གསར་པ་ཞིག་འཛུགས་སྐྲུན་བྱས་ཚེ། རྟག་ཏུ་བྱ་བ་དང་འདོད་བློར་རྒྱབ་འགལ་ཡིན་པས་སྔོན་དཔག་གི་ཕན་འབྲས་ཐོབ་མི་ཐུབ་པ་མ་ཟད། ཡུན་རིང་རྒྱུན་འཁྱོངས་བྱེད་མི་ཐུབ་པས། མཇུག་མཐར་མ་ལག་ཐོར་ཞིག་ཏུ་འགྲོ་རྒྱུ་རེད། སྐྱེ་ཁམས་འཛུགས་སྐྱོང་གི་འགག་རྩའི་ཚན་རྩལ་གནད་དོན་གྱི་འགག་སྒྲོལ་ལ་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་བྱས་ཏེ་སྐྱེ་ཁམས་འཛུགས་སྐྱོང་གི་ཚན་རིག་ལག་རྩལ་གྱི་འདེགས་སྐྱོར་མ་ལག་འཛུགས་དགོས། ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་གནས་ཚུལ་གྱི་དཔལ་འབྱོར་གདེང་འཇོག་ཞིབ་འཇུག་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་དང་དཔལ་འབྱོར་འཕེལ་རྒྱས་ཀྱི་ཕྱོགས་བསྡུས་ཐབས་ཇུས་ལ་ཤུགས་སྣོན་དགོས། དམིགས་བསལ་གྱི་དོན་སྙིང་གལ་ཆེན་ལྡན་པའི་སྐྱེ་ཁམས་བྱེད་ནུས་ཀྱི་ས་ཁུལ་ཞིབ་འཇུག་དང་གཏན་འཁེལ་བྱས་ནས་རིམ་པ་བཞིན་རེ་ཞུ་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་བྱེད་ནུས་ཁུལ་འཛུགས་དགོས་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྩ་དོན་གཞིར་འཛིན་པ་དང་། རྒྱུན་མཐུད་འཕེལ་རྒྱས་ཀྱི་ཚོད་ལྟ་ཁུལ་འཛུགས་སྐྲུན་བྱེད་འགོ་འཛུགས་པ། རྒྱུན་མཐུད་འཕེལ་རྒྱས་ཀྱི་རྣམ་པ་དང་ཉམས་མྱོང་འཚོལ་ཞིབ་བྱེད་པ། ས་ཁོངས་རྒྱུན་མཐུད་འཕེལ་རྒྱས་ཀྱི་འཕེལ་རིམ་ལ་སྐུལ་འདེད་གཏང་པ་བཅས་བྱེད་དགོས།

རྩོམ་ཁུངས། ༢༠༢༣ལོའི«རྫོང་རི»ལོ་དེབ།
འབྲེལ་ཡོད་འོས་སྦྱོར།