logo

གོ་ལ་ཧྲིལ་བོའི་ཚད་གཞི་ཆེས་ཆེ་བའི་གསའི་གྲངས་འབོར་བརྟག་དཔྱད་བྱ་བར་ཐོག་མའི་ལེགས་འགྲུབ་བྱུང་།

རྩོམ་པ་པོ།: ཡོང་ཁུངས།:འཛམ་གླིང་ཡང་རྩེ་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས། དུས་ཚོད།:2025-01-20 ཀློག་གྲངས།:
       ཉེ་ཆར། གསར་འགོད་པས་ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ནགས་ལས་དང་རྩྭ་ཐང་ཅུས་དང་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུས་གཉིས་ཀྱི་མཛུབ་སྟོན་དང་། ཧྭ་ཐའེ་སྤྱི་ཕན་ཐེབས་རྩ་ཚོགས་པ་དང་ཐེང་ཞུན་སྤྱི་ཕན་དགེ་སྒྲུབ་ཐེབས་རྩ་ཚོགས་པ། ཨ་ལག་ཤSEEཐེབས་རྩ་ཚོགས་པ་བཅས་ཀྱི་རྒྱབ་སྐྱོར་འོག པེ་ཅིན་སློབ་གྲྭ་ཆེན་མོའི་རང་བྱུང་སྲུང་སྐྱོབ་དང་སྤྱི་ཚོགས་འཕེལ་རྒྱས་ཞིབ་འཇུག་ལྟེ་གནས་དང་རི་ཆུ་རང་བྱུང་སྲུང་སྐྱོབ་ལྟེ་གནས། འབྲོག་སའི་རྩྭ་རང་བྱུང་སྲུང་སྐྱོབ་ལྟེ་གནས། གཉན་པོ་གཡུ་རྩེ་སྐྱེ་ཁམས་སྲུང་སྐྱོབ་མཐུན་ཚོགས་བཅས་ལས་ཁུངས་ཀྱི་ཚན་ཞིབ་མི་སྣས་ས་གནས་དེ་གའི་སྡེ་ཁུལ་རྟོག་འཇལ་མི་སྣ་དང་མཉམ་འབྲེལ་ངང2015ནས2021ལོའི་བར་གཙང་གསུམ་འབྱུང་ཡུལ་ས་ཁོངས་ཀྱི་ཡུན་རིང་རྟོག་འཇལ་ས་ཚིགས12སུ་སྤེལ་བའི་གསའ་སོགས་རི་སྐྱེས་སྲོག་ཆགས་རྟོག་འཇལ་བྱ་བར་ཕྱོགས་བསྡོམས་བྱས་པ་ལྟར་ན། ད་ལྟའི་བར་བསྡོམས་པས་གསའ་རང་རྐྱ་འཕེར་བའི་ངང་འགུལ་སྐྱོད་བྱས་པའི་ཟིན་ཐོ་ཁྲི་ལ་ཉེ་བ་བཀོད་ཡོད་པ་རེད།
       རྒྱུས་ལོན་བྱུང་བ་ལྟར་ན། ཚན་ཞིབ་ཚོགས་པས་ཕྱོགས་ཡོངས་ནས་སྤྱི་ལེ་གྲུ་བཞི་མ་ཁྲི36གི་གཙང་གསུམ་འབྱུང་ཡུལ་ས་ཁོངས་ཀྱི་གསའི་གྲངས་འབོར་ལ་དཔྱད་དཔོག་གཏིང་ཟབ་བྱས་འདུག་ཅིང་། སྤུས་ཚད་མི་འདྲ་བ་དང་མཚོན་བྱེད་རང་བཞིན་ལྡན་པའི་གསའ་འཚོ་སྡོད་བྱེད་ས་དག་ལ་རིམ་དབྱེ་དཔེ་འདེམས་བྱས་པ་བརྒྱུད། བརྟག་དཔྱད་ཀྱི་ཁེབས་ཚད་ཡུལ་ཁོངས་ཀྱིས་སྤྱིའི་འཚོ་སྡོད་བྱེད་སའི་རྒྱ་ཁྱོན་གྱི28.2%ཟིན་པར་བྱས་ཏེ། གསའ་འཚོ་སྡོད་བྱེད་སའི་ཁེབས་ཚད20%ཡིན་པའི་རྒྱལ་སྤྱིའི་བརྟག་དཔྱད་ཚད་གཞི་ལས་བརྒལ་ཡོད་པ་རེད།  དཔེ་དབྱིབས་ཚོད་རྩིས་བྱས་པ་བརྒྱུད་ཤེས་པའི་ཐོག་མའི་གྲུབ་འབྲས་ལས་མངོན་པ་ལྟར་ན། གཙང་གསུམ་འབྱུང་ཡུལ་ས་ཆའི་སྤྱི་ལེ་གྲུ་བཞི་མ་ཁྲི36ཙམ་གྱི་ས་ཁོངས་སུ་གསའ་འཚོ་སྡོད་ལ་འཚམ་པའི་བག་ཉལ་འཚོ་སྡོད་བྱེད་ས་སྤྱི་ལེ་གྲུ་བཞི་མ་ཁྲི11ཙམ་ཡོད་ཅིང་། ས་ཁོངས་ནང་ཁུལ་གྱི་གསའི་ཁྱུ་ཚོགས་ཀྱི་ཆ་སྙོམས་སྟུག་ཚད་སྤྱི་ལེ་གྲུ་བཞི་མ100རེ་ལ་གསའ0.90རེ(ཡིད་རྟོན་རུང་བའི་བར་མཚམས0.68~1.21)ཡིན་པ་དང་། གསའ་ཁ་གྲངས1002(ཡིད་རྟོན་རུང་བའི་བར་མཚམས755~1341)ཙམ་ཡོད།
       འདི་ནི་རང་རྒྱལ་གྱིས་ཐེངས་དང་པོར་གཞི་ཁྱོན་ཆེ་བའི་ས་ཁོངས་ཀྱི་གསའི་ཁ་གྲངས་ལ་དཔྱད་དཔོག་བྱེད་པའི་བྱ་བ་ལེགས་འགྲུབ་བྱུང་བ་ཡིན་ལ། མིག་སྔའི་གོ་ལ་ཧྲིལ་བོར་དངོས་སུ་སྤེལ་བའི་ཚད་གཞི་ཆེས་ཆེ་བའི་གསའི་གྲངས་འབོར་ལ་ཐོག་མའི་བརྟག་དཔྱད་བྱས་པའི་དཔྱད་འབྲས་ཀྱང་རེད། དེས་ཚད་གཞི་ཆེ་བའི་སྟོངས་ཉེའི་དངོས་རིགས་ཀྱི་གྲངས་འབོར་ཚོད་རྩིས་ཀྱི་འགྲུབ་རུང་རང་བཞིན་ར་སྤྲོད་བྱས་ཏེ། རྩ་ཆེའི་དངོས་རིགས་འདིའི་གོ་ལ་ཧྲིལ་བོའི་སྲུང་སྐྱོབ་ལས་དོན་ལ་འགག་རྩའི་གཞི་གྲངས་ཀྱི་འདེགས་སྐྱོར་དང་ཚན་རིག་གི་གཞི་འཛིན་ས་མཁོ་འདོན་བྱས་ཡོད་ལ། རང་རྒྱལ་གྱིས་གསའི་བརྟག་དཔྱད་ཞིབ་འཇུག་ཐད་བཞག་པའི་བྱས་རྗེས་གལ་ཆེན་ཡང་མཚོན།
       གསའ་ནི་ཡ་གླིང་དབུས་རྒྱུད་ཀྱི་མཐོ་རིའི་སྐྱེ་ཁམས་མ་ལག་གི་མདུན་བདར་དངོས་རིགས་ཡིན་ཞིང་། དེའི་འགུལ་སྐྱོད་བྱེད་སྟངས་ལྐོག་གྱུར་ཡིན་ལ་འགུལ་སྐྱོད་ཁོར་ཡུག་རྒྱ་ཆེ་བས། གྲངས་འབོར་ཡང་དག་པ་ཞིག་དཔྱད་དཔག་བྱ་རྒྱུ་ནི་ཕལ་ཆེར“འགྲུབ་ཐབས་མེད་པའི་ལས་འགན”ཞིག་ཡིན། རང་རྒྱལ་དུ་གོ་ལ་ཧྲིལ་བོའི་གསའ60%ཡི་འཚོ་སྡོད་བྱེད་ས་ཡོད་ལ། གོ་ལ་ཧྲིལ་བོའི་གསའ་སྲུང་སྐྱོབ་ཁྱབ་ཚུལ་ཡུལ་ཁོངས་ཁྲོད་གོ་གནས་གལ་ཆེན་ཟིན་ཡོད། རང་རྒྱལ་གྱི་མཚོ་སྔོན་ཞིང་ཆེན་དུ་ཡོད་པའི་གཙང་གསུམ་འབྱུང་ཡུལ་ས་ཁོངས་སུ་རྒྱ་ཁྱོན་ཆེ་ཞིང་མུ་འབྲེལ་བའི་གསའ་འཚོ་སྡོད་བྱེད་ས་ཡོད་པས། རང་རྒྱལ་དང་ཐ་ན་གོ་ལ་ཧྲིལ་བོའི་གསའ་ཁྱབ་ཚུལ་ཆེས་གཅིག་བསྡུས་ཆེ་བ་དང་རིགས་ཁྱུའི་སྟུག་ཚད་ཆེས་མཐོ་བའི་ས་ཁོངས་ཤིག་ཡིན། IUCNམིང་ཐོ་དམར་པོས་བསྒྲགས་པའི་གསའི་ཁ་གྲངས་ནི7446ནས7996བར་ཡིན་ལ། ཐེངས་འདིའི་དཔྱད་དཔག་གིས་ཁེབས་པའི་གཙང་གསུམ་འབྱུང་ཡུལ་ས་ཁོངས་ཀྱི་གསའི་ཁ་གྲངས་ནི་དཔྱད་དཔག་ཨང་ཀི་འདིའི10%ལས་བརྒལ་ཏེ། གཙང་གསུམ་འབྱུང་ཡུལ་ས་ཁོངས་ཀྱི་གསའ་སྲུང་སྐྱོབ་ཐད་ཀྱི་ཆེས་མཐོ་བའི་རིན་ཐང་འབུར་དུ་བཏོད་ཅིང་། རང་རྒྱལ་གྱི་གོ་ལ་ཧྲིལ་བོའི་གསའ་སྲུང་སྐྱོབ་ཁྲོད་ཀྱི་གལ་ཆེའི་གོ་གནས་རྩལ་འདོན་བྱས་པར་མ་ཟད། རྗེས་ཕྱོགས་ས་ཁོངས་དེ་བས་མང་པོའི་གསའི་ཚད་གཞི་ཆེ་བའི་བརྟག་དཔྱད་ལ་ལག་རྩལ་གྱི་གཞི་འཛིན་ས་མཁོ་འདོན་བྱས་ཡོད།
འབྲེལ་ཡོད་འོས་སྦྱོར།