logo

རབ་མཛེས་ཀྱི་མཚོ་སྔོན། སྲོག་ཆགས་ཀྱི་ཁྱིམ་གཞིས། 

རྩོམ་པ་པོ།: ཡོང་ཁུངས།:མཚོ་སྔོན་བོད་ཡིག་ཚན་རྩལ་ཚགས་པར་ཁང་། དུས་ཚོད།:2025-03-05 ཀློག་གྲངས།:
       ཁུ་ནུ་རི་རྒྱུད་ཀྱི་གངས་འདབས་ལ་ཞོགས་པའི་ཉི་ཟེར་ཁྲོད་དངུལ་མདོག་གི་འོད་སྣང་འཕྲོ་ཞིང་། མཚོ་སྔོན་པོའི་རླབས་ཕྲེང་གིས་ཆུ་སྐྱར་མཆུ་དམར་གྱི་གཤོག་རྡེབ་ཀྱི་གཞུ་ཐིག་བཏེགས་ཡོད། སྤྱི་ལེ་གྲུ་བཞི་མ་ཁྲི72ཡོད་པའི་མཐོ་སྒང་གི་དག་ཞིང་འདི་རུ། ཚེ་སྲོག་ནི་ཆེས་གདོད་མའི་རྣམ་པ་ལྟར་མངོན་ཏེ། གནམ་སའི་བར་དུ་ཆེས་གཟི་བརྗིད་དང་མཛེས་སྡུག་ལྡན་པའི་སྐྱེ་ཁམས་ཀྱི་སྙན་ངག་རྩོམ་བཞིན་ཡོད།
ཨ་ཆེན་གངས་རྒྱབ་ཏུ་བག་ཕེབས་ངང་རྒྱུ་བའི་གཙོད།
       ཨ་ཆེན་གངས་རྒྱབ་ཀྱི་ཐང་སྟོང་དུ། རི་དྭགས་གཙོད་ཀྱི་རྨིག་པས་བ་མོ་གཅོག་བཞིན་རིང་ལ་ཕྲ་བའི་སུག་བཞིས་ཐང་སྟོང་བརྒལ་བ་དང་། ཁམ་མདོག་གི་སྤུ་ཁ་རླུང་གིས་ཤིག་ཤིག་སྒུལ་བ་ནི་བཞུར་བཞིན་པའི་སྤོས་ཤེལ་གྱི་ཞུན་མ་དང་མཚུངས། ཕོ་གཙོད་ཀྱི་རྭ་རྩེས་མཁའ་དབུགས་སྲབ་མོ་བརྟོལ་ཏེ། མཚོ་འཕགས་ལ་སྨི5000ཡས་མས་ཡོད་པའི་མཐོ་ས་རུ་འཚོ་གནས་ཀྱི་ཨུ་ཚུགས་འབྲི་བཞིན་ཡོད། འབྲོག་པའི་སྦྲ་འདབས་སུ། རྐྱང་ཁྱུ་ཁ་བའི་ཁྲོད་དུ་ཞོགས་ཤིང། རྔོག་མ་དར་ལྕོག་བཞིན་རླུང་གིས་བསྐྱོད་དེ། ལོ་མང་རིང་མ་ཞུ་བའི་གནམ་མཐའི་འཁྱགས་ཀླུང་དང་གཅིག་རམ་གཅིག་འདེགས་བྱེད།
གངས་ཐང་དུ་ཞོགས་པའི་རྐྱང་ཁྱུ།
       མདོ་ལ་རིང་མོའི་གྲོག་རོང་གི་ཟབ་ས་རུ། གསའ་ཡི་ཐིག་ལེ་དང་བྲག་རྡོའི་སྔོ་དྲེག་གཉིས་གཞི་གཅིག་ཏུ་འདྲེས་ཡོད། རི་དྭགས་གསའ་སྟེ། རི་མཐོའི་དབེན་གནས་པ་འདིའི་རིགས་ཀྱིས་གཡང་གཟར་གྱི་བར་དུ་མེ་ཏོག་ལྟ་བུའི་རྐང་རྗེས་བཀོད་ཅིང་། སྤོས་ཤེལ་དང་མཚུངས་པའི་མིག་གི་རྒྱལ་མོ་རུ་སྤྲིན་དཀར་དང་སྐར་ཚོགས་ཀྱི་ལྡོག་གཟུགས་ཤར་ཡོད། ཞོགས་པའི་ན་བུན་ཐང་ཤིང་གི་ནགས་སུ་རྒྱུ་ཚེ། ཆུ་བོ་བརྒལ་ནས་གྲགས་འོང་བའི་ཤྭ་བ་སེར་ཆེན་གྱི་སྐད་སྒྲ་དམའ་མོས་གནའ་བའི་ཚོགས་ཀྱི་རྨི་ལམ་དཀྲོགས་ཏེ། རི་ལུང་ཧྲིལ་བོ་འཁྲུག་ཆ་དོད་པའི་རྣམ་ཤེས་ཀྱི་རི་མོའི་ཁྱམས་ར་ཞིག་དང་གཉིས་སུ་མེད་པར་འགྱུར།
རྩྭ་ཟ་བཞིན་པའི་གནའ་བ།
       མཚོ་སྔོན་པོའི་རླན་ས་ནི་འདབ་ཆགས་ཀྱི་ཞིང་ཁམས་ཤིག་ཡིན་ཏེ། ཁྲུང་ཁྲུང་སྐེ་ནག་གིས་མཚོ་འགྲམ་དུ་བག་ཕེབས་ཀྱི་གོམ་སྟབས་སྤོ་ལ། ཕྲ་ཞིང་རིང་བའི་མགྲིན་པ་ནི་པིར་གྱིས་བྲིས་པའི་འཁྱོག་ཐིག་ཅིག་དང་མཚུངས། ངང་ཁྲུང་མགོ་ཁྲ་ཆུ་ངོས་སུ་འབབ་ཙམ་བྱས་ཚེ། དཀར་ནག་གཉིས་ལྡན་གྱི་སྒྲོ་སྤུས་སྤྲིན་གྲིབ་ཧྲུག་ཧྲུག་བཟོས་ཏེ། གཅིག་ཐོག་གཉིས་བརྩེགས་ཀྱི་རླབས་ཕྲེང་འཕྱོ་བར་བྱེད། སྲོད་ཁའི་གྲིབ་མས་རྩྭ་ཐང་ཡོངས་སུ་ཁེབས་སྐབས། སྦྲེ་ཡིས་ཕྲུ་གུ་ཁྲིད་དེ་ཨ་བྲའི་ཚང་སྒོ་རུ་སྒུག་ཅིང་། གསེར་མདོག་གི་སྤུ་ཁ་མཚམས་སྤྲིན་དང་འདྲེས་ཏེ། གནམ་སའི་བར་དུ་ཡལ་བ་མེད་པའི་མཉམ་སྒྲོག་རོལ་མོ་དཀྲོལ།
ཁྲུང་ཁྲུང་སྐེ་ནག་རླན་ས་རུ་བག་ཕེབས་ངང་རྒྱུ་བ།
       རབ་མཛེས་ཀྱི་མཚོ་སྔོན་ཏེ། ནམ་མཁའ་དང་བར་ཐག་ཆེས་ཉེ་བའི་ས་གཞི་འདིས་གངས་རི་དང་རྩྭ་ཐང་གིས་བསླེས་པའི་ཚེ་སྲོག་གི་འགུལ་སླེ་སྤྱད་དེ། གཙང་བོ་དང་མཚེའུར་བསྟེན་ནས་སྐྱེ་རྒུ་གསོ་བཞིན་ཡོད་ཅིང་། མཚོ་སྔོན་ས་གཞི་ཆེན་མོའི་སྙིང་གི་འཕར་ལྡིང་རེ་རེ་ཡིས་ཚེ་སྲོག་ལ་བཅངས་པའི་གུས་ཞེད་དང་མཆོད་བསྟོད་མཚོན། ནམ་ཞིག་མིའི་རིགས་ཀྱིས་ཐང་སྟོང་འདི་དང་ཁེངས་སྐྱུང་གི་བར་ཐག་ཅིག་འཇོག་ཤེས་ཚེ། མཐོ་སྒང་གི་ཤྭ་བོའི་འཚེར་སྐད་རེ་རེ་དང་འདབ་ཆགས་ཀྱི་འཁྱུག་བརྙན་རེ་རེ་འགྱུར་བ་མེད་པའི་སྐྱེ་ཁམས་ཀྱི་ལོ་རྒྱུས་སྙན་རྩོམ་རིང་མོ་རེ་ལ་འགྱུར་ངེས། 
མཛའ་བརྩེ་ལྡན་པའི་སྤྲེའུ་བཟའ་ཚོ།
ཆབ་རོམ་ཐོག་གི་ངུར་བ། 
ནེ་ལེའི་ཕྲུ་གུ།
རྒོ་བ། 
འབྲེལ་ཡོད་འོས་སྦྱོར།