ང་ཚོ་བོད་པ།
སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་། སྒྲོལ་མ་རྒྱ་མཚོ།
འཛིན་གྲྭ། དམའ་འབྲིང་གསུམ་པའི་འཛིན་གྲྭ་བཞི་བ།
ང་ཚོ་བོད་པ།
སྒྲོལ་མ་རྒྱ་མཚོ།
ཡར་ཀླུང་གཙང་བོའི་རླབས་རྒྱུན་དང་འགྲོགས་མི་རིགས་ཤིག་གི་ཚེ་སྲོག་འཕེལ།།
ཟས་སུ་ཤིང་ཏོག་ལོ་མ་གྱོན་བཞིན་སྤྲ་དང་སྤྲེའུ་དུང་བ་ཆགས།།
སྤྲེའུ་ཕྲུག་དྲུག་གི་འཕེལ་རིམ་ཁྲོད་ནས་མ་རྒྱུད་འཚོ་བའི་སྤྱི་ཚོགས་ཚུགས།།
ང་ཚོ་བོད་པའི་ལོ་རྒྱུས་དབུ་ཁྱུད་ཡབ་མེས་མཁས་པས་འདི་ནས་བྲིས།།
མ་སངས་སྤུན་དགུའི་དབང་བསྒྱུར་རྗེས་ནས་ཡུལ་མང་སྟོང་སྡེ་བཅོ་བརྒྱད་བྱས།།
སིལ་མ་བཅུ་གཉིས་འཕྲོག་རྩོད་ཁྲོད་ནས་མཐའ་མའི་རྒྱལ་ཕྲན་བཞི་བཅུའི་བར།།
ལེགས་ཉེས་མི་ཤེས་སྤྱི་ཚོགས་དེ་རུ་ཕན་ཚུན་འཐབ་རྩོད་བྱེད་ཅིང་འབད།།
ང་ཚོ་བོད་པའི་ལོ་རྒྱུས་དེ་དག་སྐབས་འདིར་གླེངས་ན་བག་རེ་ཚ།།
གཉའ་ཁྲི་བཙན་པོ་རྗེ་བོར་བྱོན་ནས་བཙན་པོ་ཞེ་གཉིས་ཕྲེང་ལྟར་བསྒྲིགས།།
མངའ་ཐང་ཡར་ངོའི་ཟླ་བཞིན་འཕེལ་ནས་སུམ་གཉིས་ས་ལ་དབང་བསྒྱུར་བྱས།།
ཐོན་མི་ཨ་ནུའི་བློ་གྲོས་རྩལ་གྱིས་རིག་གཞུང་བསྟན་བཅོས་བརྒྱད་བརྩམས་ཏེ།།
ང་ཚོ་བོད་པའི་ལོ་རྒྱུས་རྡོ་རིང་བཙན་པོའི་སྐབས་སུ་དགུང་ལ་ཟུག །
འུ་དུམ་རྒྱལ་པོའི་ནོར་འཁྲུལ་མ་བཟོད་ལྷ་ལུང་དཔལ་གྱིས་ལྕགས་མདའི་བཀྲོངས།།
སིལ་བུར་འཐོར་བའི་མི་རིགས་འཁྱམ་པོ་རི་ལུང་ཀུན་ན་འཁྲུག་ཅིང་འཛིང་།།
བསྟན་པའི་མེ་རོ་སྨད་དུ་གསོས་ནས་རང་ཅག་ཆོས་ལ་ཉམས་གསོ་བྱུང་།།
ང་ཚོ་བོད་པའི་སྲིད་འབྱོར་རིག་གསུམ་སྲིད་པའི་རྩེ་རུ་ལམ་ལམ་འཚེར།།
ལྔ་རིག་གནས་ལ་ཐུགས་རྒྱ་ཡངས་བའི་པཎ་ཆེན་དགུང་གི་ཉི་མ་ཤར།།
རིག་གཞུང་པོ་ཏི་ཆུ་གཏེར་འཁྱིལ་བའི་འཇམ་དབྱངས་རྣམ་གསུམ་ཞབས་རྗེས་གསལ།།
མཐའ་མེད་ནམ་མཁའི་རྒྱ་མཚོའི་འཇིངས་ལྟར་རང་རིགས་བོད་པའི་དྲན་དབང་ཚོས།།
ང་ཚོ་བོད་པའི་རིག་གཞུང་བསྟན་བཅོས་ཇོ་མོ་གླང་མའི་དབུ་རྩེར་བརྩིགས།།
དེང་གི་སྲིད་ཇུས་དབྱར་ཟླ་སླེབས་ནས་རྩོམ་རིག་གསར་བའི་མེ་ཏོག་བཞད།།
ཡ་རབས་བོད་པའི་མི་གཤིས་གཙང་མ་འགྲོ་བ་མི་ཡི་གྲལ་ཏུ་མཛེས།།
ལྷད་མེད་བོད་པའི་སྐད་དང་ཡི་གེ་འཛམ་གླིང་གཙུག་གི་ནོར་བུ་དང་།།
ང་ཚོ་བོད་པའི་ཕ་ཡུལ་ཕྱུག་མོ་འཛིན་མའི་ཁྱོན་འདིར་ཀུན་ལས་འཕགས།།