གངས་ཕྲུག་གི་རྒྱང་འབོད།
སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་། སྐལ་བཟང་བཀྲ་ཤིས།
འཛིན་གྲྭ། དམའ་འབྲིང་དང་པོའི་འཛིན་གྲྭ་གཉིས་པ།
གངས་ཕྲུག་གི་རྒྱང་འབོད།
སྐལ་བཟང་བཀྲ་ཤིས།
སྡུག་བསྔལ་བདེ་གྲོལ་བྱེད་མཁས་བླ་མ་གཅིག །
ཆོས་ཀྱི་ཆར་ཆེན་འབབ་སའི་དགོན་སྡེ་གཉིས།།
སེམས་དཀར་དགེ་བའི་ལས་འཇུ་རབ་བྱུང་གསུམ།།
ཁ་བའི་བུ་ཆུང་ང་ཡི་སྐྱབས་གནས་ཡིན།།
ཁ་ཆར་གྲང་རེག་འཐབ་པའི་ནོར་གནག་གཅིག །
ནམ་མཁའི་སྐར་ཚོགས་འཕོས་འདྲའི་ལུག་ཁྱུ་གཉིས།།
སྐྱི་བསེར་རླུང་ལ་འགྲན་ཕོད་རྟ་མཆོག་གསུམ།།
བྱམས་ལྡན་བོད་པ་ང་ཚོའི་འཚོ་རྟེན་ཡིན།།
རྒྱུ་འབྲས་དྲང་བཞག་མི་གཡོ་ཚངས་ཐིག་གཅིག །
ཆེ་བཀུར་ཆུང་བྱམས་གུས་ལུགས་ཡག་པོ་གཉིས།།
ཀུན་གྱིས་རེ་ལྟོས་བྱེད་སའི་ཞི་བདེ་གསུམ།།
བསིལ་ལྡན་སྒང་བ་བོད་པའི་རེ་འབོད་ཡིན།།
མི་རིགས་སྲོག་རྩ་འཛིན་པའི་ཕ་སྐད་གཅིག །
སྙན་གྲགས་སྲིད་རྩེར་གཡོ་བའི་རིག་གཞུང་གཉིས།།
རིན་ཆེན་གསེར་ལས་ལྷག་པའི་སྲོལ་རྒྱུན་གསུམ།།
གཞུང་དྲང་ཁ་བ་བོད་པའི་བླ་སྲོག་ཡིན།།
བླུན་རྨོངས་འཆིང་རྒྱ་གྲོལ་བའི་ཤེས་རབ་གཅིག །
ཤེས་བྱའི་ཐང་ཆེན་འགྲིམ་བྱེད་བརྩོན་འགྲུས་གཉིས།།
ཤེས་རིག་སྒྲོན་མེ་སྦར་མཁན་བཤེས་གཉེན་གསུམ།།
ཉམ་ཆུང་བུ་ལོ་ང་ཡི་སྙིང་ནོར་ཡིན།།
རྡོ་རྗེ་བྲག་ལས་བརྟན་པའི་བརྩེ་བ་གཅིག །
ཇི་སྲིད་བསྐལ་མཐར་གནས་པའི་དུང་བ་གཉིས།།
ཆུ་བོའི་རྒྱུན་ལས་རིང་བའི་སྙིང་གཏམ་གསུམ།།
སྙིང་གི་གྲོགས་པོར་བཅོལ་བའི་དམ་བཅའ་ཡིན།།
རྣམ་དཔྱོད་བློ་སྒོ་འབྱེད་བྱེད་དཔེ་དེབ་གཅིག །
མ་རིག་མུན་པ་སངས་བྱེད་རྩིས་འཁོར་གཉིས།།
ཤེས་བྱའི་ཐང་ཆེན་འགྲིམ་བྱེད་སྨྱུ་གུ་གསུམ།།
སྐལ་ལྡན་སློབ་བུ་ང་ཡི་འཚོ་རོགས་ཡིན།།
དད་ལྡན་སྤུར་རྒྱལ་བོད་པ་ཚེ་རིང་གཅིག །
ཅི་བསམ་རླབས་ཆེན་བྱ་གཞག་དོན་འགྲུབ་གཉིས།།
ལས་བསོད་རླུང་རྟ་དར་བའི་བཀྲ་ཤིས་གསུམ།།
རྣམ་དག་བོད་ཕྲུག་ང་ཡི་སྨོན་འདུན་ཡིན།།