ངས་སྙན་ངག་འབྲི་དོན།
སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
རུས་མིང་། ཚེ་རིང་སྒྲོལ་དཀར།
འཛིན་གྲྭ། དམའ་འབྲིང་གསུམ་པའི་འཛིན་གྲྭ་གཉིས་པ།
ངས་སྙན་ངག་འབྲི་དོན།
ཚེ་རིང་སྒྲོན་དཀར།
ངས་སྙན་ངག་འབྲི་དོན། དུས་ཚོད་ཀྱི་གཙང་ཆུས་ཁྱེར་བའི་ཕ་མེས་དང་ཡང་མེས་དག་གི་ལོ་རྒྱུས་ལ་ཕྱིར་དྲན་བྱེད་ཆེད་ཡིན་ལ། གྱོང་ཞིང་རལ་བའི་པགས་སློག་ལྟ་བུའིཡུལ་གྲུ་ཞིག་གི་ལོ་རྒྱུས་ཀྱི་རྡུལ་འཚུབ་དང་སྡུག་བསྔལ་གྱི་ངོ་བོ་ལ་ཕྱིར་དྲན་བྱེད་ཆེད་ཡིན།
ངས་སྙན་ངག་འབྲི་དོན། ཁེར་རྐྱང་གིས་རི་རྒོད་ལ་འཁོར་བའི་བྱ་གླག་དུ་མ་སྨིག་རྒྱུ་དང་ན་བུན་ལས་ཕྱིར་བརྒལ་ཆེད་ཡིན་ལ། གངས་རི་དང་མཚོ་མོ་ཁྲི་ཕྲག་གིས་བརྒྱན་པའི་ཡུལ་ལྗོངས་ཞིག་གི་ཚེ་སྲོག་གི་སྐྱོ་གར་དང་ཁེར་སྡུག་གི་སེམས་ཁམས་ལ་སྐུལ་སློང་བྱེད་ཆེད་ཡིན།
ངས་སྙན་ངག་འབྲི་དོན། ང་རང་མཁས་མཛངས་དང་བསམ་བློ་དམན་ཡང་ལོ་ངོ་སྟོང་ཕྲག་དུ་མར་ཕྱག་ཟུང་གི་སེར་ཁ་སྒྲིབ་མ་མྱོང་བའི་ཁྱིམ་མི་ཚོའི་རེ་བཞག་འགྲུབ་ཆེད་ཡིན་ལ། སྦྲ་ནག་གི་གོ་འདབས་དང་ནོར་ལྷས་ཀྱི་བར་འཁྱམས་བརྒྱུད་པའི་འབྲོག་མོ་ཞིག་གི་སེམས་ཉིད་ལ་འཁྱིལ་བའི་ཉོན་མོངས་ཀྱི་ལས་དབང་བསྒྱུར་ཆེད་ཡིན།
ངས་སྙན་ངག་འབྲི་དོན། ཀུ་རེ་དང་རྩེ་མོ་ཅི་ཡང་མེད་པར་ཆེས་འཇིག་ཉེན་གྱི་གཡང་གཟར་ཞིག་ལ་བསྐྱོད་པའི་མི་རིགས་ཤིག་གཉིད་ལས་སློང་ཆེད་ཡིན་ལ། འོད་སྟོང་གི་ཤེས་རིག་དར་ཞིང་ཚན་རྩལ་གྱི་གྲུབ་འབྲས་ཐོན་པའི་འཇིག་རྟེན་ཞིག་གི་སྐྱེད་ཚལ་དུ་ཤ་རུས་དང་ཁྲག་རྒྱུད་བོར་ལ་ཉེ་བའི་བེམ་རོ་ཞིག་གི་ཚེ་སྲོག་ལ་ཡང་བསྐྱར་བླ་འགུག་བྱེད་ཆེད་ཡིན།
ངས་སྙན་ངག་འབྲི་དོན་ནི་ངའི་སྙན་ངག་གིས་སྐད་ཆ་ཞིག་བཤད་པའི་ཕྱིར་དུ་ཡིན་ལ། ངའི་སྙན་ངག་འབྲི་དོན་ནི《ངའི་སྙན་ངག་འབྲི་དོན》ཡང་ཡིན།