ཕ་མའི་བརྩེ་བ།
སློབ་གྲྭ། ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ།
སློབ་རིམ། དམའ་འབྲིང་།
སློབ་མའི་མིང་། སྒྲོལ་མ་དོན་གྲུབ།
འཛིན་གྲྭ། དམའ་འབྲིང་གཉིས་པའི་འཛིན་གྲྭ་གཉིས་པ།
ཕ་མའི་བརྩེ་བ།
སྒྲོལ་མ་དོན་འགྲུབ།
ཞིམ་མངར་གྱི་ནུ་ཞོ་ཕུལ་ཞིང༌། བྱམས་བརྩེ་ཡི་དྲོད་ཁོལ་སྦྱིན་པའི་བདག་གི་དྲིན་ཆེན་ཕ་མ་གཉིས་ནི་འཕྲུལ་འཁོར་གྱི་རང་སྒྲ་སྒྲོག་ཅིང༌། ཁང་བརྩེགས་ཀྱི་བརྗིད་ཉམས་མཛེས་པའི་གྲོང་ཁྱེར་ཞིག་ཏུ་གཞིས་ཆགས་ཀྱི་བློ་གྲོས་མེད་ཀྱང༌། ཁོང་གཉིས་ནི་སྨན་སྣ་སྟོང་ཕྲག་གི་ས་བོན་ལ་གསོན་ཤུགས་ཀྱི་གཟི་དཔལ་འབར་ཞིང༌། རྟ་ནོར་ལུག་གསུམ་གྱི་མཐའ་ན་སྦྲ་ནག་གི་ཚོམ་བུའི་བསྐོར་བའི་མཐོ་སྒང་གི་འབྲོག་ཁྱིམ་དཀྱུས་མ་ཞིག་གི་མིང་བྱང་འཁུར་ཏེ། ལ་ལུང་གི་ལྟེབ་ཁུགས་ཉུལ་ནས་རྨུག་བཞིའི་སུག་རྗེས་སྙེག་པའི་རྫི་བོ་ཞིག་གི་ལས་དབང་བསྐྱངས།
ཡིད་སྐྱོ་བ་ཞིག་ལ། དགའ་སྐྱིད་ཀྱི་རྩེད་མཚར་མོད་ཅིང༌། ལྷན་འཛོམས་ཀྱི་དགོད་སྒྲའི་ཁྲོད་ལྡོག་ཏུ་མེད་པའི་ལས་དབང་གི་བཀོད་སྒྲིག་ཅིག་གིས་ཕ་མ་གཉིས་ཁ་ཐོར་དུ་བཏང་བྱུང་བས། དུས་དེ་ནས་བཟུང་ཉམ་ཆུང་གི་བུ་ཆུང་ང་ལ་སྡུག་བསྔལ་གྱི་ན་ཟུག་ཅིག་ནད་ཡམས་ལྟར་འགོས་སོང༌།
བགྲང་བྱ་བཅུ་ལྷག་འགོར་བའི་རིང༌། དཀའ་སྡུག་གྲངས་མེད་ཀྱི་རྔུལ་ཆུས་བརླན་ཞིང༌། མཐོང་ཆུང་དང་བརྙས་བཅོས་ཀྱི་ན་ཟུག་གང་མང་མྱངས་ཀྱང༌། དྲིན་ཨ་མའི་དྲི་མེད་ཀྱི་བྱམས་བརྩེ་དང་ཐུགས་ཁུར་འོག་ང་རང་རིག་བཅུའི་བཅུད་མངར་ལེན་པའི་ལས་སྐལ་བྱུང་སྟེ་དམའ་འབྲིང་དུ་སླེབས་བྱུང༌།
ང་རང་ཐོག་དང་པོར་ཁྲི་ཀ་རྫོང་མི་རིགས་བཅའ་སྡོད་སློབ་གྲྭ་རུ་ཞུགས་པའི་སྟོན་ཁ་ཞིག་ལ། བདག་གིས་སློབ་ཁང་དུ་ས་ཁམས་རིག་པའི་ལས་བྱ་འབྲི་གྲབས་བྱེད་སྐབས། གློ་བུར་དུ་གྲོགས་པོ་ཞིག་གིས་ཁྱེད་ལ་མཚོ་སྔོན་པོ་ནས་འོང་བའི་ཕོ་གཞོན་དར་མ་ཞིག་གིས་འཚོལ་བཞིན་འདུག་ཟེར་བས། ང་རང་ཐེ་ཚོམ་གྱི་དྲ་བར་ལྷུང་བཞིན་སློབ་གྲྭའི་སྒོ་ཁར་སོང་བ་ན། ཁོ་ནི་ངའི་ཕ་རྒན་རེད། ཁོས་ང་རང་མཐོང་མ་ཐག་འཚུབ་ཆ་ལངས་ཏེ་ཤ་འདར་རྒྱག་བཞིན་ཡོད་ལ། ང་ལ་སློབ་སྦྱོང་ལ་ཧུར་བརྩོན་བྱེད་དགོས་པའི་བསླབ་བྱ་དང་དྲི་བ་མང་པོ་ཞིག་གི་ཁ་ཏ་བྱས་པས། ངའི་བརྗོད་བྱེད་ཀྱི་ངག་ནས་སྐད་ཆ་གཅིག་ཀྱང་བཤད་མ་ཐུབ་པར་མིག་ཀོང་དུ་མཆི་མ་འཁྱིལ་བཞིན་སྡོད་སྐབས། ཁོས་ང་ལ་སྒོར་སྟོང་གཉིས་ལྷག་བྱིན་མོད། ཁོ་རང་ས་མཐར་འཁྱམ་པའི་སྣང་ཚུལ་དེ་དྲན་ནས་ཅིས་ཀྱང་ལེན་མ་ཐུབ། སློབ་ཁྲིད་ཀྱི་ཅོང་སྒྲ་གྲགས་པ་དང་མཉམ་དུ་ང་རང་སློབ་ཁང་དུ་བུད་སོང༌།
དེ་ལྟར་ཉིན་འགའི་རིང་ལ་སློབ་སྦྱོང་ལ་ཉན་རྒྱུ་མེད་པའི་ང་རང་མཚན་མོ་གཉིད་མ་ཁུག་ལ། ཉིན་མོ་ཟས་ཟ་བར་ཡི་ག་ཆད་དེ་སེམས་སྡུག་གི་གཡང་དུ་ལྷུང་སོང་བས། ཨ་ཕ་ལགས། ངས་ནམ་ཡང་ཁྱེད་ཀྱི་བརྩེ་བ་དྲན་བཞིན་ཡོད།