ཟླ་འོད་འོག་གི་སེམས་པ།
ཟླ་འོད་འོག་གི་སེམས་པ།
མཐོ་འབྲིང་གཉིས་པའི་འཛིན་གྲྭ་དང་བོ། མཚོ་ཉིན་རྟ་མགྲིན་རྡོ་རྗེ།
ཟླ་འོད་མག་མོག་གི་མཚན་ངོགས་འདི་ནས།།
ཁེར་རྐྱང་བུ་ཆུང་གི་སེམས་པ་སྨྲེང་གི།།
དྲན་གདུང་སེམས་ནང་གི་ཤུགས་རིང་རེ་ལ།།
སྐྱོ་ངལ་འཛད་མེད་ཀྱི་ན་ཟུག་རེ་རེ།།
སྒེའུ་ཁུང་གྲུ་བཞི་ཡི་ནང་རོལ་འདི་ནས།།
ལྷིང་འཇགས་ཕྱི་རོལ་ལ་རྒྱང་ལྟ་བྱེད་དུས།།
ཟླ་འོད་མག་མོག་གི་མཚན་ལྗོངས་འདི་ལ།།
དྲན་པ་དབང་མེད་དུ་ཁྱེད་ལ་ཕྱོགས་སོང་།།
མི་ཚོགས་སྟོང་འདུས་ཀྱི་ཁྲོམ་ཆེན་དཀྱིལ་ན།།
སྒེག་ལྡན་ཡིད་འོང་གི་སྟངས་སྟབས་བསྒྱུར་བཞིན།།
ཟུར་མིག་དུངས་ཞེན་གྱི་བརྩེ་འཛུམ་དྲོན་མོས།།
ཡ་ཆུང་སེམས་པ་ཡི་ཕྱེད་ཀ་ཁྱེར་སོང་།།
ཀླུ་འགྲམ་བུ་ཆུང་གི་སེམས་གཞས་ཕྲ་མོ།།
དུངས་སྣང་མེ་ཏོག་གི་བསྟར་ལ་བརྒྱུས་ཏེ།།
ཁྱོད་ཕྱོགས་སྒྲ་འཛིན་གྱི་བུ་ག་དེ་རུ།།
ཡང་ཡང་གཏོང་འདོད་ཀྱི་འདུན་པ་དྲག་གི།
ཞེ་འདང་མེ་ཏོག་གི་ཟེའུ་འབྲུ་དཀར་བོ།།
ཡིད་ཀྱི་སྤང་ཐང་ན་ལྷམ་མེར་བཞད་དུས།།
གཞས་ཆུང་ཕྲ་མོ་ཡི་འདེགས་འཇོག་སྙན་མོས།།
སེམས་པའི་གཏིང་རིམ་གྱི་ཟབ་སར་བཞག་ཡོད།།
ཀླུ་ཆབ་སྔོན་མོ་ཡི་བཞུར་རྒྱུན་རིང་མོ།།
མ་ཆད་མ་སྐམ་གྱི་ལོ་ཟླ་རིང་མོར།།
སེམས་གཏིང་མུ་ཏིག་གི་ཕྲ་ཚོམ་དཀར་བོ།།
མ་བཅོས་སེམས་ཁོང་ལ་ལྷུག་པོར་གཏོར་ངེས།།