སློབ་ལ་གདམས་པའི་ངག་གི་ཕྲེང་བ།
སློབ་ལ་གདམས་པའི་ངག་གི་ཕྲེང་བ།
དམའ་འབྲིང་གསུམ་པའི་འཛིན་གྲྭ་དང་བོ། ལྷ་མོ་སྐྱབས།
འཛིན་མའི་གཞི་ཁྱོན་ཡངས་པོ་རུ།།
ཕྱོགས་བཞིའི་དགེ་མཚན་ཀུན་ནས་བརྟས།།
གོང་ན་སྤྲིན་དཀར་ཕང་བ་རུ།།
བླ་མ་ཡི་དམ་མཁའ་འགྲོའི་ཚོགས།།
སྐྱེ་འགྲོ་ཀུན་གྱི་སྐྱབས་མགོན་དུ།།
ཐུགས་རྗེའི་སྤྱན་གྱིས་ཞལ་གཟིགས་མཛད།།
སྟོད་ན་ཁུ་བྱུག་གསུང་སྙན་ངོམ།།
སྦྲང་ཆར་འདབ་མ་སིལ་ལེར་འབབ།།
ཁྲ་ཚོམ་མེ་ཏོག་གྱིལ་ལེར་འཛུམ།།
རྩྭ་དང་རྩི་ཤིང་ཤིགས་སེ་དུད།།
བར་ན་ལྗོན་ཤིང་གར་བྱེད་ཅིང་།།
གཅན་གཟན་མང་བོས་འགྱིང་སྟབས་བསྒྱུར།།
གངས་ནས་སེང་གེ་འགྱིང་ངེར་རྒྱུ།།
རྫ་ཆུ་བསིལ་མ་ལྷུང་ལྷུང་འབབ།།
མཚོ་དང་མཚེའུ་ལྟེམ་མེར་འཁྱིལ།།
སྨད་ན་རྩྭ་ཐང་ཡངས་པོའི་གཞིར།།
རྟ་ནོར་ལུག་གསུམ་རྩེད་འཇོར་འགྲན།།
ཐང་དཀར་རྒོད་པོས་གནམ་འཕང་བསྟོད།།
ཤེས་རིག་སྐྱེད་ཚལ་དགའ་མ་དེ།།
མཇལ་ན་ཡིད་སེམས་སྤྲོ་བས་གཡོ།།
བཞུགས་ཚེ་སེམས་ཀྱི་དང་བ་འདྲེན།།
ཟས་དང་གནས་མལ་སློབ་ཡོན་སོགས།།
འབུལ་མི་དགོས་མཐུན་པའི་རྐྱེན་གྲུབ་པ།།
བསམ་ཤེས་ན་སྲིད་ཇུས་བཟང་བས་རེད།།
འདི་འདྲ་བདེ་བ་ཀུན་སྨོན་ནོ།།
ཁང་མཐོན་པོ་དགུང་ལ་ཟུག་འདྲ་བོ།།
གསུང་པོ་ཏི་རི་ལྟར་ཉིལ་འདྲ་བོ།།
རྗེ་དམ་པ་ཁྲི་གདུགས་ཤར་འདྲ་བོ།།
འདི་ཚང་མ་མཐུན་རྐྱེན་བཟང་བོ་རེད།།
བརྩིགས་མཐོན་པོའི་ཁང་བ་མ་བཙུགས་ན།།
རྗེ་བླ་མས་ཞལ་ཁྲིད་མཛད་ཐབས་མེད།།
དཔལ་གདུལ་བྱས་སློབ་ལ་བརྩོན་ས་མེད།།
གཞུང་གསུང་རབ་རི་ལྟར་མ་མཐོང་ཚེ།།
རྗེ་བླ་མས་གདུལ་བྱ་ཅི་ལ་སྐྱོངས།།
མཁས་དབང་བོའི་བློ་ཁ་ཅིའི་ཕྱིར་ཞུ།།
རྗེ་བླ་མས་ཞལ་ཁྲིད་མ་མཛད་ན།།
རིག་མཁས་པའི་གཞུང་ཚིག་སུ་ཡིས་ཞུ།།
དེའི་ཕྱིར་དུ་འདི་དག་ཀུན་འཛོམས་ན།།
མི་དཔའ་མེད་ཡིན་རུང་རྒྱལ་རྒྱུ་རེད།།
དཔལ་འབྱོར་བས་དབེན་ཡང་ཕྱུག་རྒྱུ་རེད།།
འོན་ཏང་ད་ལྟའི་གདུལ་བྱའི་ཚོགས།།
སེམས་ངན་སྤྱོད་ངན་རང་བཞིན་ངན།།
བརྩོན་པ་མེད་ལ་སྙིང་རུས་མེད།།
ལ་རྒྱ་མེད་ལ་སྙིང་སྟོབས་མེད།།
རང་ཚུགས་མེད་ལ་དམིགས་པ་མེད།།
མེད་པའི་དངོས་པོས་རབ་གདུང་ཞིང་།།
སྤྱོད་པ་སེམས་རྒྱུད་རང་བཞིན་སོགས།།
མར་དུད་འགྲོ་ལས་ཀྱང་ཐུ་བས་ན།།
ཉམ་ཅོལ་ཆུང་ང་ཡི་སྙིང་གཏམ་ཤོར།།
ཡུལ་ལྷ་ཡུལ་ཁམས་དང་འགྲན་ས་རེད།།
དཔལ་ལོངས་སྤྱོད་ཀླུ་དང་མཉམ་ས་རེད།།
འདིར་འོངས་པའི་རང་མཉམ་གཉེན་གྲོགས་ཚོས།།
ཡུལ་ཕ་མའི་ལས་བསྐོས་མི་གཟིགས་པར།།
རྒྱན་གང་ཡག་གང་བཟང་འགྲན་ནི་རེད།།
ཟས་གང་ཞིམ་གང་ལེགས་སུས་ཟ་ལྟ།།
ཡར་ཡ་རབས་ལས་དང་རྒྱང་གིས་བཅད།།
མར་མ་རབས་ལས་ལ་དགའ་བས་འཇུག།
དྲིན་བླ་མ་བཟང་དང་ཕ་བཟང་བོའི།།
གཏམ་བདུད་རྩི་རྣ་བའི་ཟུར་ནས་ཕུད།།
འདི་བསམ་ན་ཡིད་སེམས་ཇེ་སྐྱོ་རེད།།
དེ་མ་ཟད་བརྗིད་ཆགས་ཁང་བཟང་འདིའི།།
དཔལ་མཁོ་ཆས་གང་དང་གང་ཡིན་རུང་།།
ཚམ་ཐེ་ཚོམ་མེད་པར་རྡོག་རྫིས་བཏང་།།
རྗེ་བླ་མ་དམ་པར་དམོད་སྨོད་བྱེད།།
དཔེ་མཁས་པའི་གཞུང་ཚིག་རྩེད་ཆས་བྱེད།།
དཔོན་བཟང་བོའི་བཀའ་དྲིན་མ་མཐོང་བས།།
ཁ་ནས་མི་དགོས་ཚིག་ངན་གཏམ།།
ལག་ནས་ཅི་བྱས་སྣ་འདྲེན་རེད།།
དྲིན་མ་ཤེས་ཆང་ལེན་ཆུ་ཡིས་འཇལ།།
འདི་མཐོང་ན་སྐྱོ་སེམས་ཟླ་བ་དེ།།
གྲང་ལྷགས་པའི་ཁྲོད་ནས་འཁུན་སྒྲས་ཁེངས།།
གཞན་ཉིན་མཚན་རྩེད་མོའི་ལས་ལ་གཡེངས།།
བློ་རྒོད་པོ་རྒྱ་ཡན་བཏང་བཏང་ནས།།
དཔལ་ཡོན་ཏན་ནོར་བུ་བཟང་བོ་དེ།།
སྦྱངས་དཀའ་བར་གདམས་པ་ཅི་ལ་འཐད།།
དབུགས་ལྒང་བུ་ཁྱེར་ཏེ་སྤང་ལ་རྩེད།།
སྤང་ནེའུ་གསིང་ས་དང་རྡུལ་དུ་དཀྲུགས།།
གོང་མཁའ་ལ་ལྡིང་བ་དབུགས་ལྒང་རེད།།
མར་ས་ལ་འདྲིལ་བ་དབུགས་ལྒང་རེད།།
དབུགས་ལྒང་མི་ལེ་བསམ་རྒྱུ་མེད།།
དེ་བས་སྐྱོ་ངག་མཚོ་རླབས་དེ།།
མིག་མཆིལ་མའི་ཚུལ་གྱིས་དྲག་ཏུ་འཕྱོ།།
དེའི་ཕྱིར་ན་གཞོན་དུས་ནས་བཟུང་།།
དོན་ཆེན་པོ་བསྒྲུབས་པ་ཡིན་ཡང་རུང་།།
ཡུལ་ཕ་མའི་དྲིན་ལན་ཡིན་ཡང་རུང་།།
གང་ལྟར་སློབ་ལ་བརྩོན་པ་ཡི།།
དགེ་བའི་བཤེས་ལ་གོང་བཀུར་དང་།།
རང་མཉམ་གྲོགས་ལ་མཐུན་སྒྲིལ་གྱིས།།
ཤེས་རིག་པའི་ཆུ་གཏེར་ཆེན་པོ་ལ།།
བརྩོན་ཧུབ་ཁ་ཆེན་པོས་བཏུང་བར་རིགས།།