སྐྱ་རེངས་ཀྱི་འབོད་བརྡ།
སྐྱ་རེངས་ཀྱི་འབོད་བརྡ།
དམའ་འབྲིང་གསུམ་པའི་འཛིན་གྲྭ་བཞི་བ། གསེར་གཞུང་ཐང་མགོན་པོ་སྐྱབས།
ཀ་མད་སུམ་ཅུའི་རྐང་ལག་དུམ་བུ་རུ་བཅག་ཅིང་།།
ཁ་བ་ཅན་གྱི་ལ་རྒྱ་རྨེག་མེད་དུ་གཏོང་ལ།།
ག་རུ་བསྡད་ཀྱང་རང་མགོ་རང་ཉིད་ཀྱིས་གཡོགས་པ།།
ང་ཡིས་བསམས་ན་གངས་ཕྲུག་མ་རབས་ཀྱི་སྤྱོད་པ།།
ཅ་ཅོའི་གཏམ་ལ་གཡེང་བ་ཐལ་དྲགས་སུ་འདུག་ཅིང་།།
ཆ་ལུགས་ཡ་མ་གཟུགས་ཀྱི་གོམས་གཤིས་ནི་འདུག་པའི།།
ཇ་ཆང་ཁོ་ནར་སྤྲོ་བའི་མདོ་མེད་ཀྱི་གཅེས་ཕྲུག །
ཉ་མོའི་ཚོགས་བཞིན་མང་བའི་བོད་རིགས་ཀྱི་ངོ་ཚ།།
ཏ་ཐ་ག་དའི་གསུང་རབ་བློ་ཐོག་ལ་ངེས་ཀྱང་།།
ཐ་ཤལ་མི་ལ་བློ་གཏོད་ཡུན་རིང་དུ་བྱེད་ལ།།
ད་ལྟའི་ཚན་རིག་ལག་རྩལ་དྲི་ཙམ་ནི་མེད་པ།།
ན་མཉམ་བོད་རིགས་སྤུན་ཟླའི་གོལ་ལམ་དུ་སྣང་ངོ་།།
པ་ཏྲ་ལྟ་བུའི་རིག་གཞུང་སྣ་མང་དུ་འདུག་ཀྱང་།།
ཕ་བཟང་བུ་ཞེས་སྟོང་གཏམ་ཁོ་ན་ཞིག་བཤད་ལ།།
བ་གླང་ཇི་བཞིན་ཤེས་བྱ་ཕྲན་ཙམ་ཡང་དཀོན་པ།།
མ་གཅིག་དེང་རབས་བོད་པ་ཁྲི་འབུམ་གྱི་སྡུག་བསྔལ།།
ཙ་གེ་ཙིག་གེར་སྤྱོད་དགོས་ངན་རུལ་དུ་གྱུར་ལ།།
ཚ་གྲང་བཀྲེས་སྐོམ་མྱོང་བའི་སྤོབས་པ་ཞིག་མེད་ཅིང་།།
ཛ་དྲག་འགྲན་རྩོད་ཅན་ལས་ལན་མང་དུ་ཕམ་པ།།
ཝ་པགས་མགོ་ལ་གྱོན་པའི་མི་རིགས་འདིའི་རྨོངས་དད།།
ཞ་སྨྱུག་ལྕགས་སྨྱུག་མང་བོ་ལག་ནང་དུ་ཐོགས་ཀྱང་།།
ཟ་བའི་དོན་ལས་ཡིག་འབྲུ་གཅིག་རང་ནི་མི་མཁྱེན།།
འ་ཅག་རང་མཐོ་ཆེ་བའི་བླུན་རྨོངས་ཀྱི་ཚོགས་ཀྱིས།།
ཡ་རབས་སྔོན་ཐོན་ཅན་ལ་སློབ་སྦྱོང་ནི་བྱ་འོས།།
ར་རིའི་དྲི་མས་སྦགས་མེད་རང་རིགས་ཀྱི་ཕ་སྐད།།
ལ་ཐོད་དམར་བོ་བཅིངས་པའི་སྲོང་བཙན་གྱི་དུས་ནས།།
ཤ་རུས་གདུང་གཅིག་བོད་ཀྱི་སྤྱི་སྐད་དུ་འདུག་པས།།
ས་ཕྱོགས་ཀུན་གྱིས་ཕ་སྐད་གཙང་མ་ལ་འབད་རོགས།།
ཧ་ཧ་ཀུ་རེའི་རྩེད་མོ་རྩེད་དགའ་རུ་འདུག་པའི།།
ཨ་མ་གཅིག་ལས་མཆེད་པའི་གངས་ཅན་གྱི་ཚོགས་ཀྱིས།།
ཧ་ལས་གནད་དོན་འདི་གར་ཤེས་རྟོགས་རང་བྱས་ནས།།
ཨ་མའི་བུ་རྒོད་ཡིན་པའི་བདེན་དཔང་ཞིག་བྱེད་རོགས།།