བརྗེད་རྒྱུ་མེད།
བརྗེད་རྒྱུ་མེད།
མཐོ་འབྲིང་གཉིས་པའི་འཛིན་གྲྭ་གསུམ་པ། མཚོ་བཀྲ་ཤིས་ཚེ་རིང་།
རི་མགོ་དར་ལྕོག་ཅན་ཞིག་བརྗེད་རྒྱུ་མེད།།
སྤང་ལྗོངས་ན་ཧྲུག་ཅན་ཞིག་བརྗེད་རྒྱུ་མེད།།
ཆུ་བོ་ཟམ་པ་ཅན་ཞིག་བརྗེད་རྒྱུ་མེད།།
རང་ས་རང་ཡུལ་ཡིད་ན་རི་མོ་བཞིན།།
ཁང་མིག་དགུ་ཚིགས་ཅན་ཞིག་བརྗེད་རྒྱུ་མེད།།
ལྷས་ར་མཁར་ཆག་ཅན་ཞིག་བརྗེད་རྒྱུ་མེད།།
རྐང་ལམ་སྦྲུལ་ནག་འདྲ་ཞིག་བརྗེད་རྒྱུ་མེད།།
རང་ཁྱིམ་དྲོན་མོའི་ཆགས་དབྱིབས་གསལ་ལྷང་ངེར།།
འབྲི་མོ་ལག་རྩིད་ཅན་ཞིག་བརྗེད་རྒྱུ་མེད།།
མ་མོ་གཉིས་ལུག་ཅན་ཞིག་བརྗེད་རྒྱུ་མེད།།
རྒོད་མ་རྔ་རྔོག་ཅན་ཞིག་བརྗེད་རྒྱུ་མེད།།
དཀར་ནག་ཕྱུགས་རིགས་ཡིད་ནས་བོར་མ་མྱོང་།།
ཞལ་ན་མཛེས་ཀོང་ཅན་ཞིག་བརྗེད་རྒྱུ་མེད།།
ངག་ན་གཞས་ཆུང་ཅན་ཞིག་བརྗེད་རྒྱུ་མེད།།
ལུས་ན་གར་སྟབས་ཅན་ཞིག་བརྗེད་རྒྱུ་མེད།།
ཆུང་དུས་རྫི་རོགས་བུ་མོ་བརྗེད་མ་བྱུང་།།
རྟ་སྒ་ཀོ་བཏུམས་མ་དེ་བརྗེད་རྒྱུ་མེད།།
སློག་པ་ཚི་དྲེག་ཅན་དེ་བརྗེད་རྒྱུ་མེད།།
ལམ་རྒྱགས་སྦྲང་དཀར་རྩམ་པ་བརྗེད་རྒྱུ་མེད།།
ལོ་ཆུང་བྱིས་པའི་དུས་དེ་ཨ་རེ་སྐྱིད།།
སྦལ་བ་ན་ནས་ལྡིང་བ་བརྗེད་རྒྱུ་མེད།།
ཕྱི་བ་ཁུང་ནས་བུད་པ་བརྗེད་རྒྱུ་མེད།།
ནོར་འཛིན་ཁ་དོག་འགྱུར་བ་བརྗེད་རྒྱུ་མེད།།
ཁུ་ལོ་སླེབས་པའི་དུས་དེ་བརྗེད་རྒྱུ་མེད།།
མེ་ཏོག་ཁྲ་ཆིལ་བཞད་པ་བརྗེད་རྒྱུ་མེད།།
འབྲུག་གྲགས་ཆར་བ་བབས་པ་བརྗེད་རྒྱུ་མེད།།
སྒོ་ཕྱུགས་འཚོ་སྐྱོང་བྱས་པ་བརྗེད་རྒྱུ་མེད།།
སྐྱིད་པའི་དབྱར་ཟླ་ནམ་ཡང་བརྗེད་མི་སྲིད།།
ཁྲུང་ཁྲུང་ལྷོ་རུ་བཞུད་པ་བརྗེད་རྒྱུ་མེད།།
སྤང་ལྗོངས་ཁ་མདོག་ཤོར་བ་བརྗེད་རྒྱུ་མེད།།
འབྲོག་པར་ཁོམ་ལོང་ཆེ་བ་བརྗེད་རྒྱུ་མེད།།
བརྗེད་རྒྱུ་མེད་པའི་དུས་འདི་སྐྱིད་པ་ལ།།
ཁ་བའི་འདབ་མ་འཐོར་བ་བརྗེད་རྒྱུ་མེད།།
ཆུ་མོར་དར་ཟམ་ཆགས་པ་བརྗེད་རྒྱུ་མེད།།
གྲང་རླུང་ཤུར་ཤུར་གཡུགས་པ་བརྗེད་རྒྱུ་མེད།།
དགུན་གསུམ་རྒྱ་སྟག་ངར་མ་འཇིགས་ཆེའང་།།
སྦྲ་ནག་ཆོན་ཐག་བརྒྱངས་པ་བརྗེད་རྒྱུ་མེད།།
ས་ཐབ་གསུམ་འཛུགས་ཅན་དེ་བརྗེད་རྒྱུ་མེད།།
མར་ཆུར་རི་ལྟར་བརྩིགས་པ་བརྗེད་རྒྱུ་མེད།།
ཕ་ཁྱིམ་དྲོན་མོ་སེམས་དང་བྲལ་མ་མྱོང་།།
ལག་ན་མངར་ཟས་མོད་པ་བརྗེད་རྒྱུ་མེད།།
གདོང་ན་འཛུམ་གྱིས་ཕྱུག་པ་བརྗེད་རྒྱུ་མེད།།
བུ་ཕྲུག་སྙིང་ན་བརྩེ་བའི་བྱམས་ལྡན་མ།།
ཨ་མ་ཨ་མ་སེམས་པའི་གཏིང་ནས་དྲན།།