ཀླུ་འགྲམ་གྱི་མཛའ་གཞས།
ཀླུ་འགྲམ་གྱི་མཛའ་གཞས།
མཐོ་འབྲིང་དང་བོའི་འཛིན་གྲྭ་གཉིས་པ། རྔ་བཀའ་འགྱུར་སྐྱབས།
སྔོན་བསགས་ལས་ཀྱི་བག་ཆགས་ཟབ་པས་དལ་འབྱོར་མི་ཡི་ལུས་རྟེན་རྙེད།།
ལེ་དབར་སྟོང་གི་ཕ་རོལ་ཆོད་ཀྱང་ལས་སྐལ་བདག་མོས་ལྷན་དུ་བསྡུས།།
ལྔ་རིག་ལྷ་མོའི་སྙན་དབྱངས་གྱེར་དུས་ཀླུ་འགྲམ་བུ་མོ་སྒེག་ལྡན་མས།།
ཟུར་མིག་སེམས་ཀྱི་རྣོ་ངར་མདའ་མོ་བུ་ངའི་སྙིང་ལ་ཐོག་མར་འཕངས།།
ཤེས་རིག་མཚོ་མོ་ལྷོག་ལྷོག་འཁྱིལ་བའི་ལྔ་རིག་པདྨོའི་དགའ་ཚལ་ན།།
ལང་ཚོ་དཔལ་གྱིས་རབ་ཏུ་ཕྱུག་པའི་སྒེག་ལྡན་མཛངས་མ་མང་མོད་ཀྱང་།།
དམར་ཆུང་བྱུ་རུའི་མཁུར་ཚོས་ཅན་གྱི་ཀླུ་འགྲམ་བུ་མོའི་བཞིན་མཐོང་ཚེ།།
ཁོ་བོའི་གདོང་གི་ཉམ་ཆུང་མིག་ཟུང་བཙུམ་པའི་སྐལ་བ་ཡོད་མ་བྱུང་།།
ལྷིང་འཇགས་མཚན་མོར་ཟླ་འོད་ལྷ་མོས་མུན་པའི་ཡོལ་བ་ཕྱེ་བའི་ཚེ།།
དྲན་གདུང་སེམས་ཀྱི་ན་ཟུག་རྒོད་པའི་ཁེར་རྐྱང་བུ་ལོ་འཁྱམ་པོ་ངས།།
མིག་ཟུང་འདབ་མ་ཡོངས་སུ་བཀྲོལ་བའི་ཀླུ་འགྲམ་བུ་མོ་སྒེག་ལྡན་མར།།
ཁ་པར་འཕྲིན་གྱི་སྐུད་ལམ་བརྒྱུད་དེ་སེམས་ཀྱི་ཡོད་ཚད་རླུང་ལ་བསྐྱོན།།
སྐྱེ་གཟུགས་ཚིགས་དྲུག་མདའ་ལྟར་དྲང་བས་ལྷ་མོའི་ཚོགས་ལ་འཕྱ་བར་བྱས།།
ཞལ་རས་བཅོ་ལྔའི་ཟླ་ལས་དཀར་བས་ཟླ་བའི་ལྷ་མོ་བརྙས་པར་བྱས།།
གཤིས་རྒྱུད་དར་དཀར་བལ་ལས་འཇམ་པས་སི་ཏ་ལགས་ཀྱང་སྐྱེངས་བར་བྱས།།
ཀླུ་འགྲམ་བུ་མོའི་མཛེས་པའི་དཔལ་དེ་འདོད་ལྡན་སུས་ཀྱང་ཐོབ་པར་གཞོལ།།
ལོ་ཟླའི་འགྱུར་བག་ཇི་ལྟར་རྒོད་ཀྱང་དུངས་པའི་མཚོ་མོ་མ་སྐམ་ན།།
སྐལ་བ་སྟོང་གི་ཆགས་འཇིག་ཡོད་ཀྱང་བརྩེ་འདང་རི་མོ་བསུབ་མི་འགྱུར།།
ཀླུ་ཆབ་སྔོན་མོའི་ལྷུང་ལྷུང་འབབ་རྒྱུན་རང་བྱུང་ཐན་པས་མ་སྐམ་ན།།
ཉམ་ཆུང་བདག་གི་བརྩེ་བའི་ས་བོན་སྐྱོ་གདུང་གིས་ཀྱང་མནར་མི་འགྱུར།།